བདེ་སྐྱིད་བུ་ཁྲིད། 2019-10-03
མེས་རྒྱལ་ནི་ཀྲུང་གོའི་མི་དམངས་ཡོངས་ཀྱི་སྲོག་གི་ཟུངས་ཁྲག་ཡིན། མེས་རྒྱལ་ནི་ང་ཚོའི་རེ་བ་དང་འོད་སྣང་འཚོལ་སའི་བདེ་སྐྱིད་ཀྱི་གཏེར་ཆེན་ཡིན། བགྲང་བྱ་མང་པོའི་སྔ་རོལ་ན་ཕྱིའི་རྒྱལ་ཁབ་ཀྱིས་ང་ཚོ་ཀྲུང་གོར་བཙན་འཛུལ་བྱས་ཤིང་། དེ་དུས་ང་ཚོའི་མེས་པོར་གཏོགས་པའི་རླབས་ཆེན་སྐྱེ་བོ་མང་པོས་རང་སྲོག་བློས་བཏང་ནས་མེས་རྒྱལ་འདི་ཉིད་ལ་སྲུང་སྐྱོབ་གང་ལེགས་བྱས་ཡོད། ཁོ་ཚོས་རང་ཉིད་ཀྱི་ཚེ་སྲོག་འདི་མེས་རྒྱལ་གྱིས་གནང་བ་རྟོགས་ཀྱིན་ཡོད་ཅིང་ནམ་ཞིག་མེས་རྒྱལ་འདི་ཉིད་གཞན་གྱི་བདག་དབང་དུ་གྱུར་ཚེ། རང་ཉིད་དང་གཉེན་ཉེ་ཐམས་ཅད་ལ་བདེ་བའི་བསྐལ་བཟང་ཞིག་གཏན་ནས་འཆར་མི་སྲིད་པ་རྟོགས་པས་ཡིན། དེའི་དབང་གིས་སྔོན་བྱོན་གྱི་དཔའ་བོ་མང་པོས་མེས་རྒྱལ་ནི་རང་གི་སྲོག་ལས་གཙིགས་ཆེ་བར་བརྩི་ཞིང་། རྒྱལ་ཁབ་ནི་རང་གི་ཁྱིམ་གཞིས་ལས་གལ་ཆེ་བར་འཛིན་པ་རེད།
དེས་ན་ང་ཚོ་ལ་རླབས་ཆེན་གྱི་སྐྱེ་བོ་དེ་དག་བྱུང་མྱོང་བའི་སྟབས་ཀྱིས་ད་གཟོད་ང་ཚོར་བདེ་སྐྱིད་ལྡན་པའི་འཚོ་བ་བསྐྱལ་རྒྱུ་བྱུང་བ་ཡིན། དེའི་དབང་གིས་ང་རང་ལ་འདི་ལྟ་བུའི་རླབས་ཆེན་གྱི་མེས་རྒྱལ་ཞིག་དང་འབྱོར་ཕྱུག་ལྡན་པའི་རྒྱལ་ཁབ་ཅིག་ཡོད་པར་སྤོབས་པ་སྐྱེ་མྱོང་།
ང་རང་མེས་རྒྱལ་ལ་དགའ་བ་དེ་ཙམ་ཞིག་གཏན་ནས་མིན་ཏེ་ང་རང་རྒྱལ་ཁབ་འདིའི་རི་ལུང་ཆུ་གསུམ་ལ་དགའ་བ་དང་། མི་རིགས་ང་དྲུག་ལ་དགའ་བ། རྒྱལ་ཁབ་འདིའི་སྲོལ་རྒྱུན་རིག་གནས་ལ་དགའ་བ། ཞི་བདེ་དང་འབྱོར་ཕྱུག་ལྡན་པའི་འཚོ་བའི་གནས་སྟངས་ལ་དགའ་བ། རེ་བ་དང་འོད་སྣང་གིས་དཀྲིགས་པའི་མ་འོངས་ཀྱི་མདུན་ལམ་ཡངས་མོར་དགའ་བ་སོགས་གང་ལྟར་ཡང་ང་རང་མེས་རྒྱལ་གྱི་ཕྱོགས་ཆ་ཐམས་ཅད་ལ་ཤིན་ཏུ་དགའ་ཞིང་ལྷག་ཏུ་དུངས་བ་ཡིན། ང་ཚོའི་མེས་རྒྱལ་ནི་ལོ་ངོ་སྟོང་ཕྲག་མང་པོའི་ལོ་རྒྱུས་དང་རིག་གནས་ཡོད་པའི་གནའ་བོའི་རྒྱལ་ཁབ་ཅིག་ཡིན་ཞིང་། གནའ་བོའི་ཀྲུང་གོ་དང་གནའ་བོའི་རྒྱ་གར་སོགས་འཛམ་གླིང་གི་དབུས་ན་གཟི་བརྗིད་ཀྱི་རྒྱལ་མཚན་མངོན་པར་མཐོ་བའི་གནའ་བོའི་ཤེས་དཔལ་ལྡན་པའི་རྒྱལ་ཁབ་བཞིའི་གྲལ་དུ་ཡོད་པས་ན་ངའི་སེམས་ཁོངས་སུ་ཡོད་པའི་མེས་རྒྱལ་གྱི་གཟི་བརྗིད་དེ་བས་འབར་མོད། ཉེ་བའི་ལོ་ངོ་བརྒྱ་ཙམ་རིང་ཕྱི་ཕྱོགས་ཀྱི་རྒྱལ་ཁབ་མང་པོས་མ་ཡུམ་མེས་རྒྱལ་ལ་བཙན་འཛུལ་གཅིག་མིན་དུ་བྱས་ཤིང་། རྒྱལ་ནང་དུའང་སྒོ་རྒྱབ་རིང་ལུགས་དང་དཀར་པོའི་འཇིགས་སྐུལ་སོགས་ཀྱི་གནད་དོན་མང་དག་བྱུང་ནས་མེས་རྒྱལ་པང་དུ་འཚོ་བའི་མི་དམངས་རྣམས་སླར་ཡང་ཉམ་ཐག་གི་འཚོ་བ་བསྐྱལ་འགོ་ཚུགས་ཤིང་། བཀྲེས་ལྟོགས་དང་དམག་འཁྲུག ནད་ཡམས། སྡུག་བསྔལ་སོགས་ཀྱིས་ཀུན་ནས་གཙེས་ཏེ་ང་ཚོའི་སྤུན་ཟླ་མང་དག་གི་ཤ་ཁྲག་གི་ལུས་ཕུང་ས་རུ་དགྱེལ་མྱོང་ཨང་།
སྤྱི་ལོ༡༩༤༩ལོར་ཀྲུང་གོ་གསར་པ་དབུ་བརྙེས་རྗེས། མེས་རྒྱལ་གྱི་མངའ་ཐང་རིམ་གྱིས་ཇེ་ཆེར་སོང་བ་དང་རྒྱལ་ཁབ་ཀྱི་སྟོབས་འབྱོར་ཇེ་རྒྱས་སུ་སོང་། དེའི་རྗེས་ཏེ་སྤྱི་ལོ༡༩༧༨ལོར་བློ་མཐུན་ཏེང་ཞའོ་ཕིན་ལགས་ཀྱིས་ཀྲུང་གོ་ཡོངས་ལ་བསྒྱུར་བཅོས་སྒོ་འབྱེད་ཀྱི་སྲིད་ཇུས་བཟང་པོ་ལག་བསྟར་བྱས་པ་དང་། དེ་ནས་བཟུང་ཀྲུང་གོའི་མང་ཚོགས་ཀྱི་འཚོ་བ་དང་རྒྱལ་ཁབ་ཀྱི་དཔལ་འབྱོར་སོགས་གནམ་ས་བླ་འོག་ཏུ་འགྱུར་བ་བྱུང་འགོ་བརྩམས། དེ་ནས་བཟུང་རིམ་གྱིས་ཀྲུང་གོའི་ས་ཕྱོགས་གང་སར་ཚན་རྩལ་དང་ཤེས་དཔལ། འབྱོར་ཕྱུག་བཅས་ཀྱི་པད་འདབ་གསར་པ་བཞད་དེ་ཀྲུང་གོ་འདི་ཉིད་གོམ་སྟབས་མྱུར་པོས་འཛམ་གླིང་གི་སྔོན་ཐོན་མི་རིགས་ཀྱི་རྗེས་སུ་རྐང་ཟུང་བསྙེགས།
ངའི་ཕ་ཡུལ་གྱི་རི་གྲོང་ཆུང་ངུ་དེར་ཡང་རིམ་གྱིས་ཐོག་བརྩེགས་ཅན་གྱི་ཁང་བཟང་མང་པོ་བསྐྲུན་འགོ་ཚུགས་ཤིང་། ཐོག་མར་ཐལ་སྐྱ་འཚུབ་བེར་གནས་སའི་རི་གྲོང་ཆུང་ཆུང་དེར་ད་གཟོད་སྡོམ་གྱི་དྲྭ་བ་ལྟ་བུའི་སྣུམ་ནག་གི་གཞུང་ལམ་དང་འདུ་འཛི་ཆེ་བའི་ཚོང་ཁྲོམ་དང་རླངས་འཁོར་སྣ་ཚོགས་ཀྱིས་དཀྲིགས་ཡོད་པས། རྒན་རབས་པ་ཚོས་འདི་ནི་སྔ་དུས་རྨི་ལམ་དུའང་འཁོར་མ་མྱོང་བའི་ཚད་དུ་ཡིན་ཞེས་གཅིག་མིན་དུ་མཐེ་བོང་བསྒྲེངས་ཀྱི་ཡོད།
དེ་ཙམ་མ་ཡིན་པར་ཕྲུ་གུ་ལོ་གསུམ་ནས་བུ་བཅོལ་ཁང་དུ་འགྲོ་བ་དང་དེ་ནས་རིམ་གྱིས་སློབ་ཆུང་དང་དམའ་འབྲིང་སོགས་སུ་རིན་མེད་དུ་འགྲོ་ཆོག་པའི་ལོ་དགུའི་འགན་བབ་སློབ་གསོའི་སྲིད་ཇུས་ཀྱི་ཉི་གཞོན་བོད་ཀྱི་མཁའ་ལམ་དུ་བཀྲ་བས། ད་གཟོད་ངེད་ཀྱི་རི་གྲོང་དེའི་ནང་དུའང་ཡིག་རྨོངས་སུ་ལུས་པའི་སྐྱེ་བོ་ནི་ཉིན་མོའི་སྐར་མ་ལྟར་ཤིན་ཏུ་དཀོན་པ་ཞིག་ཏུ་གྱུར། ངའི་ཁྱིམ་གྱི་བྱིས་པ་གསུམ་པོ་དཔེ་ཁུག་སྒལ་པར་ཁུར་ནས་དགའ་སྤྲོའི་ངང་དུ་སློབ་གྲྭར་འགྲོ་སྐབས། སྤོ་བོ་ལགས་ཀྱིས་ཁྱེད་ཚོ་འདི་ལྟར་རིག་གནས་སྦྱོང་བའི་གོ་སྐབས་བཟང་པོ་འཐོབ་པ་ནི་ཏང་དང་རྒྱལ་ཁབ་ཁོ་ནའི་བཀའ་དྲིན་ཡིན་པས། ང་ཚོས་ཏང་དང་རྒྱལ་ཁབ་ཀྱི་བཀའ་དྲིན་གཏན་ནས་བརྗེད་མི་རུང་ཞེས་ཡང་ཡང་གསུངས་ཀྱི་འདུག ངོ་མ་རེད་ཨང་། ངའི་སྤོ་བོ་ལགས་ཀྱི་སྐབས་སུ་ངེད་རི་གྲོང་འདིར་ཡི་གེ་ཤེས་མཁན་མི་གཅིག་གཉིས་ལས་མེད་ལ། དེ་དག་ནི་ས་གནས་དེ་གའི་སྐུ་དྲག་འབའ་ཞིག་རེད། ངའི་སྤོ་བོ་ལགས་དང་འདྲ་བའི་མི་སེར་རྣམས་རིག་གནས་སྦྱང་འདོད་མེད་པ་གཏན་ནས་མིན་ནའང་ཁོ་ཚོ་ཉིན་མཚན་མེད་པར་ཁྲལ་དང་འུ་ལག་ཁོ་ནའི་དབང་དུ་དུས་འདའ་དགོས་པས་ཡི་གེ་སྦྱོང་བའི་བསྐལ་བཟང་ཞིག་ག་ལ་ཤར་མྱོང་།
དེའི་དབང་གིས་ངས་ཏང་དང་རྒྱལ་ཁབ་ཀྱིས་གནང་བའི་གོ་སྐབས་བཟང་པོ་འདི་དམ་འཛིན་གྱིས་སློབ་སྦྱོང་ལ་འབད་པ་ལྷོད་མེད་བྱས་ཏེ་རང་མི་རིགས་དང་མེས་རྒྱལ་ལ་ཕན་ཐོགས་ཡོད་པའི་མི་སྣ་བཟང་པོ་ཞིག་བྱ་རྒྱུའི་ཆོད་སེམས་དེ་རྡོ་ལ་རི་མོ་བཀོད་པ་ལྟར་ཡིན་ནོ།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10