མེ་ལྕེབ་ཕྱེ་མ་ལེབ།

བཀྲ་ཤིས།        2010-11-08

                         
                                        སྔོན་གཤེགས་དཔའ་བོ་ཞིག་རྗེས་དྲན་དུ།
མཚན་མོའི་བླ་བྲེས་རྒྱན་དུ་བཀླུབས་པའི་གསེར་ལྡན་སྒེག་མོའི་ཕང་བ་རུ།།
སྟོབས་ཞན་གཤོག་འདབ་ངལ་མེད་བརྐྱངས་ཏེ་ཕྱོགས་བཅུར་འཕུར་ལྡིང་ལ་བྲེལ་ཞིང།།
མུན་པ་སྟུག་པོའི་འཁོར་མོ་ཡུག་ཏུ་ཚ་ཟེར་འོད་ཕུང་དོན་གཉེར་བ།།
སྨག་རུམ་རྨོངས་པས་མགོ་བོ་འཐོམས་པར་བདེན་དོན་འཚོལ་བའི་ཕོ་ཉ་ལགས།།
སྒྱུ་མའི་ཕུང་པོ་རྣོ་དབལ་མེ་ལྕེས་རྡུལ་དུ་བརླགས་ཀྱང་འགྱོད་མེད་ཀྱིས།།
གཤོག་འགྱུར་འཁོར་ལྡིང་གར་གྱིས་རྩེན་པ་བླུན་པོ་མཐར་ཐུག་ཅིག་གོ་ཞེས།།
འཕྱ་སྨོད་ཚིག་རྩུབ་མཆི་མའི་ཐིགས་ཕྲེང་གང་གི་རྒྱབ་ཏུ་མ་སྤུངས་དང་།།
རྩལ་དགུ་རྫོགས་ཀྱང་ལྟོ་གོས་ཁོ་ནས་མི་ཚེ་འདས་པར་ཡིད་སྨོན་ཅི།།
མཚན་སྙན་བ་དན་དགུང་དུ་འཕར་བའི་བྱ་རྒྱལ་རྒོད་པའི་མཐུ་སྟོབས་བྲལ།།
ཕྱིས་སུ་ཅི་འབྱུང་ལུང་དུ་བསྟན་པའི་ཁྭ་ཏ་ནག་པོའི་རིགས་ལམ་མེད།།
ལེགས་དང་བཟང་ཞེས་གཡོ་ཟོལ་ལ་གོམས་གཞན་གསོས་བུ་མོའི་སྒེག་ཉམས་དབེན།།
བདེན་དོན་མེ་ལྕེ་གར་དུ་མཆིས་པ་དེ་ནི་མི་ཚེའི་དམིགས་འབེན་ལགས།།
  • ལེ་ཚན་སྔོན་མ།:སྐྱོ་ངལ་གྱི་སེམས་པ།
  • ལེ་ཚན་རྗེས་མ།:དྲང་བདེན་ལམ་ལ་སྐུལ་བའི་གཏམ།