བུ་མོ་དབྱངས་གསལ་སྒྲོལ་མ།

ཆབ་རོམ།        2021-03-26

བུ་མོ། ཁྱོད་རང་དགུན་ཁའི་གྲང་ངར་དང་ཟུག་གཟེར་གྱི་ཁྲོད་ནས་མི་ཡུལ་ལ་མགྲོན་དུ་ཡོང་བ་ཡིན། ཁྱོད་རང་ཤིན་ཏུ་འཁྱགས་པའི་དུས་ཚིགས་ཤིག་ལ་ཤིན་ཏུ་འཁྱགས་པའི་སའི་གོ་ལའི་མཐོ་སྒང་གི་འབྲོག་ཁྱིམ་ཞིག་ཏུ་སྐྱེས་པ་ཡིན། ཁྱོད་རང་རབ་ཏུ་དྲོ་ཞིང་ཧ་ཅང་ཁོད་ཡངས་པའི་མི་ཡུལ་གྱི་འབྱོར་ལྡན་གྱི་ཁྱིམ་རྒྱུད་དུ་སྐྱེས་པ་མིན། ཤིན་ཏུ་གུ་དོག་ཅིང་རབ་ཏུ་འཁོས་ཞན་པའི་མི་ཡུལ་ལུང་པའི་མཐོ་སྒང་གི་མི་སེར་གྱི་ཁྱིམ་རྒྱུད་དུ་སྐྱེས་པ་ཡིན། ཡིན་ནའང་། ཁྱོད་རང་ཡིད་ཚིམ་པའི་དཔའ་གདེང་གིས་གནས་ཆོག་སྟེ། གངས་རི་དང་རྩྭ་ཐང་གིས་ནམ་ཡང་ཁྱོད་ལ་སྙིང་སྟོབས་དང་བདེན་པ་བསྩལ་ངེས།

བུ་མོ། ཉི་འོད་ཀྱི་ཟེར་མ་རེ་རེ་སྒེའུ་ཁུང་ལས་དལ་བུར་འཕྲོས་ཏེ་ཁྱོད་ཀྱི་འཕག་འཚག་རྒྱག་བཞིན་པའི་མཚར་ཉམས་ཀྱི་གདོང་ལ་ཕོག་དུས། ངའི་རེ་བའི་ས་བོན་གྱི་འབྲུ་དྲུག་གི་སྙེ་མ་རེ་རེ་དཔྱིད་དཔལ་གྱི་པང་དུ་བཞད་འདྲའི་སྤྲོ་སྣང་གི་སྤྲིན་ཕུང་རེ་རེ་ནམ་མཁའ་དང་ས་གཞིའི་རྒྱན་དུ་ཚེས། ཁྱོད་ནི་ངའི་རེ་བ་ཡིན་ཆོག་ལ་ངའི་རེ་བའི་ས་བོན་ཡིན་ཡང་ཆོག་མོད། རེད་དེ་ཁྱོད་ཀྱི་བྱིས་དུས་ལ་དབང་བའི་མཚར་ཉམས་ཀྱི་འཇིག་རྟེན་ངོ་མཚར་ཞིང་རྨད་དུ་བྱུང་བ་དེ། ངས་རེ་བ་རི་བོའི་གདོས་ལས་བོངས་ཆེ་བའི་ནག་ཉེས་ཀྱི་རྩད་པ་ཁུར་ནས་ཁྱོད་ལ་དབང་ཆོག་ཆོག་གི་འཇིག་རྟེན་རྨད་དུ་བྱུང་བ་དེ་བརླག་པར་མི་བྱེད་དོ། །

བུ་མོ། ནར་མ་སོན་པའི་ལོ་ཟླ་རེ་རེ་ནི་ཆེས་དྭངས་གཙང་གིས་བཞད་པའི་ཡིད་འོང་གི་འཇིག་རྟེན་ཆ་ཚང་བ་ཞིག་རེད་ཨང་། ངས་རང་གིས་མ་ལྕོགས་པའི་ནག་ཉེས་ཀྱི་རྩད་པ་ཡོད་ཚད་ཁྱོད་ཀྱི་ཆ་ཚང་བའི་འཇིག་རྟེན་གྱི་ཕུན་ཚོགས་ནང་དུ་དུག་དང་མཚོན་གྱི་མདའ་ལྟར་འཕེན་པར་མི་རིགས་ཏེ། ངས་ཤིན་ཏུ་ཡིད་ཚིམ་པའི་སྒོ་ནས་ཁྱོད་ཀྱི་མཚར་ཉམས་ལྡན་པའི་ཕུན་ཚོགས་ཀྱི་འཇིག་རྟེན་ཆ་ཚང་བ་དེ་ལ་ཞིབ་ཀྱིས་ལྟ་འདོད་ཅིང་ནན་གྱིས་ཉན་འདོད། འདི་ནི་ངས་སྒེར་སེམས་ཀྱི་གཞུ་རྒྱུན་ཅུང་ཙམ་ལྷོད་དུ་བཅུག་སྟེ་ནག་ཉེས་ཀྱི་མདའ་མོར་རང་དབང་ལན་གཅིག་བྱིན་ནི་ཡིན་དུ་ཆུགས།

བུ་མོ། ཕ་བུའི་བརྩེ་དུང་གི་ལམ་ཕྲན་ནང་དུ་འུ་གཉིས་གཞི་གཅིག་ཏུ་གྲུབ་ཀྱང་། ངས་རང་གི་འདང་བརྩེ་ལ་ཁ་གཡར་ཏེ་ཁྱོད་ལ་མི་འདོད་པའི་ལྕགས་དྲྭ་བཟོ་བར་མི་བྱེད་དོ། །མི་ཚེ་ཧ་ཅང་ཐུང་དྲགས་པས་ཁྱོད་ཀྱིས་ཆ་ཚང་བའི་འཇིག་རྟེན་དེར་ལོངས་སྤྱོད་ཅི་ཐུབ་ཅིག་བྱེད་ཐུབ་པར་ངས་ཅི་ནུས་ཀྱིས་རམ་འདེགས་རིགས་སོ། །ནར་སོན་རྗེས་ཁྱོད་ཀྱང་ང་རང་ནང་བཞིན་ཕལ་བའི་མི་སེར་ཞིག་ཡིན་རིགས་ཏེ་མི་སེར་ལ་ནམ་ཡང་དབུལ་ཕོངས་ཀྱིས་མནར་ཡོད་པས། ཁྱོད་ཀྱིས་དབུལ་ཕོངས་ཀྱི་འཚོ་བའི་སྙིང་བོ་རྟོགས་ཤིང་དབུལ་ཕོངས་ཀྱི་འཇིག་རྟེན་པ་དག ང་ཚོ་དང་རིགས་མཐུན་གྱི་སྤུན་ཟླ་ཡིན་པ་མ་བརྗེད་ཅིག



  • ལེ་ཚན་སྔོན་མ།:སློབ་གསོའི་གློག་བརྙན་གྲགས་ཅན་དགེ་རྒན་ ༼ གག་གག ༽་ ལ་བལྟས་རྗེས་སུ་བྲིས་པ།
  • ལེ་ཚན་རྗེས་མ།:གསར་བུ་རྟ་དཀར་ཅན་གྱི་བསྙེལ་ཟིན།