གོམ་པ་རིམ་བགྲོད་ཀྱི་ལམ་བུ་ཀྱག་ཀྱོག

རིག་རྡོར།        2019-09-27

    ཚེ་སྲོག་མང་པོ་རེ་བའི་ཁྲོད་ནས་གསོན་ཞིང་རྔུལ་ཆུ་གྲངས་མེད་དཀའ་སྡུག་གི་ལོ་ཟླ་ཞག་དུས་ནས་རིམ་གྱིས་བཞུར། དེའི་ཁྲོད་ནས་ཀྱང་བྱ་བཞག་མང་པོ་ཞིག་གོམ་པ་རིམ་བགྲོད་ཀྱིས་འགྲུབ་ཞིང་བྱ་བཞག་མང་པོ་ཞིག་གཅིག་ཤོར་གཉིས་གྱོང་གིས་རང་ཉིད་ལ་དཀའ་ཁག་དང་ངལ་དུབ་སྤྲད། དེ་ལྟ་ནའང་འདས་ཟིན་པའི་རྐང་རྗེས་དག་ནི་ནར་སོན་གྱི་ལོ་ཟླ་རེ་རེ་དང་། ལོ་ཟླ་ཁུགས་ལྟེབས་བྱས་པའི་རེ་སྙེག་དང་ལེགས་འགྲུབ་རེ་རེ་ནི་འོད་ཀྱིས་འཁྱིལ་བའི་རྩྭ་ཐང་གི་མཛེས་སྡུག་དང་བརྗིད་ཀྱིས་འགྱིང་བའི་ངལ་རྩོལ་གྱི་འཛུགས་སྐྲུན་རེ་རེ་ཡིན། ལམ་ལ་ཆས་ཐེངས་རེ་རེར་བརྗེད་མི་སྲིད་འདས་དོན་མི་ཉུང་བ་ཞིག་ཡོད་པ་ནི་སྨྲོས་མ་དགོས་པ་ཞིག་རེད་ལ། དྲན་འཛིན་གྱི་ཀློང་ན་ཉར་བའི་ཕུགས་རེ་བླ་དྭགས་ནི་ཁྱེད་དང་ང་། རྒྱལ་ཁབ་དང་མི་རིགས་ཀྱི་རླབས་ཆེ་བའི་རྨི་ལམ་དང་འཆར་གཞི་རྒྱ་ཆེ་བ་ཞིག་ལོས་ཡིན་བསམ། འདས་པའི་མི་ལོ་བདུན་ཅུའི་བགྲང་ཞག་དེ་དག་ནི་ཡིད་ཆད་དང་སྐྱོ་ཡུས། དཀའ་ངལ་དང་མེད་མུག་གིས་ཁེངས་པའི་ལོ་ཟླ་ནག་པོ་ཞིག་རེད་མོད། ད་ལྟའི་གནས་བབས་ལ་བསམ་ན་འདས་ཟིན་པ་དེ་དག་གིས་ང་ཅག་ལ་སྟོབས་ཤུགས་དང་མདུན་སྐྱོད་ཀྱི་སྐུལ་ལྕག་བྱས་པའི་མཚོན་རྟགས་གལ་ཆེན་ཞིག་རེད། ལམ་ལ་བགྲོད་སྟངས་རེ་རེ་ནི་རེ་བའི་རྨི་ལམ་ལ་བློ་ཁ་ཕྱོགས་པའི་འགུལ་སྐྱོད་བྱ་སྟངས་ཤིག་དང་ལོ་བརྒྱའི་རྨི་ལམ་གྱི་འབྲས་བུ་སྨིན་བྱེད་ཀྱི་ཉེར་ལེན་དུ་བསྟབས་པའང་རེད། ལོ་རྒྱུས་ཀྱིས་མ་འོངས་པར་ལམ་སྟོན་བྱེད་ཅེས་པ་ནང་ལྟར། བཞུད་ཟིན་པའི་ལོ་ཟླའི་ནང་དུ་དམག་འཁྲུག་དང་འཐབ་རྩོད། ཟིང་ལོང་དང་ཁེངས་ལོག་རྣམ་ཀུན་ཏུ་རྒྱུན་མ་ཆད་ཅིང་། མུ་གེ་དང་དབུལ་ཕོངས། གྲང་འཁྱག་དང་ལྟོགས་སྐོམ་གྱིས་ཅི་ལྟར་མནར་རུང་།དུས་ཚོད་ནི་དལ་གྱིས་བཞུར་འགྲོ་བའི་དལ་འབབ་ཀྱི་གཙང་བོ་ནང་བཞིན། ལམ་ཁར་འཕྲད་པའི་དཀའ་སྡུག་དང་མནར་གདུང་ཡོད་ཚད་ལ་མགོ་མ་བསྒུར།གཉའ་མ་ཞུམ་པར་སྤོབས་པ་དང་སྟོབས་ཤུགས། བློ་གྲོས་དང་མདུན་སྐྱོད་ཀྱི་སེམས་པ་འོད་སྣང་ལ་བཅོལ་བས། ད་ལྟ་སྤྱི་ཚོགས་གསར་བའི་ནང་དུ་དམངས་གཙོ་དང་འཆམ་མཐུན།འཕེལ་རྒྱས་དང་དཔལ་ཡོན་གྱི་རེ་འབྲས་མངོན་དུ་གྱུར་ཞིང་འབངས་མིའི་ངོ་གདོང་ནས་འཛུམ་མདངས་དང་བདེ་སྐྱིད་ཀྱི་ཉི་གཞོན་ལྷུག་གེར་གྲོལ་བ་ནི་ཅི་འདྲའི་མཛེས་ཨང་། ལམ་ནི་དལ་གྱིས་བརྒལ་ཞིང་ཤུགས་ཀྱིས་བསྐྱོད་ཆོག་པ་ཞིག་ཡིན་ལ།ལམ་ནི་དགའ་སྐྱོ་ཆགས་སྡང་གི་བསླུ་བྲིད་རབ་ཏུ་ཚ་བའི་གཟུགས་མེད་ཀྱི་སྟོབས་ཤུགས་ཤིག་ཡིན། ཕྱི་མིག་གླན་ཐེངས་རེ་རེར་མདུན་དུ་བསྐྱོད་པ་ནི་གོ་རིམ་ཞིག་དང་མདུན་དུ་བཅར་བ་ནི་ཕུགས་བསམ་གྱི་རི་མོ་གཟུགས་སུ་བཀོད་སྟངས་ཤིག་རེད།ལམ་ལ་ཅི་ལྟར་བགྲོད་མིན་ནི་མི་གཞི་ཞིག་ཡོ་བསྲང་བྱེད་ཚུལ་ལས་ཀྱང་དཀའ་བ་ཞིག་རེད། ལམ་གྱི་ས་ཚུགས་རེ་རེ་ཡང་བདེ་མོའི་ཐང་དང་ཀྱག་ཀྱོག་གི་རི། གཡའ་རྡོའི་གྲོག་རོང་། རབ་མེད་ཀྱི་ཆུ་བོ། ཉེན་ཚབས་ཀྱི་གཉན་འཕྲང་རེ་རེའི་གྲུབ་པ་ཞིག་ཡིན། དེ་ལྟར་ཀྱག་ཀྱོག་གི་རང་བཞིན་ལྡན་པས་འཚོ་བ་ལའང་མངར་སྐྱུར་ཁ་གསུམ་གྱིས་གཏམས་ཤིང་མི་ཚེ་ལའང་སྐྱོ་གར་དང་སྤྲོ་གར་སྣ་ཚོགས་པའི་ཡོ་ལང་རབ་ཏུ་ཆེ།དེ་ལྟར་ ལོ་ཟླ་རིམ་གྱིས་བགྲོད་པའི་དུས་ཚོད་ཀྱི་ནང་དུ་ཕྱི་ནང་གཉིས་ཀའི་ཁོར་ཡུག་ལ་འགྱུར་ལྡོག་རིམ་པར་བྱུང་ཞིང་། རྒྱལ་ཁབ་ཀྱི་དར་རྒུད་དང་མི་རིགས་ཀྱི་ལས་དབང་། དམན་དམངས་མིའི་འཚོ་བ་ལའང་འགྱུར་ལྡོག་རབ་དང་རིམ་པ། སྐས་དང་ཐེམ་པ་མང་པོ་ཞིག་བྱུང་ཡོད་པ་རེད་ལ། དབུལ་ཞིང་ཕུང་བའི་ས་གནས་དང་ཡུལ་གྲོང་། ཤང་དང་རྡལ་གྱིས་མ་ཕྱེས་པའི་ལམ་མེད་ལམ་དང་ཆུ་མེད་ཆུ་བཏོད་པའི་ཇུས་བཟང་འདི་དག་ཡང་རྒྱལ་ཁབ་ཞིག་གི་འཕེལ་རྒྱས་དང་འབངས་མི་སེར་གྱི་འཚོ་བའི་ཁ་དོག་ལ་གཟི་མདངས་སྤྲད་པ་ཞིག་ཡང་ལོས་ཡིན། ད་ནི་འབྱོར་འབྲིང་སྤྱི་ཚོགས་ཀྱི་རྣམ་པ་མངོན་གསལ་དོད་པོའི་ལམ་ལ་ཞུགས་ཀྱིན་པ་དང་།དུས་རབས་གསར་བའི་སྤྱི་ཚོགས་རིང་ལུགས་ཀྱི་ལག་ལེན་དང་བྱེད་ཐབས་སོགས་ནི་ཆབ་དཔལ་རིག་གསུམ་གྱི་བྱ་བཞག་རླབས་པོ་ཆེ་ལ་རྟིང་སྐུལ་དང་རྒྱུད་འཛིན། འཕེལ་རྒྱས་དང་ལེགས་བཅོས་ཀྱི་ལམ་ལ་ཞུགས་བཞིན་པ་འདི་རེད། ཉེ་བའི་ལོ་ངོ་དུ་མའི་རིང་དུ་ཡང་ཕྱོགས་དང་རིས་སུ་མ་ཕྱེ་བའི་ས་ཁུལ་དང་ཡུལ་ཕྱོགས་མང་པོར་སྲིད་ཇུས་དོན་འཁྱོལ་གྱི་ལས་དོན་ལག་ལེན་དུ་བསྟར་ཞིང་། སྐད་ཡིག་སྲུང་སྐྱོབ་དང་གནའ་ཤུལ་ཞིག་གསོ། དེ་བཞིན་དུ་སྲོལ་རྒྱུན་རྒྱུད་འཛིན་དང་དར་སྤེལ་གྱི་བྱ་བཞག་ཡང་མང་པོ་བསྒྲུབས་ཤིང་། བག་ཉལ་རིག་གནས་དང་ཉམས་རྒུད་དུ་གྱུར་དང་འགྱུར་བཞིན་པ་དག་ཡང་ནུས་འདོན་དང་སྲུང་སྐྱོབ་བླ་ལྷག་བྱེད་ཀྱིན་པ་འདི་ཡང་མཛད་རྗེས་རླབས་ཆེན་རེད། མི་རིགས་ཤིག་གི་ཆགས་འཇིག་ནི་རྒྱལ་ཁབ་ཞིག་གི་དར་རྒུད་ལ་རག་ལས་ཡོད་སྟབས། ཀྲུང་ཧྭའི་ཤེས་རིག་གི་དཔལ་ཡོན་ལ་གཟི་བྱིན་བླ་མེད་སྩོལ་བའི་མི་རིགས་རིག་གནས་དང་མི་རིགས་ཆོས་ལུགས། མི་རིགས་ཡུལ་སྲོལ་དང་གོམས་གཤིས་སོགས་ཀྱང་ཡོད་པ་ལེགས་སྐྱོང་དང་ཉམས་པ་སོར་ཆུད་ཀྱི་བྱ་བཞག་རླབས་པོ་ཆེ་སྒྲུབ་བཞིན་པ་ནི་མི་ལོ་བདུན་ཅུའི་འཕེལ་རྒྱས་ཀྱི་ལམ་བུར་རེ་འབྲས་སྨིན་གྱིན་པ་མཚོན་ལ།མི་ལོ་བདུན་ཅུའི་“ཤེས་རིག་འདྲ་མཉམ་དང་རིག་གནས་འདྲ་མཉམ”གྱི་ལྟ་སྤྱོད་ལེགས་པར་བསྲིངས་ཐུབ་ཀྱིན་པ་མཚོན་ཡོད། དེ་བས་ལམ་ནི་གོ་རིམ་ཞིག་དང་ལེགས་འགྲུབ་ཞིག རེ་སྨོན་ཞིག་དང་ཡིད་ཆེས་ཤིག མདུན་སྐྱོད་ཅིག་དང་སྤོབས་པའི་གདངས་མཐོ་རུ་འདྲེན་ཚུལ་ཞིག་ཅི་ལ་མིན་ཏེ་ཡིན་ནོ།།

    སྤྱི་ཚོགས་གསར་རྙིང་གི་རྒྱ་ལས་གྲོལ་ཞིང་དུས་རབས་གསར་བའི་ཐག་པར་ལྷོད་ཀྱིས་འཇུས་ན། ཤེད་ཤུགས་གྲིམས་ལྷོད་བར་མ་ཞིག་གིས་འཐེན་ཤེས་དང་ལྷོད་ཤེས་བྱེད་དགོས་པའང་ཤིན་ཏུ་མང་ལ། འཇུ་ཤེས་དང་གཏོང་ཤེས་བྱེད་དགོས་པའང་རབ་ཏུ་བདོ་བ་ཡིན། དེ་བས་ཚན་རྩལ་དང་དཔལ་འབྱོར་གྱི་ནམ་མཁར་སྙེག་དགོས་པའི་དུས་རབས་འདིའི་ནང་དུ། དམངས་ཀྱི་བདེ་སྡུག་དང་འཚོ་ཚིས་ལ་ཐུགས་ཀྱིས་མི་འདོར་བའི་ཇུས་བཟང་འདི་དག་ཡང་དྲིན་དྲན་དང་དྲིན་གཟོའི་ཡུལ་དུ་གྱུར་ཞིང་། རང་དོན་རྟ་རྔ་ཙམ་པོའི་ཆེད་དུ་དམངས་ཀྱི་རྔུལ་ནག་གིས་བསགས་པའི་སྒོར་རྡོག་རེ་ཟུང་ལས་བྱེད་པའི་འགོང་ཟས་སུ་གྱུར་བར་ལྟ་རྟོག་དང་ཚར་གཅོད། ནག་སེལ་ངན་འཇོམས་ཀྱི་བྱ་བཞག་གིས“སྟག་དང་སྦྲང་མ”མཉམ་པོར་བརླག་པའི་སྲིད་ཇུས་འདི་དག་ཡང་ལོ་ངོ་བདུན་ཅུའི་ནང་བྱུང་ཞིང་འབངས་ཀྱི་ལུས་དང་ངག་དང་ཡིད་ཀྱི་བགེགས་དང་གདོན་དུ་གྱུར་བ་དག་ལ་ཡང་བགེགས་བཟློག་དང་གདོན་བཏུལ་གྱི་བྱ་བཞག་མཛད་པ་འདི་དག་ཡང་མི་ལོ་བདུན་ཅུའི་གཟི་བརྗིད་དང་སྤོབས་པས་ངོམས་ཆོག་ཆོག་དང་དྲན་ཆོག་ཆོག་གི་ལས་དོན་ཡིན་པ་དེ་རེད།གཞན་ཡང་གནད་འཁེལ་དབུལ་སྐྱོར་གྱི་སྲིད་ཇུས་དང་ལྗང་མདོག་ཅན་དུ་སྒྱུར་བའི་ལས་དོན་སོགས་དམངས་ཀྱི་ཐུགས་སུ་ལྟ་ཡང་ཆུད་པའི་ལས་ཀ་རེ་རེ་དང་འཕྲོད་བསྟེན་དང་བདེ་ཐང་གཙིགས་སུ་བཀུར་བའི་དུག་སེལ་དང་དུག་འགོག་གི་ལམ་ནས་འབྱུང་འཕྲོད་བཟའ་བཅའ(绿色食品)ཁྱབ་སྤེལ་དང་ཚོང་གཉེར་བྱས་པ། དེ་བཞིན་དུ་འབག་བཙོག་གི་མཁའ་དབུགས་ལ་དོ་སྣང་བྱས་ནས་དྭངས་གཙང་དང་ཁམས་སང་གི་མཁའ་དབུགས་རྒྱུན་སྤེལ་བྱས་པ་སོགས་གོ་ལའི་ལས་དབང་ལ་བསམ་གཞིག་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་ཐུགས་ཁུར། མི་དམངས་རེ་རེའི་ལུས་སེམས་བདེ་ཐང་གི་བྱ་བཞག་རླབས་པོ་ཆེ་སྒྲུབ་པ་ཡང་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་ངོ་བདུན་ཅུ་འགོར་བའི་ལོ་ལེགས་དང་འབྲས་བཟང་།བྱས་རྗེས་དང་ལེགས་ཐོན་ཡིན་པ་རེད།གང་ལྟར་བསམ་པས་དཔག་པ་ལ་ཚད་ཡོད་པ་ནང་ལྟར་མིག་གིས་ཟིན་མ་ཟིན་ལའང་ཚད་ཅིག་ཡོད་མོད།མཐོང་ཡུལ་དུ་གྱུར་བ་འདི་དག་གིས་ཚད་མེད་པས་སེམས་འགུལ་དང་དགའ་སྤྲོ།བདེ་སྐྱིད་དང་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཞིག་སྟེར་གྱིན་པ་ཟུར་བལྟས་ལེབ་མཐོང་དང་དངོས་ཐོག་བདེན་ངེས་རེད། ད་དུང་རི་བརྗིད་ཆུ་གཙང་ནི་གསེར་རི་དངུལ་རི་(绿水青山就是金山银山 )ཡིན་པའི་བླང་བྱ་ནན་འདོན་བྱས་ནས་རི་མཐོ་ས་གཙང་གི་འབག་བསླད་གཙང་བཅོས་དང་གད་སྙིགས་བདག་སྐྱོང་། ཐ་ན་ས་ཁུལ་ཅིག་ཏུ་གཙང་སྤྱོད་རྣམ་དག་ཅིག་བཟོ་བའི་རྣམ་གྲངས་དེ་དག་ཡང་འཕེལ་རྒྱས་ཀྱི་ཟིན་ཐོ་འགོད་སྟངས་གཞན་ཞིག་ཡིན།དེ་ནི་བགྲང་བྱ་བདུན་ཅུའི་ལོ་ལེགས་ཀྱི་དགའ་སྟོན་ལ་རོལ་སྟངས་ཤིག་ཡིན་ལ།འདི་ནི་ལོ་རྒན་བདུན་ཅུའི་འཁྱར་འཁྱོར་གྱི་རྒན་པོ་ཞིག་གི་འཚོ་བའི་བྲིས་རིས་དང་།གཞོན་སྟག་འབར་བའི་གསར་བུ་ཞིག་གི་ལམ་གྱི་བགྲོད་སྟངས་རེད། མི་ལོ་བདུན་ཅུ་དྲན་པའི་ཡུལ་དུ་གྱུར་བའི་མི་ལོ་བདུན་ཅུ།ཀྲུང་གོ་གསར་བའི་མི་ལོ་བདུན་ཅུ། དུས་ཀྱི་བགྲོད་པ་ལེགས་ན། ཁྱེད་ད་དུང་མདུན་དུ་སྐྱོད་དང་ཡིད་ཆེས་དང་སྤོབས་པས་ནམ་ཡང་འདེགས་ནས་ཡོད།

  • ལེ་ཚན་སྔོན་མ།:ཁུ་བྱུག་གྲགས་དུས།
  • ལེ་ཚན་རྗེས་མ།:མ་ཡུམ་མེས་རྒྱལ།