སྙིང་གཏམ་སྙིང་གི་རླབས་ཕྲེང་།

ཀུན་བཟང་།        2020-07-24

    སྔོན་གྱི་ལས་དང་སྨོན་ལམ་མཐུ་བཙན་པའི་དབང་གིས་རྒན་གཡང་མཚོ་ལགས་ཀྱི་སློབ་མར་གྱུར་ཅིང་།ངའི་མི་ཚེ་ཡི་མཛེས་རྒྱན་དུ་གྱུར་ནས་གཏམ་བཤད་དང་དཔེ་ཀློག་སོགས་ཀྱི་ནུས་པ་སྐྱེད་སྲིང་བྱས་ཏེ་ཚད་མི་དམན་པ་ཙམ་ལ་སླེབས།  འདི་ནི་དགེ་རྒན་དཀྱུས་མ་ཞིག་གི་སློབ་མ་སྐྱོང་ཚུལ་ལ་གོ་གནས་དང་དཔལ་འབྱོར་སོགས་ཀྱི་བསླུ་ཁྲིད་མ་ཐེབས་པའི་སྒོ་ནས་ལྷོད་གཡེང་དང་འཁང་ར་སོགས་མེད་པར་ལྷག་བསམ་འོ་མའི་མཚོ་མོ་ལས་འཁྲུངས་བའི་གསུང་ཚིག་དག་ནི་ངའི་སྙིང་དབུས་སུ་ནམ་ཡང་འཐིམ་ཡོད།

    ཁྱེད་རང་ཞིབ་འཇུག་སློབ་གྲྭར་སོང་བ་ནས་བཟུང་ངའི་མགྲིན་པའི་གདངས་དབྱངས་ལ་འཁྱིལ་བའི་དགོད་སྒྲ་འགག་ལ།ལུས་སེམས་གཉིས་ཀྱི་བདག་པོ་རྣམ་ཤེས་འཁྱམས་ཐལ། འདི་ནི་སྒེར་སེམས་ཀྱིས་སློང་བའི་སྤྱོད་པ་ཞིག་ཡིན་ཡང་སྲིད་མོད་དེ། གཞུང་ལས་ཁང་གི་སྒོ་འགྲམ་དུ་སླེབས་དུས་ཁྱེད་རང་དྲན་ནས་མིག་ཆུའང་འཐོར་འགྲོ་ལ། མཉམ་གནས་ཀྱི་ལོ་ཟླ་རེ་རེ་སེམས་ལ་ཉར་ནས་འདུ་བྲལ་ཀྱི་ན་ཟུག་ཅིག་གི་ཁྲོད་ནས་ཁྱེད་རང་གླེང་བར་སྤྲོ། ཁྱེད་རང་སོང་ཤུལ་ནས་ངས་ཡང་བསྐྱར་ལས་དབང་ལ་སྨོན་ལམ་མཐུད་བཞིན་མ་འོངས་བ་ཟེར་བའི་མངོན་མེད་ཀྱི་ཐང་ཀ་ཞིག་ཏུ་ཕུགས་བསམ་གྱི་རི་མོ་དག་འབྲི་བཞེངས་བྱེད་ན་འདོད།

     དོན་གྱིས་ངས་ཀྱང་རྟོགས་ཡོད་དེ། དགེ་རྒན་ལགས་ཀྱི་འགྲུལ་བཞུད་ནི་དོན་སྙིང་དང་རིན་ཐང་ཡོད་པའི་བྱ་བ་ཞིག་ཡིན་མོད་དེ། ངས་ཀྱང་འདིར་ནང་སེམས་ཀྱིས་སྨོན་ལམ་རྣམ་དག་ཅིག་འབུལ་བཞིན་ཡོད

    མ་ལོས་དབྱངས་ཚང་ནི་འུ་ཅག་ལ་ལས་དབང་གིས་གནང་བའི་གཞིས་ཁྱིམ་ཞིག་སྟེ། དེར་མི་ལོ་གཉིས་གསུམ་ཞིག་གི་དམ་ཚིག་དང་འདང་བརྩེ་ཡོད་ཕྱིན།ངས་ཁྱེད་ཅག་གི་པར་རིས་ལ་ཡང་བལྟ་བྱེད་ཚེ་བརྩེ་བ་གསོན་པོ་ཞིག་གི་དྲོད་ཁོལ་མྱོང་ཐུབ་པས།ཁྱེད་ཚོ་ནི་ངའི་ཕུགས་བསམ་མངོན་འགྱུར་བྱེད་པའི་གཤོག་པ་ཞིག་དང་འདྲ་ལ། ལས་ཀྱིས་ང་ལ་གནང་བའི་མི་ཚེའི་ནོན་པ་གཅིག་པུའང་ཅི་ལ་མིན།

 

 

  • ལེ་ཚན་སྔོན་མ།:ང་དང་སྙན་ངག་གི་བར་ཐག
  • ལེ་ཚན་རྗེས་མ།:ང་ཡི་ཕ་ཡུལ།