ཐང་དཀར་རྒོད་པོ།

སྐལ་བཟང་ཐུབ་བསྟན་གྱིས།        2011-04-19


གནམ་འཕང་གཅོད་པའི་གཤོག་རྩལ་ཡོད་བཞིན་དུ་འབད་འཐབ་དྲག་པོའི་སྙིང་སྟོབས་གཏན་དུ་ཉམས་ནས་འཇིག་རྟེན་མིའི་འདྲེན་བྱེད་ཀྱི་ཡུལ་ལས་ཆེས་རིང་བའི་ཁུགས་ཀྱོག་ཅིག་ན་ཁུ་སིམ་མེར་འབྱུང་གཞིའི་ཁམས་སུ་ཐིམ་པ་དང་ཆབས་ཅིག  བདེན་དོན་ཞིག་གི་ཆེད་དུ་གནམ་གྱི་ཁ་ཞེང་ཇི་ལྟར་ཆེ་ཞིང་སྤྲིན་གྱི་བང་རིམ་ཇི་ལྟར་མཐུག་ཀྱང་དཔའ་ཉམས་ཀྱི་དབུ་འཕང་དབྱིངས་སུ་བཏེགས་ཏེ་རང་དབང་གིས་རྒྱལ་ཁམས་བསྐོར་བའི་ཉམས་མེད་ཀྱི་རང་གཤིས་དེ་ཡལ་སོང་ལ། ལེགས་ཉེས་བདེན་རྫུན་འབྱེད་པའི་ཐབས་ཤེས་ཀྱི་གཤོག་ཟུང་ཀུན་ཏུ་འཁུམས་ཤིང་དགེ་སྡིག་ཤན་འབྱེད་ཀྱི་ཤ་མིག་ཀྱང་ཡོངས་སུ་ཟིམ་སོང་།  ཐམས་ཅད་ཀྱི་ཐམས་ཅད་མཐུ་ཆེ་བའི་ལས་དབང་ཁོ་ན་ལ་རྨོངས་ཞེན་བྱས་ཏེ་ཐ་ན་གཡོ་འགུལ་ཙམ་བྱེད་པའི་རྩོལ་བ་ཡང་ཡོངས་སུ་དོར་བས་བགྲང་བྱའི་ཉག་མ་རེ་རེ་བཞིན་ཉན་བྱེད་ཀྱི་གཡས་གཡོན་དུ་འདས་ཤིང་འཕེལ་རྒྱས་ཀྱི་འགྱུར་ལྡོག་མང་པོ་ཞིག་ཀྱང་མིག་མདུན་དུ་ཤར་མོད་ཁྱེད་ལ་ཡི་ཆད་སེམས་ཕམ་དང་འབད་འཐབ་དོན་གཉེར་གྱི་བསམ་པ་ཞིག་ཡེ་ནས་དབེན་པ་འདྲ།   གཞན་གྱི་དུས་ངེས་མེད་ཀྱི་རོགས་སྐྱོར་སྐྱུག་བྲོ་བ་ཞིག་མིག་ཅེར་རེརེ་སྒུག་བྱེད་ཀྱི་ཡོད་དམ་འོན་ཏེ་རང་ཉིད་འཚོ་བར་ཡར་བརྩོན་གྱི་གསོན་འདོད་བྲལ་ནས་སྒྱིག་ལུག་གི་རང་གཤིས་ངན་པའི་ནང་ཁོག་འཛམ་གླིང་གི་སྐྱེ་འགྲོ་ཡོངས་ཀྱི་མདུན་དུ་བཤམས་འདོད་པ་ཡིན།    ཁ་ཆར་བུ་ཡུག་ལྷབ་ལྷུབ་ཏུ་འཚུབ་ཅིང་གྲང་རླུང་ངར་མ་འུར་འུར་དུ་ལྡང་བར་བཟོད་སྒོམ་གྱི་ནུས་པ་ཇི་ལྟར་ཆེ་ཡང་མཐོང་ཆུང་གི་མིག་མདངས་ལས་བྱམས་བརྩེའི་ཕྱག་ཟུང་གིས་སྐྱོང་བར་དཀོན།    ཁེར་རྐྱང་ངེར།   ཁུ་སིམ་མེར།   སྐྱོ་ཡེར་རེར།   སྟོང་སང་ངེར་སེམས་གཏིང་གི་འཇགས་ཐབས་བྲལ་བའི་བརྩེ་དུང་ཟབ་མོ་ཞིག་གམ་གནས་ལུགས་ཡང་དག་པ་ཞིག་མཚོན་འདོད་པ་ཡིན་ཡང་བགྲང་བྱ་བརྒྱ་སྟོང་དུ་མའི་རིང་ལ་བྱ་ཁྭ་ཏ་ཁ་སྐོམ་པའི་སུན་སྒྲ་དང་འགྲོགས་པ་ལས་སེམས་ཀྱི་གཅོང་ནད་སེལ་བའི་བདུད་རྩི་ཆར་ཐིགས་ཐར་ཐོར་ཙམ་ལས་མི་ཐོབ།  ནམ་ཞིག་འབྱུང་ལྔ་འཚོགས་པའི་རྟེན་འབྲེལ་ཞིག་འཛོམས་ཚེ་ཚེ་སྲོག་གི་དྭངས་མ་ལས་གྲུབ་པའི་རྣམ་ཤེས་ཤིག་དང་བསྡེབས་ནས་ཐེ་ཚོམ་སྤུ་ཙམ་མེད་པར་མཁའ་དབྱིངས་སུ་འཕུར་ཏེ་འཛམ་བུ་གླིང་ཀུན་ཁྱོད་ཀྱི་གཤོག་ཟུང་འོག་ཏུ་ནམ་ཞིག་ན་ཁེབས་ཐུབ་པ་འགྱུར་རམ། 
  • ལེ་ཚན་སྔོན་མ།:ཤོ་རྒྱག་རྒྱལ་སྐུགས་བྱ་བ་ཚར་བཅད་དེ། །རིགས་ཀྱི་ཡར་བསྐྱེད་སྙིང་སྟོབས་ཤུགས་ཀྱིས་གསོ། །
  • ལེ་ཚན་རྗེས་མ།:སློབ་གསོའི་ལས་དོན་གཙུག་ཏུ་བཀུར་བའི་དགེ་རྒན་ཚོར།