ཤིང་གི་དྲིན་ལན། སྟ་རེས་ལོག་འཇལ།

ཨ་ཁུ།        2021-03-01

"ང་ལ་ཡུ་བ་ཞིག་སྟེར་རོགས།"

ལྟོ་ངོས་ས་ལ་བརྡར་ཏེ་ནུར་ནས་ཡོང་བའི་ཉམ་ཐག་གི་སྟ་རེས་སྟོད་སྒུར་ཙམ་སྒུར་ཙམ་གྱིས་ལག་པའི་མཐེ་བོང་ཀེར་ཏེ་གང་སར་ཞུ་བ་བྱེད།

སྟ་རེ་འདི་ལྟར་དུ་སློང་ལ་ཐོན་ཡོང་བའང་ཆར་ཆུ་མོད་པའི་དབྱར་གྱི་ནམ་ཟླ་དེ་ནས་འགོ་བཙུགས་ཏེ་བཤད་དགོས་ཨང་།

སྟ་རེ་བཟོ་གྲྭ་རུ་སྐྱེས་པའི་ཉིན་གཉིས་པ་དེར། ཤིང་མཁན་ཞིག་གིས་སྟ་རེ་དེ་བཟོ་གྲྭ་ནས་རང་ཁྱིམ་དུ་དབོར། ཡིན་ནའང་སྟ་རེར་ཡུ་བ་མེད་རྐྱེན་བྱེད་ནུས་ཀྱི་དབུལ་བའི་ལྕགས་ལེབ་ཅིག་དང་ཁྱད་མེད་པས། ཤིང་མཁན་གྱིས་སླར་ཡང་སྟ་རེ་དེ་སྒོ་རའི་བཀབ་ཐོག[footnoteRef:1]ནང་དུ་འཕངས་ཏེ་བཞག

ཆར་ཆུ་མོད་པའི་དབྱར་ཟླ་དེར། སྟ་རེའི་ལུས་ལ་བཙའ་ཐོག་མ་དེ་བརྒྱབ་ཅིང་། དེ་དང་བསྟུན་ནས་སེམས་ཀྱི་ཁུར་པོ་ཞིག་ཀྱང་དལ་གྱིས་འཇབ་ཡོང་།

“ངའི་དལ་འབྱོར་གྱི་ལུས་པོ་འདི། བཙའ་ཁོ་ནས་དོན་མེད་དུ་ཟད་ཕྱིན་ན། སྐྱེ་བ་བླངས་ཀྱང་སྙིང་པོ་ཅི་ཞིག་མཆིས།”

“བདག་པོ་ངའི་མཐོང་སྣེ་རུ་མ་ཐོན་པར་ཟླ་འགའ་ཕྱིན་སོང་། ངས་མི་ཚེར་འདིར་དོན་ཞིག་བསྒྲུབ་དགོས་ཀྱང་། དེ་དག་ལས་སྔོན་ལ་ངར་ཡུ་བ་ཞིག་ཡོད་དགོས། དེ་རིང་ང་ཕྱི་རུ་ཡུ་བ་ཞིག་སློང་བར་ཏན་ཏན་འགྲོ་རྒྱུ་ཡིན།”

དེ་ལྟར་དེ་རིང་གཞི་ནས་སྟ་རེ་ཕྱི་རུ་ཡུ་བ་སློང་བར་ཐོན་ཡོང་བ་རེད།

ཁྱིམ་སྒོའི་ཐེམ་པ་བརྒལ་ཚེ། ཕྱི་ཡུལ་ནི་གུ་ཡངས་ཤིང་འཁྲུག་སྣང་དོད་པའི་ཁོར་ཡུག་ཅིག་རེད། སྟ་རེ་ཁྱིམ་འདི་རུ་སླེབས་པ་ནས་དེ་རིང་ཕྱི་རུ་ཐོན་པ་ཐེངས་དང་པོ་དེ་རེད། སྟ་རེས་རིམ་གྱིས་ལྕགས་དང་། ཟངས། རྡོ་སོགས་ལ་ཡུ་བ་ཞིག་སྟེར་རོགས་ཞེས་ཞུ་བ་ནན་གྱིས་འཐེན་ཡང་། མིག་ལོག་གི་མདའ་མོ་འཕེན་པ་ལས་ཨ་ལན་སྟེར་མཁན་མ་བྱུང་། བློ་ཕམ་ཡི་ཆད་ཀྱི་སྙེར་སྙེར་གྱི་མདུན་དུ་ནུར་ནས་ལམ་ཕྲན་ཞིག་བརྒྱུད་དེ་གང་མཚམས་ཕྱིན། ཤིང་ནགས་ཚང་ཚིང་ཞིག་གི་འདབས་ན་སླེབས། ཉམ་ཐག་གི་སྟ་རེས་ཉིན་གཅིག་གི་ཆེས་མཐའ་མའི་རེ་འདོད་ཀྱི་མིག་ཟུང་དེ་གནམ་གྱི་ཀ་བ་ལྟ་བུའི་ཤིང་སྡོང་ཞིག་ལ་གཏད་ནས།“ང་ལ་ཡུ་བ་ཞིག་སྟེར་རོགས།”ཞེས་མཐེ་བོང་ཀེར་ཞིང་ངུ་ངག་གིས་ཞུ་བ་བྱས་ཚེ། ནགས་ཀྱི་སྒོ་སྲུང་ལྟ་བུའི་ཤིང་སྡོང་དེའི་སེམས་ཀྱི་མཚོ་མོའི་ངོས་སུ་ཐོལ་གྱིས་སྙིང་རྗེའི་མེ་ཏོག་བཞད། རང་ལུས་ཀྱི་ཡལ་ག་གཅིག་ཤུགས་ཀྱིས་བཀུག་ཅིང་། ན་ཟུག་ཨམ་གཙིགས་ཀྱི་ཁྲོད་ནས་བཅག་སྟེ་འཕུལ། སྐབས་དེ་ཙ་ན་སྟ་རེ་ནི་རང་ཉིད་ལ་ཡུ་བ་རག་པས་དགའ་སྣང་གིས་འཕག་འཚག་བྱེད་ཅིང་། ཤིང་སྡོང་ལ་ཐུགས་རྗེ་ཞུ་བའི་ཚིག་ཟུར་ཙམ་ཡང་མེད་པར་ཡུ་བ་དགར་རྗེས་འདུར་མ་རྒྱུག་གིས་ཁྱིམ་དུ་ལོག

ཤིང་མཁན་སྔ་ས་ནས་ཁྱིམ་དུ་སླེབས་ཡོད་ཅིང་། ཡུ་ལྡན་གྱི་སྟ་རེ་རྒྱལ་སྒོ་ཕྱེ་ནས་འཛུལ་ཡོང་བ་མཐོང་མ་ཐག སྔར་མེད་ཀྱི་བརྩེ་བ་ཆེན་པོས་སྟ་རེར་འཐམ་ཞིང་། གདོང་ལ་མཆུ་སྦྱར།

" ཡུ་བ་གང་ནས་རྙེད་བྱུང་། ཁྱོད་དེ་འདྲའི་འཇོན་པ་ལ། "ཞེས་བསྟོད་ར་བོར་ཞིང་། ལམ་སེང་ཡུ་བ་ནས་བཟུང་སྟེ་གཅོད་སྟངས་བྱེད་ཅིང་བདེ་ལོད་ལྟ། འདི་ལྟར་ཤིང་མཁན་གྱིས་སྟ་རེ་ལ་བསྟོད་ར་བོར་བ་ནི་གཅིག་བྱས་ན་ཨོལ་མ་ཡན་གྱི་སྐད་ཆ་ཙམ་ཡིན་སྲིད་ཀྱང་། སྟ་རེ་ལ་མཚོན་ན་འདི་ལྟར་དུ་བསྟོད་ར་ཐོབ་པ་དེ་ཆེས་སྤོབས་པ་སྐྱེ་བའི་དོན་ཞིག་རེད།

མཚན་མོ་དེར་སྟ་རེའི་སེམས་དགའ་སྣང་གིས་མྱོས་ཏེ་ཡུན་རིང་གཉིད་མི་ཁུགས་པར་ལུས། དུས་ཇི་ཙམ་ལ་སྟ་རེ་གཉིད་ཀྱི་ཞིང་དུ་འཛུལ་སོང་བ་བརྗོད་དཀའ་ཡང་། སྐབས་ཤིག་ལ་བདག་པོ་དང་རང་ཉིད་མུ་མེད་ཀྱི་ཐང་ཆེན་ཞིག་བརྒལ་བཞིན་ཡོད་ལ། ལྟ་ཕྱོགས་ཤིག་ལ་རང་གི་ལུས་ནས་ཁྲག་དམར་བྱུར་བྱུར་དུ་འཛག་བཞིན་པ་རྨིས་པས་ཞེད་སྣང་གིས་སྟ་རེ་གཉིད་ལས་ཧོབ་སད་བྱས། སྐབས་དེ་དུས་འཆར་ཀའི་འོད་ཀྱི་སེར་མདངས་དེ་ཡང་ཐོག་ཁའི་ཟུར་ལྕོག་ལ་འཕྲོས་འདུག་པས། མི་རིང་བར་ཤིང་མཁན་གྱིས་ལག་གཡས་པས་སྟ་རེ་དཔུང་སྟེང་དུ་བཏེགས་ཤིང་། ལག་གཡོན་མས་ཐག་པ་ཞིག་འཁྱེར་ཏེ། ཁྱིམ་སྒོ་ནས་ཕྱི་ལ་ཐོན། འདིར་ལྟར་བདག་པོ་དང་མཉམ་དུ་ཕྱི་རུ་ལས་ཀར་འགྲོ་བ་ཡང་སྟ་རེ་ལ་མཚོན་ན་ཐེངས་དང་པོ་རེད། གང་མཚམས་ཁོ་གཉིས་ལམ་ཕྲན་ཞིག་ཏུ་འཛུལ་ཞིང་། ལམ་ཕྲན་དེ་སྟ་རེའི་ངོས་བཤད་ན་ཁ་སང་ཡུ་བ་རག་སའི་མཇུག་མཐའི་ལམ་ཕྲན་དེ་རེད། ནགས་འདབས་སུ་འབྱོར་བ་དང་། ཤིང་མཁན་གྱིས་གནམ་ཀྱི་ཀ་བ་ལྟ་བུའི་ཤིང་སྡོང་གཅིག་གི་གམ་དུ་ཕྱིན་ཏེ། ལག་པས་རྡེབ་ཙམ་རྡེབ་ཙམ་བྱས། དེ་ནས་གཡོན་ལག་ཏུ་ཡོད་པའི་ཐག་པ་ལོགས་སུ་འཕེན་ཞིང་། ལག་ཟུང་གིས་སྟ་རེའི་ཡུ་བ་ནས་འཇུས་ཏེ་ཡར་བཀྱག་པའི་སྐད་ཅིག་ཉིད་དུ། སྟ་རེས་ཤིང་སྡོང་འདི་ནི་ཁ་སང་རང་ཉིད་ལ་ཡུ་བ་སྟེར་མཁན་དེ་ཡིན་པ་ཡོངས་སུ་ངོས་ཟིན། ཡིན་ནའང་ཤིང་སྡོང་འདི་མ་གཅད་རོགས་ཞེས་རེ་བ་བཏོན་འདོད་ཀྱང་། བདག་པོའི་བློ་ཁ་དང་འགལ་ན། སླད་ཕྱིན་རང་ཉིད་ལ་ད་ལྟའི་མཐོང་ཆེན་ལྟ་བུ་མི་བྱེད་པར་སྔར་བཞིན་བཀབ་ཐོག་འོག་ཏུ་བསྐྱུར་མི་འོང་ངམ་སྙམ་བཞིན་སེམས་གདུང་བས་མནར་ཞིང་མིག་ཟུང་རྡོ་འདྲ་བཙུམས་པས། རླུང་བསིལ་བུ་ཞིག་ཁ་གཏད་དུ་གཡོ་བའི་སྣང་བ་འཆར་བ་དང་། དེ་མ་ཐག་ཤུགས་ཀྱི་ཤིང་སྡོང་སྟེང་གཟིར། དེའི་ཚེ་སྔོ་ལྗང་གི་ཤིང་ལོ་འགའ་སྟ་རེའི་ངོ་གདོང་གི་སྟེང་དུ་ལྷུང་མགོ་ཚུགས། །

  • ལེ་ཚན་སྔོན་མ།:ང་དང《དཀར་མཛེས་ཉིན་རེའི་ཚགས་པར》གྱི་གཏམ་རྒྱུད།
  • ལེ་ཚན་རྗེས་མ།:དུས་ཚོད་ཀྱི་གཙང་བོར་ནུབ་དོགས་ཀྱི་སེམས་ཁྲལ།