མཆོག་སྤྲུལ་རྡོ་རྗེ་བཀྲ་ཤིས་མཆོག་གིས་གནང་བའི་བཀའ་སློབ་གལ་ཆེན་ཞིག

མཆོག་སྤྲུལ་རྡོ་རྗེ་བཀྲ་ཤིས།        2020-02-25

༈ རང་ཁྱིམ་ནས་བསྟན་དོན་སྒྲུབས།


ལྷན་རྒྱས་ལོ་སར་བཟང་།

    བདག་གིས་དར་མདོ་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་མི་ཡོངས་ཀྱི་ཚབ་བྱས་ཏེ། བོད་ལྕགས་བྱི་ལོའི་གནམ་ལོ་གསར་དུ་ཚེས་པར། གངས་ཅན་བོད་རིགས་ཕུ་ནུ་ལྕམ་སྲིང་སྤྱི་དང་།  ལྷག་པར་དར་མདོའི་མངའ་ཁོངས་སུ་གཏོགས་པའི་དགོན་སྡེ་དང་མི་དམངས་ཡོངས་ལ་འཚམས་འདྲི་དང་།  ཁ་དགེ་བཀྲ་ཤིས་ཀྱི་སྨོན་འདུན་ཞུ་བཞིན་ཡོད།   དེ་དང་ཆབས་ཅིག་ཏུ་བོད་ལོ་རྙིང་པར་རིམས་ནད་ཀྱིས་གཙེས་པའི་བོད་པ་དག་ལ་ཡང་གདུང་སེམས་མཉམ་སྐྱེད་ཞུས་པ་ཡིན།

    དེ་རིང་བཀྲ་ཤིས་པའི་ཉིན་མོ་ཁྱད་པར་ཅན་དང་འབྲེལ། དར་མདོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་མི་ཡོངས་དང་།  ས་དགེ་བཀའ་རྙིང་།  གཡུང་དྲུང་བོན་དང་བཅས་པའི་དགོན་པ་དང་བཤད་གྲྭ།  ཡུལ་སྡེ་ཐམས་ཅད་ལ་ཆེད་དུ་ཞུ་བར་བྱ་བ་གང་ཞེ་ན།

    ད་ལོའི་ལོ་སར་ནི་ལོ་སྔོན་མ་རྣམས་དང་མི་མཚུངས་པར།   འདུ་འཛོམས་ཆེན་པོ་དང་འགྲོ་འོང་མང་པོ་སོགས་བྱེད་མི་རུང་བའི་དུས་སྐབས་དམིགས་བསལ་ཞིག་ལ་འཁེལ་ཡོད་པ་རེད།  དེ་ཡང་རིམས་འགོག་མཁས་པ་ཀྲུང་ནན་ཧྲན(钟南山)སོགས་ཀྱིས་བསྟན་པ་ལྟར།  ཡུལ་གྲུ་གང་སར་མཆེད་བཞིན་པའི་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་འདི་ཉིད་ནི།  མི་དང་མི་བརྒྱུད་ནས་འགོ་བ་ཡིན་ཕྱིར། ཕན་ཚུན་ནད་དུག་མི་འགོ་བའི་སླད་དུ་གནས་སྐབས་རྒྱུ་འགྲུལ་གཅོད་རྒྱུ་ནི་རིམས་འགོག་གི་བྱེད་ཐབས་ཡག་ཤོས་སུ་གྱུར་ཡོད་པ་རེད། 

དེའི་དབང་གིས། གོང་རིམ་དང་འབྲེལ་ཡོད་སྨན་པ་རྣམས་ཀྱིས་བཏོན་པའི་བསྲུང་བྱ་སྟེ། འདུ་འཛོམས་མི་བྱ་བ་དང་།  ཕྱི་རོལ་ཏུ་འགྲོ་འདུག་ཉུང་བ་དང་།  ཁ་ཐུམ་ཚུལ་བཞིན་རྒྱག་པ་དང་།   ཕྱག་གཉིས་གཙང་མར་འཁྲིད་པ་དང་། མཁའ་དབུགས་གསར་པ་འཇིབ་པ་དང་། ཉི་འོད་དང་ཆང་བཅུད་ཀྱིས་དུག་སེལ་འོས་འཚམ་བྱེད་པ་སོགས་ཅིས་ཀྱང་བརྗེད་མི་རུང་བར་མ་ཟད། «མི་དམངས་ཉིན་རེའི་ཚགས་པར»(人民日报)སོགས་ལས་བསྒྲགས་ཤིང་།  རྒྱལ་ཁབ་ཀྱི་ཁྲིམས་སུ་བཅས་པ་སྟེ། རི་སྐྱེས་སྲོག་ཆགས་རྣམས་ཀྱི་ཤ་ཁྲག་ལ་མི་རོལ་པ་དང་།  དུ་ཆང་བག་མེད་སྤྱོད་མི་རུང་བ་སོགས་ཀྱང་སོ་སོའི་ཐུགས་ལ་ནན་གྱིས་འཛིན་དགོས་པ་རེད།

ད་ལྟ་འདང་བརྒྱབ་ན།  མི་རིགས་དང་རྒྱལ་ཁབ་མང་པོར་མི་འདོད་པའི་ན་ཚ་བྱུང་བ་འདིར་བློ་ཕམ་ཆེན་པོ་སྐྱེས་ཀྱང་། ཇི་སྐད་དུ། ཀུན་མཁྱེན་ཆེན་པོའི་ཞལ་ནས། “འཚེ་བས་ཉེན་ནས་ཆོས་དང་འཕྲད་པ་དེ། །ཐར་ལམ་རྙེད་པས་གནོད་བྱེད་བཀའ་དྲིན་ཆེ། །སྡུག་བསྔལ་ཡིད་བྱུང་ཆོས་དང་འཕྲད་པ་དེ། །གཏན་བདེ་རྙེད་པས་སྡུག་བསྔལ་བཀའ་དྲིན་ཆེ། །”ཞེས་དང་།“རྐྱེན་ངན་དྲག་པོས་ཆོས་དང་འཕྲད་པ་དེ། །འགྱུར་མེད་ལམ་རྙེད་རྐྱེན་ངན་བཀའ་དྲིན་ཆེ། །གཞན་གྱིས་བསྐུལ་བས་ཆོས་དང་འཕྲད་པ་དེ། །སྙིང་པོའི་དོན་རྙེད་སྐུལ་མཁན་བཀའ་དྲིན་ཆེ། །” ཞེས་གསུངས་པ་ལྟར།   ང་ཚོ་ཕལ་མོ་ཆེ་ལ་མཚོན་ན། དེ་སྔོན་རོལ་མ་མྱོང་བའི་ལོ་སར་འདི་ལྟ་བུ་ཞིག་རོལ་ཅིང་། དེ་སྔོན་ཁོམ་མ་མྱོང་བའི་ཁོམ་པ་འདི་ལྟ་བུ་ཞིག་བྱུང་བ་ནི།  དཔེ་ཆར་ལྟ་བ་དང་། རིག་གནས་སྦྱོང་བ་དང་། བསྙུང་གནས་སྲུང་བ་དང་།  ཁ་ཏོན་ཟློ་བ་དང་།  ཁྱད་པར་དུ་མཚམས་ལ་སྡོད་པ་སོགས་ཆོས་རྣམ་དག་བསྒྲུབ་པའི་གོ་སྐབས་ལེགས་པོ་ཤར་བ་སྟེ། རྐྱེན་ངན་གྲོགས་སུ་ཤར་ཞིང་། ལྟས་ངན་གཡང་སུ་གྱུར་པ་ཡིན་པས། གསེར་ལས་ལྷག་པའི་དུས་ཚོད་འདི་ཉིད་དོན་སྙིང་ཡོད་པ་དང་། རིན་ཐང་ལྡན་པ། འགྱོད་པ་མི་སྐྱེ་བ་ཞིག་ཏུ་འགྱུར་བར་རང་རང་གིས་དམ་འཛིན་ཡག་པོ་གནང་དགོས།

སོ་སོས་ཐུགས་འདང་ཞིབ་མོ་ཐོང་དང་།  དུས་འདིར་རང་ཉིད་ཀྱིས་ཅི་ཞིག་བསྒྲུབ་ན་འགྲིག་གམ། སངས་རྒྱས་བཅོམ་ལྡན་འདས་ཀྱིས«ཆེད་དུ་བརྗོད་པའི་ཚོམས»སུ། “བདག་ཉིད་བདག་གི་མགོན་ཡིན་གྱི། །གཞན་ལྟ་སུ་ཞིག་མགོན་དུ་འགྱུར། །བདག་ཉིད་ལེགས་པར་ཐུལ་བས་ནི། །མཁས་པས་མཐོ་རིས་ཐོབ་པར་འགྱུར། །” ཞེས་གསུངས་པས།  ཕྱི་རོལ་ཏུ་ནད་ཡམས་ཀྱི་ཉེན་ཁས་གདུང་མོད། ནང་དུ་བསྒྲུབ་ཐུབ་པ་ནི་བླ་མ་དཀོན་མཆོག་གསུམ་དང་རྒྱུ་འབྲས་བསླུ་བ་མེད་པར་ཡིད་རྟོན་པ་ལས་ཐབས་ཤེས་གཞན་ཅི་ཡོད།

   དེ་ཡང་ལུས་ངག་ཡིད་གསུམ་བག་ཕེབས་པོར་གནང་སྟེ་རང་ཁྱིམ་དུ་བཞུགས་པ་ཡིན་ན།“གར་སོང་ས་ན་སྐྱིད་དང་། གར་བསྡད་ས་ན་སྡུག”ཡིན་པའི་ངེས་པ་མེད་པས་སྡོད་མི་ཚུགས་པ་ག་ལ་ཡོད། ལྷག་པར་ཁ་སང་དེ་རིང་མི་མང་ཆེ་བར་ཕྱི་ནང་གི་མཐུན་རྐྱེན་འཛོམས་ནས་བདེ་སྐྱིད་ཀྱི་ངང་ལ་གནས་ཕྱིར། འདི་ཉིད་ཉམས་སུ་མྱངས་ཏེ་རེ་ཞིག་ཟང་ཟིང་ལོང་ལོང་དང་ཁ་བྲལ་བ་ནི། ང་ཚོར་གཞན་རྐྱེན་གྱིས་སྤྲད་པའི་ལྷིང་འཇགས་ཀྱི་དངོས་གྲུབ་མ་ཡིན་ནམ།

    དེ་བས་ཀྱང་།  དགེ་འདུན་པ་དང་ཆོས་པ་རྣམས་ཀྱིས་ནི་སྔར་བཞིན་རང་རང་གི་བཞུགས་ཤག་ཏུ་ཐོས་བསམ་སྒོམ་གསུམ་གྱི་འཕྲིན་ལས་སྐྱོང་བར་རིགས་ཏེ།  འཇམ་མགོན་མི་ཕམ་རིན་པོ་ཆེ་མཆོག་གིས། “བློ་ལྡན་རང་དོན་ཤེས་པ་རྣམས་ཀྱིས་ནི། །རང་བློ་རང་ལ་མངོན་སུམ་གྱུར་པའི་ཕྱིར། །གཞན་ཚོད་མ་བལྟ་རང་གི་སེམས་ལ་ལྟོས། །རང་སེམས་བལྟས་ནས་རང་ལ་གྲོས་འདེབས་མཛོད། །” ཅེས་པ་ལྟར།  གནས་སྐབས་ཕྱི་རོལ་ཏུ་སོང་སྟེ་དངོས་པོའི་ལོངས་སྤྱོད་ཡར་རྒྱས་གཏོང་བའི་སྐབས་མེད་ཀྱང་།  ནང་དུ་བཞུགས་ཏེ་སེམས་ཀྱི་ལོངས་སྤྱོད་ཡར་རྒྱས་གཏོང་བའི་སྐལ་བ་བཟང་པོ་ལྡན་པས། མངོན་སུམ་དང་རྗེས་དཔག་གི་ཚད་མས་གྲུབ་ཅིང་། ཚན་རིག་དང་དུས་རབས་ལ་མཐུན་པའི་ཁར།  རྒྱུ་མཚན་ཤེས་པའི་སྐྱེ་བོ་བགྲང་ཡས་པས་དང་འདོད་ཡིད་ཆེས་ཀྱིས་ཕྱག་འཚལ་བའི་ཡུལ་དུ་གྱུར་པའི་སྟོན་པ་སངས་རྒྱས་ཀྱི་གསུང་དྲི་མ་མེད་པ་ལ་སྤོང་ཀློག་དང་བློ་དགེ་བའི་ལམ་དུ་བསྐྱོད་པ་ནི། སྐབས་སུ་བབས་པའི་ཕྱག་ལས་ཡིན་པར་སྙམ།

     དེ་ལྟར།  དགེ་འདུན་པ་དང་སློབ་གྲྭ་པ། མི་སེར་སོགས་སུ་ཞིག་ཡིན་ཡང་། ལོ་སར་གྱི་དུས་ཚོད་དམིགས་བསལ་འདི་ཉིད་དོན་མེད་འཕྲོ་བརླག་མི་གཏོང་བར། ཆོས་དང་རིག་གནས་ཀྱི་བསླབ་བྱར་བརྩོན་པ་ཡིན་ན།   དུས་ནམ་ཞིག་རིམས་ནད་དྲག་པོ་ལྡང་མྱོང་བའི་དུས་ཚོད་འདིར་ཕྱིར་བལྟས་ཀྱང་།  ང་ཚོའི་དྲན་པའི་ཁྲོད་དུ་ལྷག་ཡོད་པ་ནི་བག་ཕེབས་དང་བདེ་སྐྱིད་ཡིན་རྒྱུ་རེད། 

ལྡོག་སྟེ།   སོ་སོའི་གནས་སུ་ལེགས་པོར་མི་སྡོད་ཅིང་། འཕྲོད་བསྟེན་ཡང་ཚུལ་བཞིན་ཉམས་སུ་མ་བླངས་པ་ཡིན་ན། རང་ཉིད་ནད་ཡམས་ཀྱི་དབང་དུ་འགྲོ་སྲིད་པས་མི་ཚད།  རང་གི་གཉེན་ཉེ་དང་གྲོགས་པོ་སོགས་མི་མང་པོའི་ཚེ་སྲོག་དང་འཚོ་བར་གནོད་འཚེ་ཡང་འབྱུང་ངེས་པ་ཡིན་པས།  རང་ལུས་རང་ལ་དབང་བའི་སྐབས་སུ་ཅིས་ཀྱང་གཟབ་གཟབ་བྱེད་རྒྱུ་དང་།  ཆེད་ལས་མཁས་པའི་ངག་ལྟར་ན།  རིམས་ནད་འགོས་སླ་བ་ནི་རིམས་ཁེགས་ཀྱི་ནུས་པ་སྟེ།  ལུས་ཟུངས་ལ་འབྲེལ་བ་ཡོད་པར་འདུག་པས། འཚོ་བཅུད་ལ་དོ་ཁུར་ཆེར་བཞེས་ཀྱིས་རང་རང་གི་གཟུགས་པོ་དང་སེམས་ཁམས་ལ་གཅེས་སྤྲས་ལེགས་པོ་བྱེད་པ་གལ་ཆེ་ཞིང་།  དུས་འདིར་རང་ཉིད་སྲུང་སྐྱོང་བྱེད་པ་ནི་མི་གཞན་སྲུང་སྐྱོང་བྱས་པ་དང་།  གཞན་ལ་ཕན་བདེ་བསྐྲུན་པ་ནི་སངས་རྒྱས་ཀྱི་བསྟན་དོན་བསྒྲུབས་པ་ཡིན།

«འཕགས་པ་བརྒྱད་སྟོང་པའི་དཀའ་འགྲེལ»ལས། “འདི་ལྟ་སྟེ། སྡུག་བསྔལ་ནི་མི་རྟག་པ་སྟེ། སྡུག་བསྔལ་བ་དང་། བདག་མེད་པ་དང་། སྟོང་པ་དེ་ནི་ཤེས་པར་བྱ་བའོ། །”ཞེས་གསུངས་པ་ལྟར།  མདོར་ན། བདེ་སྐྱིད་མི་རྟག་པ་ཡིན་པ་ཇི་བཞིན།  སྡུག་བསྔལ་ལ་ཡང་རྟག་པ་དང་བརྟན་པ་ཅི་ཡང་མེད་པས། ང་ཚོས་རང་རང་གི་མི་ལུས་རིན་པོ་ཆེ་འདི་ཉིད་བདག་སྲུང་ཕུན་སུམ་ཚོགས་པ་བྱ་བཏུབ་ཚེ། མི་འདོད་པའི་སྡུལ་བསྔལ་སྣ་ཚོགས་ཀྱང་ཡུན་རིང་གནས་མི་ཐུབ་བོ།། 

ཞེས་པའང་བོད་རབ་རྒྱན་ལྕགས་བྱི་ལོའི་ཟླ་དང་པོའི་ཚེས་གཅིག(༢༠༢༠.༢.༢༤)སྟེ། བཀྲ་ཤིས་དུས་བཟང་གི་ཉིན་མོར་ཁྲོ་ཟུར་དྷརྨ་བཛྲ་གྱིས་ཕུལ་བ་དགེའོ།།

  • ལེ་ཚན་སྔོན་མ།:ང་ཡི་སྤུན་ཟླ། སྐྱོ་སྐྱོ་མ་གནང་།
  • ལེ་ཚན་རྗེས་མ།:རྟའུ་ནས་སྐྱེས་སྐར་གླེང་བ།