འཇིག་རྟེན་རིལ་མོའམ་ཟླུམ་པོ།
དགེ་འདུན་ཆོས་འཕེལ། 2011-05-24
སྔོན་གྱི་གླིང་ཡོ་རུབ་ཀྱི་ཡུལ་རྣམས་ན་ཡང་མ་བརྟག་པའི་སེམས་ཀྱི་འཆར་ཚུལ་ བཞིན་འཇིག་རྟེན་འདི་ལེབ་ལེབ་ཡིན་པ་ཤ་སྟག་ལས། རིལ་བོ་ཡིན་ཞེས་སྨྲ་མཁན་ གཅིག་ཀྱང་མེད། ཡུལ་སོ་སོའི་ཆོས་ལུགས་རྙིང་བ་ཐམས་ཅད་ནའང༌། འཇིག་རྟེན་ལེབ་ལེབ་ཡིན་བྱ་བ་ཤ་སྟག་ལས། རིལ་རིལ་ཡིན་བྱ་བ་ཡེ་ནས་མེད། དེའི་ཕྱིར་དང་ པོར་རིག་པ་ཅན་འགའ་ཞིག་གིས་རིལ་རིལ་ཡིན་སྨྲས་ཚེ། གསོན་པོར་མེ་ལ་བསྲེགས་པ་སོགས་གཏམ་དེ་མི་འཕེལ་བའི་ཐབས་ཁོ་ན་བྱས། འོན་ཀྱང་མཐར་རིག་པ་བདེན་པའི་གཟི་བརྗིད་མ་བཟོད་པར་ཐམས་ཅད་ཀྱིས་རིལ་རིལ་དུ་ཡིད་ཆེས་པ་འདི་བྱུང༌། ད་ལྟ་ནི་རིལ་རིལ་ཙམ་དུ་མ་ཟད་འཇིག་རྟེན་འདི་ནང་གི་དཔག་ཚད་བཞི་ལྔ་ཙམ་གྱི་གླིང་ཕྲན་ཙམ་ཡང་མ་ལུས་པར་རྒྱ་ཆེ་ཆུང་འདོམ་དང་ཁྲུའི་ཚད་ལ་བརྒྱབ་པ་ཡང་ གཏན་ལ་ཕབ་པས་ཡུལ་ཆེན་དག་ན་མཁས་པ་སུ་ལ་དོགས་པ་ཙམ་ཡང་མེད། སིངྒལ། འབར་མ། སེ་ལན། རི་པིན་སོགས་ཀྱི་ནང་པ་སངས་རྒྱས་པ་ཀུན་ཀྱང་རིལ་རིལ་མི་བདེན་ཟེར་མཁན་གཅིག་ཀྱང་མེད། འོན་ཀྱང་རང་རེ་བོད་དུ་ནི་ད་དུང་ཡང་མིན་པའི་ཕྱོགས་ལ་ཨུ་ཚུགས་བྱེད། ཁ་ཤས་ཕྱི་གླིང་པ་གྲུ་བཏང་ནས་རྒྱ་མཚོའི་ནང་དུ་མགོ་འཁོར་བ་ཡིན་སོགས་བྱིས་པ་སེམས་མེད་ཀྱི་གཏམ་སྨྲ། བློ་ལྡན་འགའ་རེས་ཁོང་དུ་ཆུད་ཀྱང་གཞན་གྱིས་ཁ་ཟེར་བ་ལ་འཇིགས་ནས་ཁ་ནས་བཤད་མི་ནུས་པར་སྡོད་པ་ཡང་མཐོང༌། ཡོ་རུབ་ཀྱི་མཁས་པ་རྒྱུ་མཚན་མངོན་སུམ་མ་མཐོང་བར་གང་ལ་ཡང་ཡིད་མི་ཆེས་པའི་མགོ་མཁྲེགས་མཐར་ཐུག་དེ་དག་གིས་ཀྱང་མིན་པའི་ཕྱོགས་ལ་སྡོད་མ་ནུས་པར་ཁས་བླངས་ཚར་ན། རང་རེའི་ཨུ་ཚུགས་འདིས་མཐའ་མི་འཁྱོལ་བ་སྨྲ་མ་དགོས། སངས་རྒྱས་ཀྱིས་ལེབ་ལེབ་དུ་གསུངས་པའི་ཕྱིར་བྱ་བ་འདིས་ནི་གཞན་སྡེ་ལུང་ཁས་མི་ལེན་པ་ལ་གནོད་པ་ཁབ་རྩེ་ཙམ་ཡང་མི་འཁྱོལ་བར་མ་ཟད། རང་སྡེ་ལུང་ཁས་ལེན་པ་ལ་ཡང༌། སངས་རྒྱས་ཀྱི་མདོ་ཕལ་ཆེར་སེམས་ཀྱི་བསམ་པ་དང་མཐུན་པར་གསུང་བས། འདི་ཡང་དྲང་དོན་གང་ཡིན་མི་ཤེས། སྟོང་ཉིད་དང་ཐར་བའི་ལམ་རིམ་ལྟ་བུའི་དོན་ཆེན་པོ་དག་ཀྱང་སེམས་ཅན་གྱི་བསམ་པ་བཞིན་དྲང་དོན་གྱི་སྒོ་སྣ་ཚོགས་སུ་གསུངས་ན་ཡང་སྣོད་བཅུད་ཀྱི་རྣམ་བཞག་འདི་འདྲ་ལ་སྨྲས་ཅི་དགོས། སངས་རྒྱས་ཞལ་བཞུགས་དུས་དགེ་སློང་རྣམས་ཀྱི་ཟས་ཟ་སྟངས་ཡུལ་དུས་དང་མི་མཐུན་པ་ཁྱིམ་པ་རྣམས་ཀྱི་སེམས་ལ་མི་འགྲོ་ཕྲན་བུ་རེ་བྱུང་བ་ལ་ཡང༌། དེ་འདྲ་མི་རུང་ཞེས་ཁྲིམས་བཅའ་བར་མཛད་ན། དེ་དུས་འཇིག་རྟེན་ཐམས་ཅད་ལས་ལེབ་ལེབ་ཡིན་ཞེས་རླུང་ལྟར་གྲགས་པས་སངས་རྒྱས་ཀྱིས་རིལ་རིལ་ཞེས་གསུངས་ཀྱང་སུའི་རྣ་བར་འགྲོ ནན་གྱིས་གསུངས་ཀྱང་དོན་ཅི་ཡང་མེད། རྫུ་འཕྲུལ་གྱིས་དངོས་སུ་བསྟན་ན་ཡང༌། དེང་སང་སྐྱེ་བོ་ས་ཡ་ཁྲག་ཁྲིག་གིས་མངོན་སུམ་དུ་གྱུར་པའི་སྐབས་སུ་ཡང༌། ད་དུང་རང་རེས་ཁོང་ཚོ་མགོ་འཁོར་བ་ཡིན་ཞེས་སྨྲ་བ་ལྟར། གོོ་ཏ་མའི་མིག་འཕྲུལ་ཡིན་བྱ་བ་ལས་ཡིད་ཆེས་པ་མི་འོང་ངེས། དེའི་རང་རེ་ཀུན་གྱིས་ཡི་གེ་ལས་མཐོང་བའི་འཇིག་རྟེན་དེ་ལས་མིག་གིས་མཐོང་བའི་འཇིག་རྟེན་འདི་ལ་ཡིད་ཆེས་ན་ལེགས་སོ། ། དྲང་པོ་དྷརྨའི་མིང་ཅན་ནས་བྲིས། །