ཀྲི་ཉ་ཤ་ར། 2020-01-19
སྙིང་ཉེ་བའི་མི་ཞིག་གིས་རང་གི་ཕྱི་ནང་གི་མི་དགེ་བ་ཐམས་ཅད་ང་ཡི་སེམས་སུ་སྦས། རྒྱུ་མཚན་སྤྱིར་བཏང་བའི་མི་ཡི་ཕལ་བའི་སེམས་ཁམས་འདི་ལ་ཉི་གདུགས་ཕུབ་ནས་བསིལ་ཡབ་གཡུགས་ཏེ་ཉི་སྒོག་བྱེད་དུ་མི་འཇུག་པ་དང་། མེ་ཁ་བུས་ནས་དགུན་ཁའི་གྲང་ལྷགས་ཁྲོད་དུ་འཁྱག་འདར་མི་ཡོང་བའི་ཆེད་དུ་ཡིན་ཟེར་ཡང་། སྙིང་ཉེ་ཁྱོད་རང་གི་རྐུབ་སྟེགས་སྟེང་དུ་ལྷོད་པོར་བསྡད་ནས་བདག་ལ་དུས་ཚོད་དང་ཉིན་མཚན་དབྱེ་བའི་བླང་དོར་མེད་པར་མཚམས་མེད་པར་རང་དབང་བྲལ་བའི་རྨས་སྐྱོན་ཤོར་དུ་བཅུག ངས་ནི་རང་གི་འོད་ཟེར་དག་མཚན་མོའི་མུན་ལོང་དང་བསྡེབས་ནས་ཁྱོད་ཀྱི་གཉུག་གཤིས་ལ་མཁོ་སོད་ཐབས་བྱས་ཀྱང་།ཁྱོད་ཀྱི་མངོན་སུམ་གྱི་མིག་གིས་བདག་གི་བཅོས་འཛུམ་གྱི་མཛེས་སྡུག་རྟོགས་ཐབས་བྲལ།སྐབས་འགར་བདེན་པར་མཐོང་བ་ནི་རྫུན་མ་དང་ནོར་འཁྲུལ་དུ་ངོས་བཟུང་བ་འབའ་ཞིག་འཕྲལ་ཕུགས་ཀྱི་འོད་དཀར་གང་རུང་ཡིན་ངེས་ཀྱང་།ཁྱོད་ཀྱིས་གོ་བ་ལེན་ཐབས་བྲལ་བ་ནི་རང་གི་དངོས་ཡོད་ལས་བརྒལ་བའི་མཛེས་རྟོག་གི་སྒྱུ་རྩལ་འབའ་ཞིག་སྟེ།སྐད་ཆ་བཤད་པའི་དུས་སྐབས་ཀྱི་ཡིད་འོང་གི་འཇའ་ཚོན་དང་།ཁྱོད་ཀྱིས་རེ་འགའ་རྟག་པའི་གནས་ལུགས་རྟོགས་ནས་བདག་གི་ངོ་གདོང་ལ་ཧ་ཅང་དཀའ་ཐུབ་ལ་གཟབ་ནན་གྱིས་ལྟ་བའི་གཞོགས་སྟེགས་ཀྱི་མནོ་བསམ་དང་ལས་དབང་དག་སྟེ། དྲན་གདུང་གི་སྐབས་སུ་བརྐོས་པའི་མངོན་སུམ་གྱི་རྡོ་བརྐོས་གཟུགས་རིས་འདི་དག ཁྱོད་རང་གཟིགས་རྟོག་བྱུང་བའི་མདུན་ནས་སྙིང་བོ་ཡོད་པ་ལས་འགོངས་པའི་མཐའ་ཡས་པའི་སྙིང་བཅུད་ཁོ་ན་རུ་གྱུར།ངས་ཁྱོད་ཀྱི་རྣམ་རྟོག་ལ་འདྲོགས་སློང་བྱེད་པར་འདོད་ཀྱང་། ལྷིང་འཇགས་རིགས་ཤིག་གི་རྩ་དོན་དང་གོམས་གཤིས་བསམ་ནས་ངས་ཁྱོད་ཀྱི་སྐད་ཆ་དང་བྱ་སྤྱོད་དག་ལ་ཅི་ཡང་མ་མཐོང་ཁུལ་གྱིས་ངོ་བསྟོད་བྱས་པ་ཡིན། ཁྱོད་ནི་གཞན་གྱི་མིག་ནང་གི་ལས་ཀ་བ་ཞིག་སྟེ།ང་ཁོ་ནར་འཁྲེང་སེམས་ཤོར་ནས་གཞན་གྱི་སེམས་ངོགས་ཀྱི་ངེས་འབྱུང་བ་ཞིག་ལྟར་གཅིག་པུར་རྐང་རྗེན་ལ་བུམ་པ་བཟུང་ནས་ངའི་གཙང་ངོགས་སུ་འཐིམས་ཤིང་། བདག་གི་སྣང་ངོར་འཇིག་རྟེན་གྱི་མཛེས་པ་ཡོངས་ལས་བརྒལ་བའི་འཕགས་མའི་འོད་ཟེར་གྱི་རི་དྭགས་ཡིད་དུ་འོང་བ་ཞིག་ཏུ་གྱུར།༼ སེམས་པ་སོང་བའི་མི། སེམས་གཅོང་གང་རུང་གནང་བའི་མི།༽ ངས་ཁྱོད་ཀྱི་མཛེས་སྒེག་གི་བརྟུལ་ཞུགས་དག་ལ་ཡུན་རིང་འཆར་ཡན་བྱས་ཤིང་།རང་ཉིད་ལ་འོད་ཟེར་དེ་དག་གི་ཁྲོད་ཀྱི་ལས་དབང་གི་བསིལ་གྲིབ་ཕོག་ཏུ་བཅུག ཇི་སྲིད་གོམས་གཤིས་ལ་ཆགས་པའི་ཁེར་རྐྱང་གི་འོད་གུར་ཀློང་དུ།ང་ཁོ་ནས་ཁྱོད་ཀྱི་མདུན་སར་རང་གི་སྡིག་སྒྲིབ་ལ་འཇའ་ཚོན་བྲིས་ཤིང་། ནག་ཉེས་ཁྲོད་དུ་འགྲེ་ལྡོག་བྱས་ཏེ། སྙིམ་པའི་ནང་གི་བྱེ་མར་ཡང་ཡང་ཚང་རྩིས་རྒྱག་གིན་ཁྲག་གི་མེ་ཏོག་ཚེར་མ་ཅན་དེ་ལག་མཐིལ་དུ་དམ་པོར་བཟུང་ནས་མཐས་ཡས་པའི་རྒྱ་མཚོ་བརྒལ་དགོས་སྙམ་ཞིང་ཕྱི་རོལ་གྱི་འཐོར་རླུང་འཚུབ་མ་རྣམས་རྣ་བའི་གཡས་ལོགས་གཡོན་ལོགས་སུ་འཆི་འཕོ་བྱེད་པ་ཙམ་མོ།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10