ཁང་རྙིང་དང་རླུང་འཚུབ།

དབལ་ཤུལ་རང་བྱུང་།        2017-09-28

     ཉིན་དེར་གློ་བུར་དུ་བྱུང་བའི་རླུང་འཚུབ་དེས་ངའི་མདུན་ཕྱོགས་སུ་ཡུན་རིང་འགྲེང་བའི་གནའ་བོའི་ཁང་རྙིང་དེ་དག་གི་ཀླད་ཤན་ཤུགས་ཀྱིས་བཀོག་སོང་།

     ཉིན་རྟག་པར་མིག་མདུན་དུ་ཡལ་བ་མེད་པའི་ཁང་རྙིང་དེ་ཚོས་གནའ་སྔ་རབས་ཤིག་གི་ལོ་རྒྱུས་གླེང་གི་ཡོད་པ་དང་འདྲ།  ཁང་རྙིང་དེ་དག་ནི་ངའི་ཕ་ཡུལ་གྱི་ལོ་རྒྱུས་རྙིང་བ་ཞིག་གི་བདེན་དཔང་ཡིན་ངེས་ཏེ།  ཨ་མྱེ་འདས་པོས་བཤད་མྱོང་ལ།  ཁོ་རང་ཆུང་དུས་ནས་ཁང་རྙིང་དེ་དག་ནི་སྟོང་པ་ཡིན་པས།  ཁོ་དང་བྱིས་པ་མང་པོ་དེ་རུ་ཉིན་རྒྱུན་རྩེད་མོ་རྩེ་རུ་འགྲོ་མྱོང་བ་དང་།  དེའི་ནང་ཟུར་ཅིག་ན་ས་སྐུ་ཆུང་ཆུང་འགའ་ཡོད་པ་དེ་ནི་སྐབས་དེའི་རྒས་པོ་ཚོས་བཤད་ན་ཁྱིམ་རྒྱུད་ཅིག་གི་མི་རབས་ཀྱི་ལྷ་སྐལ་ཡིན་ཞེས་བཤད་མྱོང་ཟེར།  འོན་ཏེ་ང་རང་གི་དྲན་ངོགས་སུ་ཁང་རྙིང་དེ་དག་ནི་ཕྱི་ནང་ཚང་མར་རྩ་ལྡུམ་འདྲ་མིན་སྐྱེ་ཞིང་།  གས་ཆག་ཏུ་སོང་བའི་གྱང་རལ་འོག་ཏུ་ས་འབུ་མང་པོ་འདུར་རྒྱུགས་བྱེད་བཞིན་པ་མཐོང་མྱོང་།  དེ་དུས་ང་ནི་ཨ་མྱེའི་གནའ་སྒྲུང་ལ་ཉན་པར་སྤྲོ་བའི་བྱིས་པ་སྣབས་ལུག་ཅིག་ཡིན།  ཨ་མྱེས་གསལ་པོར་ཤེས་མིན་མི་ཤེས་ཏེ།  ཁང་རྙིང་དེ་དག་དུས་ནམ་ཞིག་ལ་མི་ཁྱིམ་སུ་ཞིག་གི་བདག་དབང་ཡིན་པ་འདྲི་མ་ཐུབ་པ་ནི་ངོ་མ་ཡིད་ཕངས་པ་ཞིག་རེད།

     མི་ལོ་བཅུ་ཕྲག་ཁ་ཤས་འདས་སོང་།  ཨ་མྱེ་ཡང་མི་ཡུལ་དང་གཏན་དུ་གྱེས་སོང་།  ཁེར་རྐྱང་དུ་ལུས་པ་ངས་ནམ་རྒྱུན་ཁང་རྙིང་དེ་ཚོ་མཐོང་ཐེངས་རེར།  སྨ་ར་ཅན་གྱི་ངའི་ཨ་མྱེ་དེ་དྲན་ཡོང་ལ།  ཁང་རྙིང་གི་རྣམ་པ་དེ་ལས་རྨི་ལམ་ལྟ་བུའི་འདས་དོན་རབ་རིབ་ཅིག་ཀྱང་དྲན་ཡོང་།

     འོན་ཏེ་གློ་བུར་བའི་རླུང་འཚུབ་ནི་ཇི་འདྲའི་སྙིང་རྗེ་བྲལ་བ་ཞིག་རེད།  གཡུག་ཐེངས་གཅིག་གིས་ངའི་མིག་མདུན་གྱི་ཡོད་ཚད་མག་མོག་ཏུ་བསྒྱུར་སོང་།  དྲན་ངོགས་ལ་བཟོས་པའི་རྨ་ཁ་ནི་ཇི་འདྲ་ཚ་བ་ལ།  ངས་སུ་ཞིག་ལ་འཁང་ར་བྱེད་དགོས་ཀྱང་མ་ཤེས།

     ཁང་རྙིང་དག་འཇའ་ཚོན་ལྟ་བུའི་ལོ་རྒྱུས་ཤིག་སྦྲུམ་ནས་དུས་གཏན་དུ་རླུང་འཚུབ་ཁྲོད་ཡལ་སོང་།  ཤུལ་དུ་ལུས་པ་ནི་སྐྱ་ཐབ་ཐིབ་ཀྱི་ཐལ་རྡུལ་སྟུག་པོ་དང་རབ་རིབ་ཏུ་གྱུར་བའི་བདག་གི་སེམས་པ་དེ་རེད།


  • ལེ་ཚན་སྔོན་མ།:གྱི་ལིང་།
  • ལེ་ཚན་རྗེས་མ།:སེམས་འགྱུ་ཕྲ་མོ།