མཚན་མོ་ཞིག་གི་མགྱོགས་བྲིས།

གུ་དྲག        2019-03-29

    ཡོད་ཚད་རྨི་ལམ་གྱི་གཏིང་རུམ་དུ་འགྲིམ་ནས་འཇིག་རྟེན་ལ་ལྷིང་འཇགས་སྐྲུན་པའི་མཚན་མོ་རེ་རེ་ནི་ཁོ་བོ་ལ་མཚོན་ན་རང་གི་བསམ་པའི་སྤུ་གྲི་ལ་ངར་ལྡུད་ཆོག་པའི་གོ་སྐབས་རེ་རེ་ཡིན། དེའི་ཕྱིར། ཐ་སྙད་ཀྱི་སྐོམ་པ་མ་སེལ་བའི་ཁོ་བོས་མུན་ནག་ཡོངས་སུ་མིད་པའི་མཚན་ལྗོངས་ཀྱི་ཆེས་གཏིང་རུམ་ལ་ཆས་ཏེ་སུ་ཞིག་གི་རྟུལ་ཕོད་དང་གང་ཞིག་གི་འཛངས་པ་མཚོན་ཆེད། སེམས་ཁོང་ནས་རྡོལ་བའི་ཐ་སྙད་ཤོག་དཀར་ངོས་སུ་དྲངས་ནས་མེ་ཏོག་གི་ཕོ་བྲང་ཡང་ཡང་བཞེངས་པར་སྤྲོ།

    སྐར་མ་གང་གི་ཟུར་མིག་ལ་ཆགས་ཞེན་གྱི་གཡབ་མོ་ཤོར་བའི་ཤིང་སྡོང་དག་གི་ཡལ་ག་རང་དབང་གིས་གཡོ་བའི་མཚན་མོ་རེ་རེ་ནི་ཁོ་བོར་མཚོན་ན། འགྱོད་གདུང་གི་ངུ་འབོད་དང་སྐྱོ་སྣང་གི་ཤུགས་གླུ་དག་རང་དབང་ངང་ལེན་ཆོག་པའི་གླགས་སྐབས་བཟང་ཤོས་དེ་ཡིན་པས། ཁོ་བོས། ཡུན་རིང་ཞིག་ལ་མགྲིན་པ་བརྣག་པའི་སྐད་ཆ་དམར་རྗེན་དག་ངག་ལ་བཀུག་སྟེ་འཇིག་རྟེན་ཁམས་ལ་ཡང་ཡང་བསྒྲགས་ནས་སེམས་ཀྱི་གདུང་བ་མ་ལུས་དབྱངས་སུ་སྤུར་ཞོར་རང་སེམས་ཕྲ་མོ་སྐྱིད་ལ་འགུགས་པར་སྤྲོ།

   ཟླ་བ་ཁེར་འགྲོ་ཞིག་གི་ཕྱི་མིག་དེ་མི་བུ་ཁེར་རྐྱང་དག་གི་སྒེའུ་ཁུང་ངོས་སུ་འཁྲེན་པའི་མཚན་མོ་རེ་རེ་ནི། སྤྱི་ཚོགས་ཀྱི་འབག་ལྷད་དང་གཡོ་ཁྲམ་གྱི་དྲི་མས་བསླུ་བའི་སེམས་པ་འདི་གཙང་ཁྲུས་བྱེད་པའི་གོ་སྐབས་ཡག་ཤོས་དེ་ཡིན་པས། ཁོ་བོ་ཟླ་འོད་ཀྱི་ཁྲུས་ལ་ཞུགས་ནས་འཁོར་བའི་ཉེས་གྲིབ་དག་གཙང་ཁྲུས་བྱེད་པར་གོམས་ན་བསམ།

   འདི་ལྟར་ཁོ་བོས་མཚན་ལྗོངས་རེ་རེ་ནི་རིན་བྲལ་གྱི་གླགས་སྐབས་རེ་རེ་ལ་བསྒོམས་ནས་རང་ཉིད་མཛེས་སྡུག་གི་ཞིང་ལ་ཆས་བཞིན་ཡོད།


  • ལེ་ཚན་སྔོན་མ།:དག་ཞིང་གི་ཕ་ལོར་འབོད་པ།
  • ལེ་ཚན་རྗེས་མ།:ཕྱིར་དྲན་ངོགས་ཀྱི་སྙིང་ཉེ།