བློ་བཟང་སྐྱིད། 2020-06-29
ན་གཞོན་ཚོ། ང་ཚོའི་མ་འོངས་མདུན་ལམ་འཚོལ་ཆེད་མདུན་དུ་སྐྱོད། ན་གཞོན་ཚོ། ང་ཚོའི་ཕུགས་བསམ་མངོན་འགྱུར་ཡོང་ཆེད་མདུན་དུ་སྐྱོད། ན་གཞོན་ཚོ། ང་ཚོའི་མ་འོངས་བདེ་སྐྱིད་ཐོབ་ཆེད་མདུན་དུ་སྐྱོད། ན་གཞོན་ཚོ། ང་ཚོའི་ཕ་མའི་དྲིན་ལན་མཇལ་ཆེད་མདུན་དུ་སྐྱོད། གང་ཞིག་གང་ན་ཡོད་ཚད་ཀྱི་ཆེད་དུ་མདུན་དུ་སྐྱོད། ན་གཞོན་ཚོ། ང་ཚོའི་མདུན་ན་རྨོངས་གཉིད་སེལ་བྱེད་ཀྱི་སྒྲོན་མེ་ཡོད། ང་ཚོའི་གམ་ན་བློ་སྒོ་འབྱེད་བྱེད་ཀྱི་ལྡེ་མིག་ཡོད། ང་ཚོའི་རྗེས་ལ་རིག་གནས་ཀྱིས་ཁེངས་པའི་དགེ་རྒན་རྣམས་ཡོད་པས་ང་ཚོ་མདུན་ནས་མདུན་དུ་སྐྱོད་དགོས། ན་གཞོན་ཚོ། ཁྱོད་ཚོས་མྱུར་དུ་ལྟོས་དང་། ཡངས་ཤིང་རྒྱ་ཆེ་བའི་སློབ་གྲྭས་ཁྱོད་རང་ཕེབས་པར་རེ་སྒུག་བྱེད་བཞིན་ཡོད། བྱམས་དང་སྙིང་རྗེ་ལྡན་པའི་དགེ་རྒན་གྱིས་ཁྱོད་ལ་རིག་གནས་ཁྲིད་པར་གྲ་སྒྲིག་བྱེད་བཞིན་ཡོད། མཛེས་ཤིང་ཡིད་དུ་འོང་བའི་མེ་ཏོག་གིས་ཁྱོད་ལ་དགའ་བསུ་བྱེད་བཞིན་ཡོད་ལ། སུས་ཀྱང་མི་ཤེས་པའི་མ་འོངས་པས་ཁྱོད་རང་བསྒུགས་ནས་བསྡད་ཡོད། དེའི་ཕྱིར། ང་ཚོའི་སློབ་སྦྱོང་ལ་འབད་པ་བྱས་ནས་མདུན་ནས་མདུན་དུ་སྐྱོད་དགོས། ན་གཞོན་ཚོ། ཁྱོད་ཚོས་མྱུར་དུ་ཉོན་དང་། བྱམས་སྙིང་རྗེ་ལྡན་པའི་ཕ་མས་ཁྱོད་ལ་ཁ་ཏ་བྱེད་བཞིན་ཡོད། ང་ཚོས་ཁོ་ཚོས་བཤད་པའི་སྐད་ཆ་རྣམས་སེམས་སུ་བཟུང་ནས་མདུན་ནས་མདུན་དུ་སྐྱོད་དགོས།
ན་གཞོན་ཚོ། གལ་ཏེ། ཁྱོད་རང་གི་མ་འོངས་པར་བདེ་སྐྱིད་འཐོབ་འདོད་ན་མདུན་ནས་མདུན་དུ་སྐྱོད་དགོས། གལ་ཏེ། ཁྱོད་རང་གིས་སྦྲང་མ་བཞིན་མེ་ཏོག་གི་རོ་བཅུད་མྱོང་འདོད་ན་ད་ནས་མདུན་ནས་མདུན་དུ་སྐྱོད་དགོས། གལ་ཏེ། ཁྱོད་རང་གིས་ཕ་མའི་དྲིན་ལན་འཇལ་བསམ་ན་ད་ལྟ་མདུན་ནས་མདུན་དུ་སྐྱོད་དགོས། རང་གིས་སྒྲུབ་བསམ་པའི་དོན་དག་རྣམས་ལེགས་འགྲུབ་བྱུང་ཆེད་ད་ལྟ་ནས་མདུན་ནས་མདུན་དུ་སྐྱོད་དགོས།
ན་གཞོན་ཚོ། ད་ནས་མདུན་ནས་མདུན་དུ་སྐྱོད་དང་། ད་ལྟ་ཁྱོད་ལ་ད་རུང་གོ་སྐབས་ཡོད། ན་གཞོན་ཚོ། ད་ནས་སློབ་སྦྱོང་ལ་འབད་པར་བྱོས་དང་། རང་གི་མི་ཚེ་འཕྲོ་བརླག་ཏུ་མ་གཏོང་། ན་གཞོན་ཚོ། ད་ནས་མདུན་ནས་མདུན་དུ་སྐྱོད་དང་། ཕ་མའི་སློབ་གསོ་དེ་དོན་མེད་དུ་མ་གཏོང་། ན་གཞོན་ཚོ། དུས་ཚོད་ནི་གསེར་ལས་དཀོན་ཏེ་ཉིན་རེ་ནས་ཉིན་རེར་ཟད་འགྲོ། ཁོ་རང་གིས་ང་ཚོ་སུ་ཡང་མི་སྒུག་པས། ང་ཚོས་དུས་ཚོད་གཅིག་ཀྱང་འཕྲོ་བརླག་ཏུ་མི་གཏོང་བར་མདུན་ནས་མདུན་དུ་སྐྱོད་དགོས། ན་གཞོན་ཚོ། ང་ཚོ་ཚང་མ་མུན་ནག་ནས་ཡར་བུད་ནས་ཚང་མ་མཉམ་དུ་མདུན་ནས་མདུན་དུ་སྐྱོད་དང་། ང་ཚོ་ཚང་མ་གཏི་མུག་ནས་ཚུར་བུད་དེ་ཚང་མ་མཉམ་དུ་མདུན་ནས་མདུན་སྐྱོད་དང་། ཉིན་ཞིག་ལ་ཁྱོད་ལ་གྲུབ་འབྲས་ཐོབ་པ་ཁོ་ཐག་ཡིན། ན་གཞོན་ཚོ། མྱུར་དུ་རྨོངས་གཉིད་ཀྱི་ནང་ནས་ཕྱིར་བུད་དེ་ང་དང་མཉམ་དུ་མདུན་ནས་མདུན་དུ་སྐྱོད་དང་། ན་གཞོན་ཚོ། ང་ཚོའི་ཕ་མ་དང་དགེ་རྒན་གྱིས་ང་ཚོ་ལ་བཅངས་པའི་རེ་བ་དེ་མངོན་འགྱུར་ཡོང་ཆེད་ང་ཚོ་ཚང་མ་མཉམ་དུ་མདུན་ནས་མདུན་དུ་སྐྱོད་དང་། ན་གཞོན་ཚོ། ཚང་མ་མཉམ་དུ་མདུན་ནས་མདུན་དུ་སྐྱོད་ཅིག།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10