གཏན་ཚིགས།

དུར་བྱང་།        2020-07-03

A

   ཕ་ཡུལ་གྱི་གཙང་འགྲམ་ནས་ང་རང་ཁེར་མོར་བསྡད་དུ་ཆུགས། དོ་ནུབ་ཕ་ཡུལ་དུ་ཁ་བ་ལྷབ་ལྷུབ་འབབ། དེ་བཞིན་དུ་ཁྱོད་རང་དྲན་ཚུལ་ལྟར། ངའི་སེམས་ཁོངས་སུ་ཁ་བ་ཞི་འཇམ་གྱིས་བབས་བྱུང་། ཕ་ཡུལ་ལ་ཇི་ལྟར་བཅར་ན་ན་ཟུག་དེ་ལྟར་རྒོད་པས། ཅི་མི་སྙམ་པར་ན་ཟུག་ནི་ངའི་ཁོར་ཡུག་ན་བླུགས། སྨྲ་བ་བསྡམས་ནས་ཁྱོད་ལ་དགའ་དགོས་པ་དེ་ནི་ཅི་ཡིས་ལན། མི་ཚོགས་ཀྱིས་ཡོ་ལང་འཁྲུགས་པའི་སྡེ་གྲོང་ཞིག་ནས། ཁྱོད་ཀྱི་གཟུགས་རིས་ང་ཡི་སེམས་ཀྱི་སྒྲོམ་ཆུང་ནང་དུ་བསྙལ། གྱེས་ཁ་མར་ངའི་དྲན་པའི་འདབས་སུ་ཁྱོད་ཀྱི་རྒྱབ་གཟུགས་འཁོར། སེམས་ཀྱི་དབུས་སུ་ན་ཟུག་གིས་སྦོས་པར་འགྱུར་ཚེ། ཨུ་ཚུགས་ཀྱིས་རྒྱབ་གཟུགས་ཕར་ལ་དེདཀྱང་། དགུན་ཟླ་བཞིན་ཚུར་ལ་ཚེས་ཡོང་བས། སྐྱོ་བ་ནི་བཙལ་མི་དགོས་པར་ངའི་འགྲམ་དུ་ཙོག་པུར་བསྡད་འདུག ངས་ནི་ཁྱོད་ཁོ་ན་ལ་དབང་བའི་ཐམ་ག་ཞིག་བཟོས་ནས། ཁྱོད་ཀྱི་གཟུགས་བྱད་སེམས་ཀྱི་མཐིལ་དུ་རི་མོ་བཞིན་དུ་བྲིས།

B

    ང་བར་སྐབས་རེ་ལ་རྒྱུ་མཚན་མེད་པར་སྐྱོ་ཡོང་། གློ་རྡེག་ཏུ་རང་སྲོག་ཀྱང་གཅད་འདོད་སྐྱེས་ཡོང་། རང་སྲོག་གཅད་བཞག་ན་སྡུག་བསྔལ་མང་པོ་ཞིག་མྱང་མི་དགོས། ཁྱོད་རང་གཏན་དུ་མི་དྲན་པའི་གྲུ་ཁ་གང་ཞིག་ལ་ལོག་ན་ཆོག འཆི་བ་ཟེར་བའི་ཐ་སྙད་དེ་ཕར་ལ་བསེད་ཀྱང་། དེ་ནི་དུས་གཏན་དུ་ལྡོག་ཐུབ་པ་ཞིག་མིན་པས། ངས་ཨུ་ཚུགས་བྱས་ན་ཡང་ངལ་བའི་རྒྱུ་ཞིག་རེད། ངས་བུ་མོ་ཞིག་ངོ་ཤེས་པ་ནས་བཟུང་ངའི་སྙིང་ཁར་སྡུག་བསྔལ་གྱི་ས་བོན་ཞིག་འབུས་མགོ་ཚུགས། ང་དང་འབྲེལ་ཡོད་ཀྱི་བྱ་དངོས་དག་ལ་བྲོ་བ་མེད་པར་གྱུར། དུས་སྐབས་རེ་ལ་སྡུག་དྲགས་པས་གོམ་པ་ས་ལ་སྤོས་པ་ཡང་ངོས་ཟིན་གྱིན་མི་འདུག འུར་ཟིང་ཆེ་བའི་མི་ཚོགས་དང་གྲོང་ཁྱེར་ལ་ཁ་བྲལ་ནས། ཆེས་རང་དབང་ལྡན་པའི་འབྲོག་སྡེ་ཞིག་ལ་སོང་སྟེ། འཚོ་བ་ཐབས་ཆག་ཅིག་རོལ་འདོད་པ་ཐེངས་གཅིག་ག་ལ་ཚད། ཡིན་ཡང་ཁྱོད་ནི་གྲོང་ཁྱེར་ལ་དགའ་བའི་བུ་མོ་ཞིག་ཡིན་པས། ངས་རང་གི་དགའ་ཕྱོགས་ཀྱི་རྒྱུན་ཐག་གཅོད་དགོས་ཐུག་ཀྱང་འགྱོད་པ་མེད། ཁྱོད་གྲོང་ཁྱེར་ལ་དགའ་དོན་ཡང་ཆུང་དུས་སུ་གྲོང་ཁྱེར་དུ་འཚོ་བ་རོལ་དྲགས་པས་ཡིན་ངེས། ངས་ནི་ཁྱོད་རང་ང་ལ་མི་དབང་བ་སྔོན་ནས་ཤེས་ཡོད། འོན་ཀྱང་ངས་ཁྱོད་རང་ངོ་མ་བློས་མི་ཐོངས། ངས་འདི་ལྟར་བྱས་ན་ཁྱོད་ཀྱི་མ་འོངས་པའི་འཚོ་བ་ལ་དཀའ་ཁག་ཡོད་ཤེས་ཡོད། ད་ནས་བཟུང་ཁྱོད་དང་འབྲེལ་བ་མི་བྱེད་པ་སེམས་ཐག་བཅད་ན་ཡང་། ཁྱོད་དང་ན་ཚོད་མཉམ་པའི་བུད་མེད་དེ་དག་མཐོང་དུས། ཁྱོད་རང་ཡིད་ཀྱི་གཏིང་དུ་སིམ་ཡོང་གིན་འདུག དེ་འདྲའི་བར་སྐབས་རེ་ལ། རེ་ཆད་དང་ཡི་མུག་གིས་དུངས་བརྗོད་ཀྱི་སྐྱོ་འཕྲིན་གྲངས་མེད་ཅིག་འབྲི་བ་ལས་ང་ལ་ཐབས་ཤེས་ཤིག་གང་ན་ཡོད།

C

    ངས་བྲིས་བྲིས་ནས་མཚམས་འདི་ལ་ཐོན་དུས། ངའི་གྲོགས་པོ་ཞིག་གི་སྐད་ཆ་ཡིད་ལ་ཤར་བྱུང་། “ཁྱོད་དགའ་སའི་བུ་མོ་དེས་སྙན་ངག་འབྲི་མི་ཤེས། བཀླག་ཀྱང་མི་ཤེས་ཁྱོད་ཀྱིས་རང་ཉིད་ལ་མནར་གཅོད་བཏང་ནས་ཅི་བྱེད། དངོས་གནས་དེ་ལ་ཡང་སྙིང་ཅི་ཞིག་ཡོད”ཟེར་ནས་དྲི་བ་ལྟ་བུའི་ཞིག་དྲིས་བྱུང་། ངས་ཀྱང་ཁོ་ལ“སྐྱོན་མེད། ད་དུང་ངས་མོ་ལ་སྙན་ངག་མང་པོ་ཞིག་འབྲི་ངེས། སྙན་ངག་མང་པོ་ཞིག་བྲིས་ཏེ་ང་རང་རྒས་སུ་འཇུག་རྒྱུ་ཡིན” ངས་དེ་ལྟར་ལན་བཏབ་པ་ཡིན། ཉི་མ་དེར་ང་མཚོ་འགྲམ་ཞིག་ལ་སོང་བ་ཡིན། ང་དེ་རུ་འདུག་པ་སེམས་ཐག་བཅད་ནས་ལྦུ་ཆང་དང་སྙན་ངག་གི་དེབ་(ཧེ་ཙིའི་སྙན་ངག་གཅེས་བསྡུས)ཅིག་བཟུང་ཡོང་བ་ཡིན། སྙན་དེབ་སྟེ་མགོ་ནས་མཇུག་བར་སྐད་མཐོན་པོ་སྒོ་ནས་འདོན་པའི་རྗེས་སུ་སྐད་ཀྱང་འགགས་སོང་། ལྦུ་ཆང་དམ་བུ་མང་པོ་ཞིག་བཏུངས་ཏེ་ང་རང་བཟི་བར་གྱུར་ནས་རབ་ཏུ་ངུས་པ་ཡིན། ནམ་ལངས་ནས་གཉིད་ལས་སད་པ་ན་ང་རང་སྨན་ཁང་ནང་ལ་ཐོན་འདུག གྲོགས་པོས་བཤད་ན་མདང་ནུབ་ཁྱོད་རང་མི་མང་པོས་བཙལ་ན་རེད། ཁྱོད་རྙེད་དུས་འཁྱག་ནས་འཁེང་ལ་ཁད་བྱེད་ཀྱིན་འདུག ཅུང་ཙམ་ཞིག་གི་རྗེས་ནས། ངའི་ཉེ་ཁོར་གྱི་མི་དག་གཉིད་ལ་ཤོར་རྗེས་ང་ལྐོག་ལྐོག་སུད་སུད་ངང་། འཇམ་ཅག་གེར་མཚན་རྒྱག་ནས་མོ་འཚོལ་དུ་ལམ་ལ་ཆས་པ་ཡིན། ཀྱག་ཀྱོག་གི་ལམ་མང་པོ་བརྒྱུད་ནས་མཚན་གང་བོར་སོང་རྗེས་སུ། རིམ་བཞིན་སྐྱ་རེངས་ཤིག་བཀྱག་ཡོང་། ངས་ཐོག་མར་མཐོང་ཡོང་བ་ནི་ཁྱོད་སློབ་ཆེན་འགྲིམས་མྱོང་སའི་གནས་དེ་ཡིན་འདུག ངས་ཚོད་བགམ་བྱས་ཏེ་ཁྱོད་ཀྱི་འཚོ་བ་གནས་དེ་ན་རོལ་ཡོད་པ་གཞིགས་ནས། ང་དེ་རུ་གཞི་ཆགས་པའི་སེམས་ཐག་བཅད། ཁྱོད་དེ་ལ་མེད་ན་ངས་གང་ཞིག་ན་འཚོལ་དུ་འགྲོ ང་མགྲོན་ཁང་ཐབས་ཆག་ཅིག་གི་ནང་དུ་སོང་ནས་དངོས་པོ་དག་བཞག་རྗེས། ལོ་བདུན་གྱི་སྔོན་ལ་ཁྱོད་འགྲོ་མྱོང་བའི་སློབ་ཆེན་གྱི་ཕྱི་ནང་གསང་གསུམ་ལ་ངས་ཡིད་ཚིམས་པ་ཞིག་བལྟས་པ་ཡིན། དགོང་སྲོད་ཅིག་ལ་མགྲོན་ཁང་ནང་དུ་ཕྱིར་ལོག་པའི་ལམ་བར་ནས་བྱིས་པ་ཞིག་གིས་རྩེད་མོ་རྩེ་ཡིན་འདུག ང་ཁོའི་མདུན་ཐད་ནས་འགྲོ་བཞིན་པའི་སྐབས་དེར་ཁོས་ང་དེ་ཁོ་རང་གི་ཨ་ཕ་རུ་འཁྲུལ་ནས། ངའི་རྒྱབ་ཕྱོགས་ནས་གློ་བུར་དུ་ཨ་ཕ་ཞེས་བོས་བྱུང་། ངས་སྣང་དོགས་ཅི་ཡང་མེད་པར་ཁ་ཕྱིར་འཁོར་ནས་བྱིས་པ་དེ་འཛུམ་ཞིག་བསྟན་པ་ན། ཐོད་པའི་གམ་ལ་སྐྲ་ལོ་དམར་སེར་ཅན་གྱི་ལྭ་བ་སྔོ་སྐྱ་གྱོན་ཡོད་པའི་བུད་མེད་ཅིག་གིས་ཁོ་ཁྲིད་ནས་བུད་སོང་། བུད་མེད་གཞན་ཞིག་ཡིན་ན་ངས་མ་མཐོང་ཁུལ་བྱས་ན་ཆོག་མོད། མོ་ནི་དེ་དག་དང་མི་འདྲ་སྟེ། ངས་མ་མཐོང་ཁུལ་བྱེད་ཐུབ་ཀྱིན་མི་འདུག ངས་བུད་མེད་དེ་མོ་ཡིན་པ་ཤེས་རྗེས་སེམས་གཏིང་ལ་གཟེར་ནག་གི་ཕུར་བུ་གཏབས་པ་ལྟར། སྐྱོ་བ་དུ་མ་ཞིག་དྲུད་ནས་ང་རང་མགྲོན་ཁང་ནང་ལ་ཕྱིར་ཡོང་བ་ཡིན། ང་གཉིད་ཡོང་གིན་མི་འདུག་གློ་བུར་ཏུ་ཡར་ལངས་དེ། མགྲོན་ཁང་ནང་ནས་ཕྱིར་བུད་པའི་ལས་ཀ་རྣམས་བསྒྲུབས་པ་ཡིན། དེ་རྗེས་མོ་བསྡད་ཡོད་སའི་གནས་དེ་རུ་སོང་ནས། མགྲོན་ཁང་ཞིག་གླས་དེ་ང་རང་དེ་ན་བསྡད་པ་ཡིན། ང་ལ་ཟས་ཟ་བའི་ཡི་ག་མེད་ལ། ཅུང་ཙམ་ཟ་འདོད་དུས་ཀྱང་། མང་ཤོས་ནི་མགྱོགས་ཐུག་ཟོས་པ་ཡིན། མོ་ལམ་བར་ནས་ནམ་རྒྱུན་འགྲོ་ཐེངས་རེར་ངས་མོ་མིག་སྐྱེལ་བྱས་པ་ཡིན། ལུས་སེམས་ངལ་དུབ་ཀྱིས་གཙེས་ཤིང་། ཉིན་རྒྱུན་མོའི་རྒྱབ་གཟུགས་ལ་མིག་སྐྱེལ་བྱེད་པའི་ལས་ལ་ང་རབ་ཏུ་གོམས་པར་གྱུར།



  • ལེ་ཚན་སྔོན་མ།:ཏང་གི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ།
  • ལེ་ཚན་རྗེས་མ།:ལོ་དེའི་དགུན་ཁ།