ཡུམ་ཆེན་ལགས། འོ་བརྒྱལ་ཆེ་སོང་།

རིག་འཛིན་གནས་སྐྱབས།        2020-06-22

དུས་རབས་ཤིག་གི་དཀྱོགས་མཚམས་ནས། འཛད་མཐའ་བྲལ་བའི་མི་རབས་ཀྱི་དཔའ་བོའི་དེབ་ཐེར་ཅིག ང་ཁྱེད་ཀྱི་པང་ཁུག་ནས་མེ་ཏོག་བཞིན་བཞད་ཅིང་། ཁྱེད་ཀྱི་ལག་ཟུང་ལས་པདྨ་བཞིན་འཁྲུངས་ཡོད། ཁྱེད་ནི་སྲིད་པའི་གོ་ལ་འདིའི་བྱེད་པོ་ཡིན་ལ། མཚར་སྡུག་གིས་ཕྱུག་པའི་འཇིག་རྟེན་འདིར་བགྲང་བར་དཀའ་བའི་ལོ་རྒྱུས་བསྩལ་ཡོད། ངའི་སེམས་ཁོང་ན་རབ་ཏུ་འཛུམ་པའི་ཡུམ་ཆེན་ལགས། ཁྱེད་ཅེས་པའི་མིང་དེ་འཇིག་རྟེན་འདིར་བྱམས་བརྩེའི་འཛུམ་མདངས་དང་བཅས་ཏེ་འཁྲུངས་མེད་ན། ང་ཚོ་ནི་དེ་བས་ཀྱང་མེད་པ་སྨྲོས་ཅི་དགོས། དེ་བས་འདི་ལྟར་ཕྱིར་འདང་རེ་བརྒྱབ་ན་ཁྱེད་ནི་འཇིག་རྟེན་འདིའི་བྱེད་པོ་ཡིན་འདུག་ལགས།

ལོ་ཟླའི་གངས་ཆར་གྱི་ལྭ་བ་གོས་སུ་གྱོན་ཞིང་། ལྕི་འདམ་དང་ན་འདམ་ཀྱི་ཁྲོད་ན་ཕྱུགས་ཟོག་གི་རྨིག་རྗེས་ལ་སྙེག་བཞིན་པའི་བདག་གི་ཨ་མ་དྲིན་ཆེན་ལགས། ཁྱེད་ཀྱིས་གནས་འདི་ནས་སྤྲིན་བཞུད་ཀྱི་དབྱངས་རྟ་ལ་འགྲོགས་ནས་རྫི་གླུ་གྱེར་མྱོང་། དེའི་ཕྱིར། ཁྱེད་ནི་མི་རབས་ཤིག་གི་ལ་རྒྱ་དང་གཟི་བརྗིད་དུ་སྒོམ་ཆོག་པར་འདོད། ནངས་མོའི་སྐྱ་རེངས་དང་དགུང་ཁའི་སྐར་ཚོགས་ལ་འགྲོགས་ཀྱིན་ང་ཚོའི་དོན་དུ་རང་སྲོག་བློས་གཏོང་ཕོད་པའི་ངའི་སེམས་ཁོང་ན་འོད་དུ་འཚེར་བའི་ཡུམ་ཆེན་ལགས། ཁྱེད་ནི་བརྗིད་པར་སྤོབས་པའི་ལྷུན་པོ་བཞིན་བརྟན་པར་གྱུར་ཅིག་གུ

ཡུམ་ཆེན་ལགས། ཁྱེད་གནས་པའི་ཡུལ་དེ་ནས་དགའ་སྤྲོའི་དགོད་སྒྲ་ཡལ་མ་མྱོང་ལ། ཁྱེད་ཡོད་པའི་ས་དེ་ནས་བརྩེ་བའི་འཛུམ་མདངས་བོར་མྱོང་མེད། ཁྱེད་ནི་ཁྱིམ་ཚང་གི་དགོད་སྒྲ་རེད་འདུག་ལ། བུ་ཕྲུག་གི་འཛུམ་མདངས་ཡིན་འདུག གངས་ཆར་ཙག་རླུང་གི་ཁྲོད་ང་ཚོའི་དོན་དུ་མི་ཚེ་འབུལ་བར་བྱེད་པའི་ཡུམ་ཆེན་ལགས། ཁྱེད་ཀྱི་འཛུམ་མདངས་རྣལ་མ་དེ་དང་བྱམས་བརྩེའི་དགོད་སྒྲ་དེ་ངའི་སེམས་ཁོང་ན་ཉི་ཟླ་བཞིན་གསལ་ཡོད་ལ། ཁྱེད་ཀྱིས་ང་ཚོའི་སླད་དུ་བསྒྲུབས་མྱོང་བའི་བྱ་བ་དང་། ང་ཚོ་ལ་གནང་བའི་བསླབ་བྱ་དག་ངའི་ཡིད་ཀྱི་ཟབ་ས་ན་རྡོ་བརྐོས་རི་མོ་བཞིན་བརྟན་ཡོད།

ཡུམ་ཆེན་ལགས། འོ་བརྒྱལ་ཆེ་སོང་།

  • ལེ་ཚན་སྔོན་མ།:ཡུམ་གྱི་བསླབ་བྱ།
  • ལེ་ཚན་རྗེས་མ།:ཨང་རྟགས་ཉེར་བཞི་པ།