འཕྲོད་བསྟེན་ལ་སྔར་ལས་ལྡབ་འགྱུར་གྱིས་གཟབ་དགོས།

གཙང་དཔལ།        2017-08-17

འཕྲོད་བསྟེན་ལ་སྔར་ལས་ལྡབ་འགྱུར་གྱིས་གཟབ་དགོས།

  རྒྱལ་ཁབ་དང་ཡུལ་ཕྱོགས་ཀུན་ན་འཕྲོད་བསྟེན་གྱི་འདུ་ཤེས་ཞན་སའི་ཡུལ་ལུང་མང་པོ་ཡོད་ལ།   ཡུལ་ལུང་དེ་དག་ནི་དཔལ་འབྱོར་གྱི་ཆ་རྐྱེན་ཆེས་ཞན་སའི་ས་ཆ་ཡིན་པའང་ར་སྤྲོད་ཐུབ་ཀྱིན་ཡོད།   ད་ལྟ་རང་ཅག་ཞིང་འབྲོག་ས་ཁུལ་ནི་འཕྲོད་བསྟེན་གྱི་འདུ་ཤེས་ཧ་ཅང་ཞན་སའི་ས་གནས་ཤིག་ཏུ་གྱུར་ཡོད་ལ།   ཞིང་འབྲོག་གི་མི་མང་པོ་ཞིག་ལ་འཕྲོད་བསྟེན་གྱི་རྒྱུན་ཤེས་ཙམ་རེ་གླེང་ཁུལ་བྱས་ནའང་ཧ་ལམ་རྣ་བར་འགྲོ་གིན་ཡོད་པ་མ་རེད།   ཁོ་ཚོས་ནམ་རྒྱུན་སྐད་ཆ་འདི་འདྲ་རེ་བཤད།   ཞ་ཞིས་ཆ་ཀ།༼ ཡུལ་སྐད་དེ་བྱིས་པ་ཚོ་ཞེས་པའི་དོན། ༽  སྐད་ཆ་བཙོག་པ་དེ་ཚོ་འུ་ཅག་མཐོ་སྒང་དྭངས་གཙང་གི་ཡུལ་གྲུ་འདི་ནས་བཤད་ཀི་མ་འདུག   རིམས་ནད་ངན་པ་དེ་དག་གི་མིང་ནས་བཟུང་ན་རང་ཉིད་ལ་འགོ་ཡོང་ན་ཐང་།   ང་ཚོས་གནའ་སྔ་མོ་ནས་ད་བར་གཙང་སྦྲ་ཟེར་ནི་ཞིག་དང་འཕྲོད་བསྟེན་ཟེར་ནི་ཞིག་ད་འདི་འདྲ་བྱས་ནས་ཡོང་ནི་རེད།   དེང་སང་ཁྱོད་ཚོ་བླ་ཡང་མགོ་སྟོང་ཡིན་རྒྱུ་ཅུང་མང་སོང་བས་གཞན་ལ་ལད་མོ་ཨེ་ཐོན་ལྟ་ཁུལ་བྱེད་བཞིན་ཡོད་པ་རེད་མ་གཏོགས།  གནའ་སྔ་མོ་འདི་འདྲ་ཅི་ཡང་ཡོད་པ་མ་རེད།   ཡིན་ནའང་ནད་ངན་འདི་ཚོའི་མིང་ཡང་གོ་མ་མྱོང་ཟེར།  

  རྒན་པ་ཚོ།   ཁྱེད་ཚོས་གསུང་པ་དེ་ཡང་ལོས་བདེན་མོད།   ཡིན་ནའང་ངས་ཁྱེད་ཚོར་སྐད་ཆ་འགའ་ཞུ་ན་འདོད།   མ་གཞིར་རྒན་པའི་གསུང་ལ་མ་ཉན་ན་བུ་ཕྲུག་མ་རབ་ཀྱི་གྲས་ཡིན་ཞེས་སྔོན་ནས་བཤད་སྲོལ་ཡོད་ལ་བདེན་པའང་ལོས་ཡིན་བསམས་ཡོད།   རེད་དེ། ད་ཐེངས་ངས་རང་ཅག་ཞིང་འབྲོག་གི་ས་ཆ་ཀུན་ལ་ཕན་རེ་ཨེ་ཐོགས་བསམས་ནས་ཞུས་པ་ལས་རང་ཉིན་གཅིག་པུའི་ཆེད་དུ་ཁྱེད་ཅག་ལ་ཁ་ལན་བྱས་པ་ནི་གཏན་ནས་མ་ཡིན་ནོ། །   ཁྱེད་རྣམ་པས་གསུངས་པ་བཞིན་ང་ཚོ་ཞིང་འབྲོག་གི་ས་ཆར་ཕྱི་ནས་བལྟས་ན་དེ་ཙམ་གཙང་རྒྱུ་མེད་པ་བདེན་མོད།   དོན་ལ་གནའ་སྔ་མོ་རང་ཅག་གི་ཕ་མེས་ཚོའི་སྐབས་ནི་འཕྲོད་བསྟེན་གྱི་འདུ་ཤེས་ཕུན་སུམ་ཚོགས་པ་ཡོད་པའི་ཡུལ་ལུང་ཞིག་ཡིན།   སྐབས་དེར་ང་ཚོ་ལ་དེ་རིང་འདྲ་འདྲ་དུག་སེལ་འདག་ཆུ་དང་དུག་སེལ་སྒམ་ཆུང་སོགས་དུག་སེལ་ཡོ་བྱད་ཅི་ཡང་མེད་མོད།   ང་ཚོས་རང་བྱུང་ཁམས་ཀྱི་སྐྱེ་དངོས་ཚོའི་ནུས་པ་བསྡུས་ནས་འཕྲོད་བསྟེན་ལ་དོ་ཁུར་དཔེ་མེད་བྱེད་ཀྱིན་ཡོད།   གང་རེད་ཟེར་ན།   གནའ་སྔ་མོ་ང་ཚོའི་རང་གི་ཕོར་བ་ཕོར་ཤུབས་སུ་བསྡུས་ནས་རང་ཉིད་གར་སོང་སར་བཟུང་ནས་འགྲོ་སྲོལ་ཡོད་ལ།   གཞན་ཁྱིམ་ཚང་ཞིག་ཏུ་སོང་ནས་ཇ་འཐུང་དགོས་ན་བདག་པོས་ཀྱང་ཁྱེད་ཀྱིས་ཕོར་བ་བཟུང་ཨེ་ཡོད་ཅེས་འདྲི་བ་ལས།   དེང་སང་འདྲ་འདྲ་ལར་ནས་མིན།   གལ་སྲིད་མགྲོན་པོས་ཕོར་བ་བཟུང་མེད་ན་བདག་པོས་ཕོར་བ་དེ།   ཐབ་ན་གདུ་བཞིན་པའི་ཇ་ཡིས་བཀྲུས་རྗེས་མེ་ནང་དུ་ཤུག་པ་དང་ཡང་ན་རྩམ་པ་སོགས་བདུག་ནས་དུག་སེལ་ཚད་ལྡན་བྱེད་ཀྱིན་ཡོད་པ་རེད།  མིན་ནའང་མེ་མགོར་བདུག་ནས་དུག་སེལ་བྱེད་པ་རེད།    མ་ཟད་གྱོན་པའང་དེ་དང་ཨ་ན་མ་ན་རེད།   གྱོན་པ་དེ་མི་གཞན་པས་གྱོན་མྱོང་ཡོད་ན་རླུང་དང་ཉི་འོད་ལ་བསྟེན་ནས་དུག་སེལ་ལེགས་པོ་བྱས་རྗེས་ད་གཟོད་བཀོལ་སྤྱོད་བྱེད་པ་རེད།   དེ་ལས་ཀྱང་ངོ་མཚར་བའི་ཡུལ་དུ་གྱུར་བ་ཞིག་ལ།   ང་ཆུང་དུས་ཨ་ཁུ་ཆེ་བ་དང་ལྷན་དུ་འཚར་བ་ཡིན་ཟེར་ཆོག   ཨ་ཁུས་ནམ་རྒྱུན་ང་ལ་ཇ་འཐུང་ཚར་རྗེས་ཕོར་བ་ཁ་སྦུབས་སུ་མ་བཞག་ན་ཕོར་བའི་ནང་དུ་སྡེ་བརྒྱད་མི་མ་ཡིན་གྱི་གྲོང་ཁྱེར་ཆགས་ཡོང་བ་རེད།   ང་ཚོས་ཇ་གདུ་ཁོལ་མ་ཕོར་བུ་ནང་དུ་ལྡུག་སྐབས་མི་མ་ཡིན་གྱི་གྲོང་ཁྱེར་དེ་དག་འཚིག་འགྲོ   དེ་ནི་སྡིག་པ་ཆེན་པོ་ཡིན་པས་ང་ཚོས་ཕོར་བའི་ཁ་ཡར་བཀྱགས་ནས་འཇོག་མི་རུང་ཟེར།   ད་དུང་ང་ཆུང་དུ་ཡ་མཚན་པྲ་ཆལ་ཡིན་པས་ལག་ཏུ་གྲི་བཟུང་ནས་བར་སྣང་དུ་སྟོང་གཡུག་བྱེད་པར་ཧ་ཅང་སྤྲོ་པོ་ཡོད།   ཨ་ཁུས་ང་ལ་ང་ཚོའི་མིག་གིས་མི་རིག་པའི་སེམས་ཅན་མང་པོས་བར་སྣང་དུ་གནས་བཅས་ནས་ཡོད་པས་བར་སྣང་དུ་གྲི་སྟོང་གཡུག་བྱས་ན་སྡིག་པ་ཡོད་ཟེར།   འདི་ཚོ་ནི་ངས་ཆུང་དུས་ཀྱི་ཁོར་ཡུག་ནས་རྙེན་པའི་རིན་ཐང་བྲལ་བའི་ཚན་རིག་དང་འཕྲོད་བསྟེན་དག་རེད།   མིན་ས་ནའང་དེའི་སྐོར་གྱི་འཕྲོད་བསྟེན་དང་མ་ཟད་ད་དུང་དེང་སང་གཏན་ནས་འབྲེལ་བཤད་བྱེད་མི་ཐུབ་པའི་རིན་ཐང་བྲལ་བའི་དམངས་ཁྲོད་རིག་གནས་ཕུན་སུམ་ཚོགས་པ་ཡོད་པ་ནི་གོར་མ་ཆག   ཡིན་ནའང་ངས་རང་གིས་གོ་མྱོང་བའི་སྐད་ཆ་དེ་དག་ལས་གཞན་རྒྱུ་ཆ་འཚོལ་སྡུད་བྱས་པའི་ངལ་བ་ཕྲག་ལ་མ་བླངས་པས་རྒྱ་མཚོའི་ནང་གི་ཆུ་ཐིགས་ཙམ་བཀོད་པ་ཡིན།   དེ་ལྟར་གོང་དུ་སྡེ་བརྒྱད་མི་མ་ཡིན་གྱི་གྲོང་ཁྱེར་ཟེར་བ་དེ་ནི་དེང་སང་ཚན་རིག་པས་ཕྲ་མཐོང་ཆེ་ཤེལ་ཞེས་པ་དེ་བཀོལ་ནས་མཐོང་བཞིན་པའི་སྲིན་འབུའི་གྲོང་ཁྱེར་དེ་རེད་ལ།   འུ་ཅག་གི་མེས་པོ་ཚོས་ཐབས་གང་འདྲ་ཞིག་བཀོལ་ནས་མཐོང་སོང་བ་ནི་ང་ལའང་ལྐོག་འགྱུར་ནང་གི་ལྐོག་འགྱུར་ཞིག་ཅི་ལ་མིན།  

  ཁོར་ཡུག་གྱུར་སོང་བས་ང་ཚོས་འཕྲོད་བསྟེན་ལ་གཟབ་དགོས།   གནའ་སྔ་མོ་ཞིང་འབྲོག་གི་ས་ཆ་ཀུན་ན་རང་བྱུང་གི་སྨན་རླངས་འཕྱུར་ཞིང་།   རྩྭ་དང་རྩི་ཏོག་གིས་མི་ཕྱུགས་གཉིས་ལ་དགོས་པ་སྩོལ་གྱིན་ཡོད་པ་དང་།   དྭངས་གཙང་གི་མཁའ་དབུགས་ནི་ནམ་རྒྱུན་སྨན་བཅུད་དང་འགྲོགས་ནས་ང་ཚོའི་དབུགས་ལམ་དུ་འགྲོ་བཞིན་ཡོད།   སྐབས་དེར་དམངས་ཁྲོད་འཕྲོད་བསྟེན་ཡང་དཔེ་ཡག་པོ་ཡོད་པས་དེ་འདྲ་ཞིག་གིས་མི་ཆོག་རྒྱུ་གང་ཡང་ཡོད་པ་མ་རེད།   མི་མང་པོ་འདུས་ནས་དེང་སང་འདྲ་འདྲ་གཅིག་ཐོག་གཉིས་བརྩེགས་བྱས་ནས་བསྡད་ཡོད་ས་ཞིག་ལར་ནས་ཡོད་པ་མ་རེད།   རེད་དེ། ད་སྐབས་དེ་འདྲ་གཞི་ནས་མ་རེད།   རང་བྱུང་ཁོར་ཡུག་གི་ནུས་པ་ཇེ་ཞན་དུ་སོང་བ་དང་བསྟུན་ནས་འཕྲོད་བསྟེན་གྱི་འདུ་ཤེས་ཀྱང་ཇེ་མཐོ་རུ་མ་བཏང་ན་ག་ལ་འགྲིག   ད་ལྟ་ང་ཚོས་སྔོན་མའི་སྲོལ་རྒྱུན་གྱི་འཕྲོད་བསྟེན་དག་བརྗེད་སོང་བའམ་ཡང་ན་དེ་འདྲ་བྱེད་པ་ཁོར་ཡུག་ལ་མི་འཚམ་པ་གང་ཞིག་ཏུ་གྱུར་འདུག   དེང་སང་གི་འཕྲོད་བསྟེན་གླེང་ན་སྔོན་མ་ང་ཚོས་འདི་འདྲ་མ་བྱས་ཀྱང་འཚོ་ཐུབ་ཀི་ཟེར་ནས་ཨུ་ཚུགས་ཀྱི་སྐད་ཆས་རྒོལ་སྲིད།   དེ་ནི་ངོ་མ་འགྲིག་མེད།   དཔེར་ན་དཀར་མཛེས་ཁུལ་མི་དམངས་སྨན་ཁང་གིས་བཤད་པ་ལྟར་ན་ད་ལྟ་སྨན་ཁང་ནས་བུད་མེད་ཤི་ལམ་དུ་ཤོར་བའི་གྲངས་ཀྱི་བརྒྱ་ཆ་སུམ་ཅུ་ནི་འཕྲོད་བསྟེན་གྱི་འདུ་ཤེས་ཞན་པས་བསྐྱེད་པའི་ནད་པ་དག་རེད་འདུག་ཟེར།   དེས་ན་ང་ཚོས་ཀྱང་འཕྲོད་བསྟེན་ལ་གཟབ་རྒྱུ་ནི་ཧ་ཅང་གལ་ཆེ་སྙམ།   ནན་ཞུ་ཐེངས་གཅིག་བྱས་ན་ད་ལྟ་ང་ཚོའི་ཉེ་འཁོར་གྱི་རང་བྱུང་སྨན་རླངས་ཀྱི་ངད་ཁ་ཉམས་ཟིན་ལ།   དྭངས་གཙང་གི་མཁའ་དབུགས་ཀྱང་སྔོན་མའི་ཚད་ན་མེད།   མི་མང་པོ་ལྷན་དུ་འདུས་སྡོད་བྱས་ཡོད་པས་ང་ཚོའི་འཚོ་བ་ལ་དེང་སང་གི་འཕྲོད་བསྟེན་ཤེས་བྱ་ཤིན་ཏུ་མཁོ།   ལྷག་པར་དུ་བུད་མེད་ཀྱི་འཕྲོད་བསྟེན་དེ་བས་ཀྱང་མཁོ་བར་འདོད་དོ། །


  • ལེ་ཚན་སྔོན་མ།:ངའི་ཨ་མ་འབྲོག་མོ་ཞིག་ཡིན།
  • ལེ་ཚན་རྗེས་མ།: ཕ་ཡིས་བུ་ལ་ཕ་སྐད་སློབ་པའི་བརྒྱུད་རིམ།