ཁམས་པའི་ཡུལ་དུ་བཞད་པའི་འཛུམ་མདངས།

ཨུ་རྒྱན་དོན་གྲུབ།        2012-11-06

ཁམས་པའི་ཡུལ་དུ་བཞད་པའི་འཛུམ་མདངས།
 

གངས་རིའི་མུ་ཁྱུད་ཀྱིས་ཡོངས་སུ་བསྐོར་བའི་བསིལ་ལྡན་བོད་ཀྱི་ལྗོངས་འདི་ཉིད་ད་ལྟའི་བར་ས་སྒང་ཧྲིལ་པོ་འདིའི་སྟེང་དུ་འཚོ་གནས་ཐུབ་པ་དང་།ཉེ་རབས་ཀྱི་འཛམ་གླིང་གི་མཁས་བླུན་བགྲང་གིས་མི་ལངས་བ་ཞིག་གིས་བོད་ཀྱི་རིག་གཞུང་ཞེས་གཙིགས་ཆེན་བྱས་ཏེ་དེར་ཞིབ་འཇུག་དང་རྒྱུས་ལོན་གྱི་གནས་སུ་གྱུར་ཡོད་པ་འདི་དག་ནི་སྔོན་བྱོན་ལོ་པཎ་བཀའ་དྲིན་ཅན་སོགས་མཁས་གྲུབ་རིམ་བྱུང་གི་ཐུགས་རྗེའི་འོད་ཟེར་ཉག་གཅིག་ལས་བྱུང་བ་ཡིན་པ་མ་ཟད་འབྱུང་འགྱུར་མི་རིགས་འདི་ཉིད་འཕེལ་རྒྱས་ཀྱི་ལམ་བུ་བརྒྱུད་པ་ལའང་མེད་ན་ཐབས་ཆག་པ་ཡོད་ན་དེས་ཆོག་པ་ནི་བོད་ཀྱི་སྐད་ཡིག་རིག་གནས་ལ་བརྟེན་དགོས་པ་ནི་ལོ་རྒྱུས་ཀྱི་ཉམས་མྱོང་སོགས་ལས་མིག་མཐོང་ལག་ལ་ཟིན་པའི་བདེན་དཔང་རྙེད་ཐུབ་པ་དེ་དག་ལགས་ཤིང་།དེ་ཡང་རྩོམ་རིག་ནི་བོད་ཀྱི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་མ་ཟད་རང་རེའི་སྔོན་གྱི་མཁས་དབང་རིམ་བྱོན་ཁྲོད་ནའང་རྩོམ་རིག་ཕྱོགས་ལ་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་བགྲང་ལས་འདས་པ་ཞིག་བྱུང་མྱོང་བ་དང་།ལྷག་པར་དུ་དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུ་པ་ནས་བཟུང་འཛམ་གླིང་གི་ས་ཆ་སོ་སོའི་རྩོམ་རིག་གི་འཕེལ་ཕྱོགས་དང་བསྟུན་ནས་རང་རེའི་བོད་ཀྱི་རྩོམ་རིག་ལའང་ཚེ་སྲོག་གསར་པའི་ཟུངས་ཁྲག་གི་གསོན་ཤུགས་ཀྱིས་ཀུན་ནས་བརྟས་ཏེ་ལང་ཚོ་གསར་བ་ཞིག་གི་ཟིལ་ཤུགས་ངོམ་པས་བོད་ཁམས་ཀྱི་ས་ཆ་སོར་རྩོམ་རིག་སྟེགས་བུ་མང་པོ་ཞིག་གསར་བསྐྲུན་བྱས་པས་རྩོམ་པ་པོའང་ཆར་རྗེས་ཀྱི་མེ་ཏོག་བཞིན་ལྷམ་མེར་བཀྲ་ཡོད་ལ།དེ་ལས་བོད་ཁམས་ཀྱི་རྩོམ་རིག་གི་ལྡུམ་རའི་ཁྲོད་ཀྱི་སེར་ཆེན་མེ་ཏོག་ལྟ་བུའི་རང་ས་ནས་རང་གི་ཚོད་ཀྱིས་གཟི་འོད་ལམ་ལམ་དུ་འཕྲོ་བའི་རྩོམ་རིག་གི་གར་སྟེགས་ཆུང་ཆུང་ཞིག་མཆིས་པ་ནི་དཀར་མཛེས་གསར་འགྱུར་ཁང་གི་ཟླ་འཁོར་ཚགས་པར་ཏེ༼ཁམས་པའི་འཛུམ་མདངས༽རེད།འདི་ནི་རིགས་ཞེན་གྱི་ཟུངས་ཁྲག་བྱང་ཁོག་གི་སྟོད་ན་འཁྱིལ་ཞིང་རིག་གནས་ལ་དུངས་བའི་འདུ་ཤེས་རྒྱ་མཚོ་ལས་ཟབ་པའི་དཀར་མཛེས་གསར་འགྱུར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་སྐུ་ཞབས་དཀོན་མཆོག་རྡོ་རྗེ་ལགས་དང་བཅས་པའི་དབུ་ཁྲིད་རྣམས་ཀྱི་ཐུགས་བསྐྱེད་དང་ལྷག་བསམ་གྱི་ནུས་མཐུ་ཉག་གཅིག་ལས་རྐང་ཚུགས་ཤིང་།ཁ་ཡོད་ལག་ཡོད་ཀྱི་མཁས་འཇོན་ནུས་གསུམ་གྱི་སྐྱེན་རྩལ་འཛོམས་ཤིང་ཕུགས་རེ་ལྡན་པའི་རྩོམ་སྒྲིག་པ་དག་གི་རོགས་འདེགས་ལ་བརྟེན་ཏེ་བཀྲ་ཤིས་དགེ་བའི་མཚན་མ་འབུམ་གྱིས་ཕྱུག་ཅིང་བདེ་ལེགས་ཕུན་ཚོགས་ཀྱི་གཟའ་སྐར་མཁའ་ལ་བཀྲ་བའི་ཉིན་མོ་ཞིག་སྟེ་སྤྱི་ལོ༢༠༠༣ལོའི་ཟླ་དང་པོའི་ཚེས་༣༠ཉིན་དངོས་སུ་དབུ་བརྙེས་ཤིང་རྩོམ་རིག་གི་སྟེགས་བུ་ནས་ལམ་ལ་ཆས་བའི་འགོ་བརྩམས།དེ་ལྟར་ཁམས་པའི་འཛུམ་མདངས་ཀྱིས་དཀའ་སྡུག་གི་ལོ་ཟླ་གང་མང་ཞིག་བརྒལ་ཏེ་ཡངས་བའི་དབྱིངས་རིམ་འགྲིམ་པའི་གླག་རྒོད་བཞིན་ཐོགས་རེག་བྲལ་བའི་མཁའ་ལམ་རྩལ་གྱིས་བཅད་དེ་ཁམས་ཀྱི་རི་ཆུའི་མཛེས་སྡུག་དང་འདས་མ་ད་གསུམ་གྱི་བྱུང་དང་འབྱུང་བཞིན་པའི་མི་སྣའི་སྣང་བརྙན་དང་།རྔམ་འཐུག་པའི་ཁམས་པའི་ཡུལ་སྲོལ་གོམས་གཤིས་དང་དམངས་ཁྲོད་རིག་གནས།སྔོན་ཐོན་གྱི་མགར་བའི་ལག་ཤེས་དང་བླུགས་རྐོའི་ལག་རྩལ།སྣོད་བཅུད་གཉིས་ཀྱི་འགྱུར་ལྡོག་གི་རྣམ་པ་སོགས་བོད་ཆེན་པོའི་ཁམས་ཕྱོགས་དང་འབྲེལ་བའི་རིག་གནས་ཀྱི་ཉིང་དགོས་དག་པར་ངོས་བཞིའི་རུམ་ལ་བཅུག་ནས་ཡངས་བའི་རྒྱལ་ཁམས་ཀྱི་ཁ་ཞེང་སྤོབས་པས་འཇལ་ཏེ་སྟོད་མངའ་རིས་ནས་བར་དབུས་གཙང་།སྨད་མདོ་ཁམས་ནས་རྒྱལ་ས་པེ་ཅིང་།རྒྱ་མཚོ་ཆེན་པོའི་གཡས་གཡོན་ན་གནས་ཤིང་ཉི་ཟླ་གཉིས་ལ་རེས་མོས་ལོངས་སུ་སྤྱོད་པའི་རིགས་མཐུན་སྤུན་ཟླ་སོགས་དབྱངས་གསལ་སོ་བཞིའི་འབྲི་མར་སེར་བོའི་ཞིམ་མངར་གྱི་རོ་བཅུད་ལ་རོལ་བཞིན་པའི་སྐྱེས་བུ་དག་གི་མིག་གི་དགའ་སྟོན་དང་ཡིད་སེམས་གསོས་པའི་དཔལ་དུ་སོང་མྱོང་ཡོད་ཨང་།
 

ཁམས་པའི་ཡུལ་དུ་བཞད་པའི་འཛུམ་མདངས།
 

ང་ཚོས་ཡང་དག་པའི་བྱེད་ཕྱོགས་དང་ཁ་ཕྱོགས་རྒྱུན་འཁྱོངས་བྱས་པས་ཁམས་པའི་འཛུམ་མདངས་བཞུད་ལམ་གྱི་ཞབས་རྗེས་རེ་རེས་བོད་ཀྱི་རིག་གནས་ཀྱི་བང་མཛོད་དུ་འོད་ཐིག་གོར་མོ་རེ་རེ་བསྩལ་པས་ཤེས་ལྡན་པ་མང་པོས་གོང་དུ་བཀུར་ཞིང་མཚར་དུ་བཟུང་སྟེ་གདེང་འཇོག་ཕུན་སུམ་ཚོགས་པ་གནང་།དེ་རིང་ནི་ཁམས་པའི་འཛུམ་མདངས་བོད་ཀྱི་རྩོམ་རིག་གི་སྟེགས་བུ་རུ་འགྲེང་ནས་བགྲང་བྱ་ཧྲིལ་པོ་བརྒྱད་ལྷག་གི་གསེར་མདོག་གི་དུས་ཚོད་བརྒལ་ནས་སྤྱིའི་འདོན་ཐེངས་བརྒྱ་ལ་འཁོར་བའི་སྐལ་བཟང་རྫོགས་ལྡན་གྱི་ཉིན་མོ་དེ་ཚེས་ལ།ད་ལྟའི་བར་དུ་ཁམས་པའི་འཛུམ་མདངས་ཀྱི་པར་ངོས་དང་པོར་ཁམས་ཕྱོགས་ཀྱི་མཛད་རྗེས་ཅན་གྱི་ཕུལ་བྱུང་གི་མི་སྣ་དང་མཁས་དབང་སོགས་གཙོར་བྱས་ཏེ་བོད་མདོ་དབུས་ཁམས་གསུམ་གྱི་མི་སྣ་བརྒྱ་ལ་ཉེ་བ་ཞིག་གི་མཛད་འཕྲིན་དང་བྱས་རྗེས་སོགས་ངོ་སྤྲོད་བྱས་ཤིང་།པར་ངོས་གཉིས་པར་སྔོན་བྱོན་མེས་པོ་དག་གི་རྣམ་དཔྱོད་ཀྱི་བློ་གྲོས་ལས་འཁྲུངས་ཤིང་ད་ལྟ་དུས་ཀྱི་དབང་གིས་མི་མཐོང་བྱེ་མའི་ཕུང་པོ་རུ་ནུབ་ལ་ཉེ་བའི་དམངས་ཁྲོད་དུ་ལུས་པའི་ལག་ཤེས་དང་བཟོ་རྩལ་སོགས་སྔོགས་འདོན་དང་དར་སྤེལ་གྱི་ལས་འགན་གཙོ་བོར་བཟུང་ནས་རྒྱུན་སྐྱོང་བཞིན་ཡོད་ལ།པར་ངོས་གསུམ་པ་ནི་གཙོ་བོ་རྩོམ་པ་པོ་སྐྱེད་སྲིང་གི་དམིགས་ཡུལ་གཙོ་བོར་བཟུང་ནས་བཅད་ལྷུག་སོགས་ཀྱི་རྩོམ་རིག་གི་རྣམ་པ་སྤེལ་མུས་སུ་ཡིན་ལ་དེ་ནི་གཞོན་སྐྱེས་རྩོམ་པ་པོ་སྐོར་ཞིག་འཚར་ལོངས་བྱུང་སའི་སྟེགས་བུ་རུ་གྱུར་ཡོད།པར་ངོས་བཞི་པ་ནི་གཙོ་བོ་ཁམས་ཀྱི་རི་བོའི་བརྗིད་ཆགས་ཀྱིས་འགྱིང་སྟབས་དང་ཆུ་ཀླུང་འཇིགས་རྔམས་ཀྱིས་བཞུར་སྟངས།ཡུལ་གྲུ་ལྷུན་ཆགས་ཀྱིས་གནས་སྟངས་ཏེ་ཁམས་པའི་སྣོད་བཅུད་ཀྱི་ཆགས་ཚུལ་སོགས་པར་ཆས་གྱི་འཕྲུལ་རྩལ་ལ་བརྟེན་ནས་སྐྱེ་དགུའི་མིག་གི་དགའ་སྟོན་དུ་བཀྲམ་ཡོད་ལ།ཁམས་པའི་འཛུམ་མདངས་བགྲོད་ཟིན་པའི་རྐང་ལམ་ལ་ཕྱི་མིག་གིས་བལྟས་ཚེ་དེ་ནི་རིགས་མཐུན་ལྷག་བསམ་ཆེ་ཞིང་ཤེས་ཁོག་ཡངས་བའི་མཁས་དབང་རྒན་རབས་པ་ཁག་ཅིག་དང་རིགས་ཞེན་གྱི་ཟུངས་ཁྲག་སྙུག་རྩེ་ནས་བཞུར་བཞིན་པའི་རང་རེའི་རྒྱ་ཆེའི་གཞོན་རབས་སྙུག་ཐོགས་པ་དག་གིས་ཆུ་ལུད་དྲོད་གསུམ་གྱི་དགོས་མཁོ་བསྩལ་བའི་ཐུགས་རྗེའི་དྲོད་ཁོལ་ཁོ་ནར་བརྟེན་ནས་དེ་རིང་གི་ཁམས་པའི་འཛུམ་མདངས་ཀྱི་སྐྱེ་སྟོབས་འདི་རྒྱས་པས་མཁས་དབང་རྒན་རབས་པ་དང་གཞོན་རབས་སྙུག་ཐོགས་པ་དག་ལ་ལག་པའི་སྙིམ་པ་བྲང་ཁར་སྦྱར་ཞིང་འདས་པའི་དུས་ཀྱི་རྒྱབ་སྐྱོར་ལ་ཐུགས་རྗེ་ཆེ་ཞུ་བ་དང་།ད་ལྟའི་དུས་ཀྱི་ཁམས་པའི་འཛུམ་མདངས་ཀྱི་གནས་བབས་ལ་ཐུགས་ཁུར་གནང་སྟེ་མ་འོངས་པར་ཁམས་པའི་འཛུམ་མདངས་ཀྱི་བགྲོད་ལམ་ལ་མཛུབ་སྟོན་གནང་རྒྱུའི་རེ་སྨོན་ནན་གྱིས་ཞུས་བ་ཡིན། །
 

  • ལེ་ཚན་སྔོན་མ།:གངས་སེང་གི་ངར་སྐད་དཔེ་རུ་འཛིན་པའི་གླུ་དབྱངས།
  • ལེ་ཚན་རྗེས་མ།:རི་བོ་ཧི་མ་ལའི་བསྟན་བཅོས་ཞེས་བྱ་བ་བཞུགས་སོ།།