མི་གཞན་ལ་བསམ་ཤེས་བྱ་དགོས།

ཁྲི་ཟླ་གཞོན།        2021-01-21

     མི་ཚེ་ནི་མ་གཞི་ནས་རྫོགས་མཐའ་བྲལ་བའི་འགྲུལ་བཞུད་ཐེངས་ཤིག་གི་གོ་རིམ་དེ་ཡིན་ལ། འགྲུལ་བཞུད་འདིའི་ཁྲོད་དུ་ཁྱོད་རང་རིགས་དང་རང་གཤིས། མདོར་ན་ཆ་ལུགས་སོགས་ཕྱོགས་གང་ཐད་ནས་སྣ་མི་གཅིག་པའི་མི་སྣ་གང་མང་ཞིག་ལ་འཕྲད་སྲིད་ཅིང་། དེ་དག་ལ་ཐུག་འཕྲད་དང་འགྲོགས་འདྲིས་བྱས་པའི་གོ་རིམ་ཁྲོད་ནས་ཁྱོད་ཀྱིས་སླར་ཡང་ཆ་མི་སྙོམས་ཤིང་དྲང་བཞག་མ་ཡིན་པ། རྒྱུ་དང་འབྲས་བུ་ལའང་དོགས་པ་ཟ་བའི་སྐྱོ་གར་རམ་ཡང་ན་རྒྱུ་འབྲས་གོ་ལྡོག་གི་གཏམ་རྒྱུད་ཀྱང་གང་མང་ཞིག་ཐོས་ཡོང་ངེས།

     ངས་ཅིའི་ཕྱིར་འདི་འདྲ་བཤད་དགོས་ཤེ་ན་རྒྱུ་རྐྱེན་ནི་ཧ་ཅང་སླ་སྟེ། མི་ལ་ཤས་ཤིག་གིས་ཇི་ལྟར་འབད་བརྩོན་བྱས་ཀྱང་ཐོབ་པ་ལས་ཤོར་བ་མང་ཞིང་མི་ལ་ཤས་ཤིག་གིས་ཇི་ལྟར་བག་མེད་ཀྱི་འཚོ་བ་ལ་རོལ་ཀྱང་ཟས་གོས་ལྷུན་གྱིས་འགྲུབ་ཡོང་བ། ཡང་མི་ལ་ཤས་ཤིག་སྐྱེས་མ་ཐག་ནས་དཀའ་སྡུག་དང་སྐྱོ་གདུང་གི་ཁྲོད་ནས་འཚོ་ཞིང་ཆེས་མ་མཐའི་ལྟོ་རྒྱབ་ཀྱང་མི་སོས་པས་རྒྱང་རིང་གི་ཕུགས་བསམ་དང་བདེ་སྐྱིད་ནི་ཆེས་དཔེ་མི་སྲིད་པའི་ལྷ་སྒྲུང་འབའ་ཞིག་ཏུ་འཁུམ་ལ་མི་ལ་ཤས་ནི་སྐྱེས་པ་ནས་རྒས་པ། དེ་ནས་འཆི་བའི་བར་དུ་དཀའ་ལས་ཅི་ཡང་མ་བརྒྱབ་ཀྱང་ཕ་མའི་བསགས་དངུལ་གྱིས་སོས་པར་འགྱུར་བ་སོགས་མདོར་ན་འཇིག་རྟེན་འདིའི་སྐྱེ་འགྲོ་མཐའ་དག་ནི་ཁོད་མི་སྙོམས་པའི་སྒང་གཤོང་འབའ་ཞིག་གམ་རིང་ཐུང་མི་གཅིག་པའི་ཤིང་ཐུར་སྤར་གང་དུ་འཁུམ། དེའི་ཕྱིར་ང་ཚོས་རང་གི་མཐའ་འཁོར་དུ་འཚོ་བའི་ལས་དབང་དང་གནས་བབ་མི་གཅིག་པའི་མི་དེ་དག་ལ་སེམས་གསོ་དང་རོགས་རམ་བྱ་རྒྱུ་ནི་ཤིན་ཏུ་ནས་ཀྱང་གལ་ཆེ་སྟེ་གལ་ཏེ་དེ་འདྲ་མ་ནུས་ཀྱང་རང་གི་འཇོན་ཚོད་ཀྱིས་བསམ་ཤེས་བྱ་རྒྱུ་ནི་ཧ་ཅང་ནས་གལ་ཆེ་སྙམ།

      གཏམ་རྒྱུད་འདི་འདྲ་ཞིག་ཡོད་དེ། ཞིང་གྲོང་གི་ཕྱུགས་ར་ཞིག་ཏུ་བ་མོ་གཅིག་དང་ལུག་གཅིག ཕག་གཅིག་བཅས་མཉམ་དུ་འཚོ་ཡོད། ཁོ་ཚོ་ཕན་ཚུན་བར་ཧ་ཅང་འཆམ་ཞིང་ཉིན་རྒྱུན་རང་རང་གི་གཟན་ཆས་ལ་ཚིམས་པར་རོལ་རྗེས་ཉི་མར་ལྡེ། ཡིན་ནའང་ཁོ་ཚོ་སོ་སོས་ཞིང་ར་དེའི་བདག་པོར་བཟུང་བའི་ལྟ་ཚུལ་ནི་ཁྱོན་ནས་མི་གཅིག་པ་ཞིག་སྟེ། བ་མོ་དང་ལུག་གཉིས་ནི་བདག་པོ་ལ་ཧ་ཅང་དགའ་ཞིང་དེའི་གམ་དུ་བཅར་ཅི་ཐུབ་བྱེད། ཡིན་ནའང་ཕག་ནི་དེ་ལས་ལྡོག་སྟེ་ནམ་རྒྱུན་བདག་པོ་དང་བར་ཐག་རིང་དུ་གྱེས་ཅི་ཐུབ་བྱེད།

     ཉིན་ཞིག་ལ། ཞིང་བདག་གིས་ཕྱུགས་རིགས་སྨན་པ་བོས་ནས་བ་མོ་དང་ལུག ཕག་བཅས་ལ་རེ་རེ་བཞིན་རིམས་འགོག་གི་སྨན་ཁབ་བརྒྱབ། སྐབས་དེར་བ་མོ་དང་ལུག་གཉིས་ཀྱིས་འཁང་ར་ཅི་ཡང་མ་བྱས། ཡིན་ནའང་ཕག་གིས་དེ་ལས་ལྡོག་སྟེ་ཆེ་ཆུང་དང་སྦོམ་ཕྲ་མི་གཅིག་པའི་འག་སྐད་མང་དུ་བརྒྱབ། འགོག་སྨན་བརྒྱབ་ཚར་རྗེས་བ་མོ་དང་ལུག་གཉིས་ཀྱིས་ཧ་ཅང་མ་རངས་པའི་ཉམས་དང་བཅས་འཁང་རའི་ཚུལ་དུ་ཕག་ལ་“ཁྱོད་ཀྱིས་དེ་འདྲའི་སྐད་ངན་བརྒྱབ་ནས་ཅི་བྱེད”་ཟེར། དེའི་ལན་དུ་ཕག་གིས་“བདག་པོས་ཁྱོད་གཉིས་འཛིན་དོན་དང་ང་འཛིན་དོན་ནི་རྩ་བ་ནས་གཅིག་གི་མ་རེད། བདག་པོས་བ་མོ་འཛིན་དོན་ནི་འོ་མའི་ཆེད་དུ་རེད། ལུག་འཛིན་པ་ནི་བལ་གྱི་ཆེད་དུ་རེད། ཡིན་ནའང་ང་འཛིན་དོན་ནི་ཤ་བཟའ་བའི་ཆེད་དུ་རེད”་ཟེར། སྐབས་དེར་ད་གཟོད་བ་མོ་དང་ལུག་གཉིས་ཀྱིས་དོན་དག་གི་ཚབས་ཆེན་རང་བཞིན་ཧ་གོ་ནས་ཧ་ཅང་ཁ་སྐྱེངས་པར་གྱུར།

     གཏམ་རྒྱུད་འདི་ནི་ཧ་ཅང་ཐུང་ཐུང་ཞིག་ཡིན་ཀྱང་གནས་ལུགས་ཆེན་པོ་ཞིག་སྟོན་བཞིན་ཡོད་དེ་རང་རེའི་དུས་རྒྱུན་གྱི་འཚོ་བའི་ཁྲོད་དུ་དོན་དག་འདི་འདྲ་བྱུང་དང་འབྱུང་བཞིན་ཡོད་ངེས། ཅིའི་ཕྱིར་ཟེར་ན། རང་རེ་ཉེ་འཁོར་གྱི་མི་སོ་སོའི་ལངས་ཕྱོགས་དང་གནས་བབས། ལྟ་བ་སོགས་མི་གཅིག་པའི་དབང་གིས་མི་གཞན་ལའང་ཁ་གསལ་ཁོང་དག་གི་རྒྱུས་ལོན་ཀྱང་བྱེད་མ་ཐུབ་པར་དེ་ལས་ལྡོག་སྟེ་འཕྱ་སྨོད་དང་ཟུར་ཟ། ལྐོག་ལབ་དང་བླ་བཙགས་ཁོ་ན་བྱས་ནས་དུས་འདའ་བར་བྱེད། མི་ཞིག་གིས་དཔེ་ཀློག་དང་ཉམས་མྱོང་བསགས་པ་ཅི་འདྲའི་མང་ན་དེའི་བསམ་བློ་ཡང་དེ་ལྟར་ནར་སོན་ནས་དགོས་མེད་ཀྱི་ཁ་བརྡ་ཇེ་ཉུང་དང་གཞན་ལ་བསམ་ཤེས་བྱེད་པའི་ཚད་ཇེ་ཆེར་འགྱུར་ངེས། གལ་ཏེ་རང་གཞན་གཉིས་ཧ་ཅང་ཛ་དྲག་ཡིན་པའི་གནས་ཚུལ་ཞིག་གི་འོག་ཏུ་ཕ་རོལ་བོས་ཁྱོད་ལ་རྒྱལ་ཁ་སྟེར་ཅི་ཐུབ་བྱེད་ན་དེ་ནི་ཁོ་རང་ཁྱོད་ཀྱི་དཔའ་རྟགས་ལ་སྐྲག་པའམ་ཟིལ་ཤུགས་ཀྱིས་མནན་པ་མ་ཡིན་པར། དེ་ལས་ལྡོག་སྟེ་ཕ་རོལ་བོའི་བསམ་བློའི་ཆུ་ཚད་མཐོ་ཞིང་མིག་རྒྱང་རིང་བོ་ཡིན་པས་ཁྱོད་རང་སྙིང་རྗེ་ནས་བསམ་ཤེས་བྱེད་པ་ཁྱོད་ཀྱིས་ཤེས་དགོས་ཤིང་དྲིན་བྱས་དྲིན་དུའང་གོ་དགོས། དེ་ལྟར་མ་བྱས་པར་ཁྱི་ངན་བཟུང་ན་མི་ཐུབ། མྱི་ངན་བཀག་ན་མི་ཁོག་པའི་དཔེ་རུ་གྱུར་ན་མཐའ་མར་ཁྱོད་ཀྱིས་བཟོད་མི་ནུས་པའི་མཇུག་འབྲས་སྡུག་པོ་ཞིག་ལ་འགན་ཁུར་དགོས་པ་ལས་ཁེ་ཕན་ཅི་ཡང་ཐོབ་མི་སྲིད། དེའི་ཕྱིར་ང་ཚོས་རང་གི་གནས་བབས་དང་མྱོང་བས་མི་གཞན་གྱི་ཚབ་མི་བྱེད་པར་མི་གཞན་ལ་ལྷག་བསམ་ཟོལ་མེད་ཀྱིས་བསམ་ཤེས་བྱ་རྒྱུ་ནི་ཤིན་ཏུ་ནས་གལ་ཆེ་སྙམ་མོ།།

  • ལེ་ཚན་སྔོན་མ།:གྲོང་ཁྱེར་གྱི་ཁང་མིག
  • ལེ་ཚན་རྗེས་མ།:ལམ་དུ་ཡོད།