ས་མཐའི་སྒྲོལ་མ།

དབུལ་ཤུལ་རང་བྱུང་།        2010-11-08

རྩྭ་ཐང་གི་ནོར་ཁྱུ་དང་སྦྲ་ནག་གི་དྲོད་ཁོལ་བསྐྱུར་ཏེ།
གྲོང་ཁྱེར་གྱི་ཐུ་འོག་ལ་བཅར་བའི་སྒྲོལ་མ།
ཕ་མའི་བྱམས་བརྩེ་དང་ན་ཟླའི་ཞེ་འདང་ལ་གྱེས་ཏེ།
ཁེར་རྐྱང་གི་འགྲུལ་བཞུད་ལ་ཞུགས་པའི་སྒྲོལ་མ།
 
ཁྱོད་ཀྱི་མི་ཚེ་མཚན་མོའི་ཆང་ཁང་ནས་སྐྱེལ་དུས།
ཁྱོད་ཀྱི་མདུན་ལམ་མི་ཁའི་འཚུབ་རླུང་ལ་བསྐྱོན་དུས།
ས་མཐའི་སྒྲོལ་མ།
ཁྱོད་ནི་འཁྱམ་པོ་ཚོའི་མུན་ཁྲོད་ཀྱི་རྩེད་ཆས་ནག་པོ་དེ་ཡིན།
 
བཞོ་ཟེའུ་དང་བཞོ་གཟུང་འབྲོག་ཐང་ནས་བོར་སོང་།
སླེ་པོ་དང་འུར་ཆ་ལྷས་འདབས་ནས་འཕང་སོང་།
ཕ་ཡུལ་དང་གཉེན་ཉེ་བོར་བའི་སྒྲོལ་མ།
བརྩེ་དུང་དང་ཁ་དན་བརྗེད་པའི་སྒྲོལ་མ།
 
ཁྱོད་ཀྱི་རང་ལུས་གཙང་མ་དངུལ་སྒོར་ལ་བརྗེ་དུས།
ཁྱོད་ཀྱི་རང་སེམས་དམར་པོ་འགྱོད་ཕམ་གྱིས་གཟིར་དུས།
ས་མཐའི་སྒྲོལ་མ།
ཁྱོད་ནི་མི་ཚོགས་ཀྱི་རྡོག་འོག་ན་འཚོ་བའི་རྡོ་བ་དེ་ཡིན།
 
ས་མཐའི་སྒྲོལ་མ།
གད་སྙིགས་ཀྱིས་གཡོགས་པའི་ལས་དབང་དེ་དོར་དང་།
ཁྱོད་ནི་སུ་ཞིག་གི་ཡུན་རིང་བོར་བའི་སྙིང་ཤ་ལོག་ལོག་དེ་ཡིན་ངེས།
  • ལེ་ཚན་སྔོན་མ།:སྙན་ངག་པ་ནམ་ཡང་བཞུད་མི་སྲིད།
  • ལེ་ཚན་རྗེས་མ།:སྐྱོ་ངལ་གྱི་སེམས་པ།