སྐྱོ་གདུང་།

མ་བྱན།        2019-03-15

   བདག་སེམས་ཀྱི་དྲན་པ་ནི་བར་སྣང་དུ་ངེས་མེད་སྐྱོད་ཀྱིན་པའི་ལོ་མ་ལྡོམ་པོ་འགའ་དང་འདྲ་བར། ཅི་བྱས་ལ་གཏད་སོ་མེད་ཅིང་བྱས་བྱས་དམིགས་འདུན་བྲལ། རྫོང་མཐུག་པའི་གྲོང་ཁྱེར་འདིའི་ནམ་མཁའང་བདག་སེམས་ཀྱི་ནམ་མཁའ་དང་འདྲ་བར། སྨུག་སྤྲིན་ལང་ལོང་གི་འདུ་འཛི་རྒོད་ཅིང་གྲང་རླུང་འུར་འུར་གྱིས་བུ་ཡུག་འཚུབ། དགུན་ཁ་ལྟ་བུའི་འཁྱག་ཤུར་ཤུར་གྱི་ཞེ་སྡུག་ཅིག་གིས་ཡོངས་སུ་འཁྱུད་ནའང་། ངས་ཁ་རོག་གེར་སྐྱོ་སྣང་ཐམས་ཅད་ཁོག་ཏུ་སྦས་ནས་རང་ཉིད་ལ་སེམས་གསོ་བྱས།

   དགུན་ཁ་ཚེས་བྱུང་། དགུན་ཁ་ཡིན་ལ་དགུན་ཁ་མིན་པའི་གནས་འདིའི་ནམ་ཟླའང་ཇེ་འཁྱག་ནས་ཇེ་འཁྱག་ཏུ་གྱུར། འཇམ་ཞིང་རྩུབ་རེག་བྲལ་བའི་ལག་པ་གཅིག་གིས་བྱིལ་བྱིལ་ཐེངས་གཅིག་གནང་ན་སྙམ། འཁྱག་གྲང་འགོག་པར་བྱེད་པའི་དགུན་ལྭ་དྲོན་པོ་ཞིག་ཡོད་ན་བསམ། དགུན་ཁ་ནི་སེམས་ཀྱིས་མི་བཟོད་པའི་དགྲ་བོ་ཞིག་དང་འདྲ་བར། ལོ་རེ་རེའི་ཟླ་བཅུ་གཅིག་པར་སླེབས་ཡོང་། ལོ་རེ་རེའི་ནམ་ཟླ་ད་ཚོད་ཅིག་ལ་སེམས་ཅན་གྱི་ངོ་གདོང་ལ་ལྟ་མཁན་ནི་དགུན་ཁ་སྟེ། ལོ་ཟླས་རུམ་ཁར་བསྙལ་བའི་དུས་ཀྱི་དགུན་ཁ་ཡིན། ནམ་རྒྱུན་ང་ཡི་ལག་མཐིལ་དུ་ཞོ་ལྟར་ཆགས་སྲིད་པའི་ཕ་ཡུལ་གྱི་དགུན་ཁ་དྲན་ཡོང་། ངའི་སེམས་པ་རྟོག་བཏགས་ཀྱི་ཕ་ཡུལ་ན་ཡོད། འོད་ཀྲིག་ཀྲིག་བྱེད་པའི་གྲོང་ཁྱེར་འདི་ནས་ང་ལ་སྐྱིད་སྣང་གི་ཚོར་བ་ཞིག་ཁྱོན་ནས་མེད་པས་གློ་རྡེག་ཕ་ཡུལ་གྱི་པང་དུ་ལོག་ན་འདོད། དམར་ལ་བཀྲག་མདངས་ཆགས་པའི་ཕ་ཡུལ་གྱི་མི་སེར་དག་ཅི་འདྲའི་དྲན་པ་ལ་ཨང་། ཡིན་ནའང་ང་ཕ་ཡུལ་དུ་ལོག་ནས་ཅི་བྱེད། གྲོང་ཁྱེར་འདིའི་རྒྱས་སྤྲོས་ཀྱི་འཚོ་བའི་འུར་ཟིང་དང་མི་ཚོགས་ལས་རིང་དུ་གྱེས་འདོད་པ་ནི་ཅོལ་ཆུང་བའི་མི་ཚོགས་ཀྱི་ཁ་ངོ་སྲུང་བར་མ་འདོད་པས་ཡིན་ལ། གཞན་གྱིས་ངོ་གདོང་འཚོ་བ་ནི་རང་ཉིད་ལ་མནར་གཅོད་གཏོང་སྟངས་གཞན་ཞིག་ཡིན་པར་སྙམ།

   ཕ་ཡུལ་ནི་ཞེན་ཆགས་བྲང་ཁར་བཏབ་པའི་དྲན་ཤིང་གི་ས་བོན་དེ་ཡིན་ལ། ནམ་ཞར་ཕ་ཡུལ་དང་བྲལ་ནས་ཡུད་ཙམ་འགོར་རྗེས་ཕ་ཡུལ་དྲན་ཡོང་ལ། དགུན་ཁ་ཕ་ཡུལ་དུ་ལོག་དུས་རྒྱུ་རྐྱེན་མི་གསལ་བའི་འཁྱག་སྣང་ཞིག་གིས་བསྡམས་ཡོང་། དེ་དུས་ང་ནི་ཕ་ཡུལ་གྱི་ལྷག་མ་ཞིག་ཏུ་རེད་འོང་།

མ་འོངས་པའི་རང་ཉིད་ལ་བསམ་གཞིག་བྱེད་ཐེངས་རེ་རེར་གཡང་ལ་ལྷུང་བའི་བྱ་རྒོད་བཞིན་འཇིགས་སྐྲག་དང་དངངས་སྐྲག་གིས་དེད་འོང་ལ། ཚོད་ཚོད་ཅིག་ལ་འཁྱག་རེངས་སུ་གྱུར་བའི་རང་ཉིད་ལ་སེམས་ཚེགས་ཤིག་ཀྱང་སྐྱེ་བར་བརྩམས། མི་སེམས་དཀྲུགས་ན་ད་གཟོད་མི་ཞིག་གི་ལྷིང་འཇགས་ཀྱི་འཚོ་བ་རྨང་ནས་དཀྲུགས་པ་ཡིན་པར་སྣང་སྟེ། རང་ཉིད་ལ་སྐྱོ་སྣང་དང་སུན་སྣང་གིས་གཙེས་དུས་འཆི་བ་དྲན་ཡོང་ལ། འཇིག་རྟེན་གྱི་ཡོད་ཚད་ལ་རེ་བ་གཏིང་ཆད་དུ་གྱུར་ལ་མུ་མཐུད་དུ་འཇིག་རྟེན་དུ་འགྲོ་དགོས་པའི་ལམ་ཁ་ལའང་ཐེ་ཚོམ་ཡོད་པར་གྱུར།

ལོ་དང་ཟླ་བའི་སོ་ཕྲེང་རིམ་གྱིས་བརྒལ་དུས་བྱིས་དུས་ཀྱི་དགུན་ཁ་ཞིག་དྲན་ཡོང་། ཁ་བ་ལྷབ་ལྷུབ་དུ་འབབ་པའི་དགུན་ཁའི་ཞོགས་པ་ཞིག་དྲན་འོང་། ནང་སེམས་རྫུ་བག་དང་གཡོ་སྒྱུས་མ་བསླད་པའི་དྭངས་གཙང་གི་བྱིས་པ་ཞིག་དྲན་འོང་། ཁ་གསོ་རྒྱབ་འགེབས་ལ་སེམས་ཁུར་མེད་ཅིང་འཚོ་བའི་ཡང་སྙིང་ལ་མཚར་སྣང་དང་དོ་སྣང་མེད་པའི་པྲ་ཆལ་གྱི་བྱིས་པ་ཞིག་དྲན་འོང་། ཕྱིར་དྲན་གྱི་མདའ་མོ་མི་ལོ་བཅུ་ཕྲག་གཅིག་གི་གོང་རོལ་དུ་འཕངས་རྗེས། དེ་དུས་ཀྱི་རང་ཉིད་ཀྱི་བྱིས་དུས་ལ་དགོད་ཁ་ཤོར་འོང་། དོན་དམ་དུ་འཇིག་རྟེན་དུ་འཚོ་བ་རོལ་བ་དེ་འདྲའིི་ལས་སླ་མོ་ཞིག་ག་ལ་ཡིན་ཏེ། མི་རྣམས་ཉིན་གྱི་མྱི་དང་མཚན་གྱི་ཁྱི་བཞིན་དུ་འདུར་ཀྱིན་པའང་འཚོ་བ་རོལ་བའི་ཆེད་དུ་མ་ཡིན་ནམ།

   ནམ་རྒྱུན་ང་ནི་སྐྱིད་སྡུག་གང་ལ་ཐུག་ཀྱང་བཟང་ངན་ཅི་ལ་འཕྲད་ཀྱང་ཁ་རོག་གེར་འདུག་མཁན་དང་། གལ་གནད་གང་ཞིག་ཡིན་ཡང་རང་གིས་ཐག་གཅོད་པར་དགའ། དེ་ནི་ཕལ་ཆེར་ཆུང་དུས་ནས་ཕ་མ་གཉིས་ཀྱིས་ང་རང་ངན་ལངས་སུ་བཏང་བས་ཡིན་ཡང་སྲིད། ཡིན་ནའང་། གོམས་འདྲིས་ཡིན་ལ་སྒེར་གཤིས་ཡིན་པའི་ལས་འདིས་ངའི་གཞོན་པའི་སྣང་བ་ལ་སྟོབས་ཤུགས་དང་སྙིང་སྟོབས་བསྩལ་ཡོད་པར་སེམས་ཏེ། སྐྱོ་བ་དང་སེམས་སྡུག་ཅིག་གིས་གཙེས་དུས་གཞན་དག་དང་འདྲ་བར་དང་ལེན་མི་ཐུབ་པའི་རིགས་དེ་མིན་པར་ཁོག་ཏུ་བཅུག་ནས་འདུག་མཁན་དེ་རིགས་ཡིན། དེའི་ཕྱིར་ནམ་རྒྱུན་ནང་ཁོག་ཁེར་རྐྱང་དང་འཁྱག་སྣང་ཡོམ་ཡོམ་དུ་སྒུལ་བར་བྱེད།

   ལས་ཀྱི་གཙང་བོར་འདྲེས་པའི་བྱ་ཁྱུ་དག་རྒྱང་ལ་འཕུར་ཤུལ་དུ། རྨི་ལམ་དང་མདུན་ལྗོངས་མག་མོག་རབ་རིབ་ཡིན་པའི་རང་ཉིད་བསམ་གཞིག་གི་རྒྱ་རུ་ཚུད་ཅིང་སེམས་ཀྱི་གཤོག་ཡ་འཚེམ་པའི་ཉི་ནུབ་ཀྱི་བྱ་ཕོ་དཀར་བོ་དེའོ།།

   སྙིང་ཉེ་བའི་རང་ཉིད་ཀྱི་མགོན་ལགས། བདག་ལ་མུ་མེད་ཀྱི་མཁའ་མཐའ་བརྒལ་བའི་གཤོག་ཟུང་ཞིག་སྩོལ་རོགས།

   སྙིང་ཉེ་བའི་རང་ཉིད་ཀྱི་མགོན་ལགས། བདག་ལ་འཁྱག་སྣང་སེལ་བའི་མེ་དྲོད་ཅིག་གནང་རོགས།།


  • ལེ་ཚན་སྔོན་མ།:སྤྱི་དོན་སྒྲུབ་ན་སྒེར་དོན་ལས་ཀྱིས་གྲུབ།
  • ལེ་ཚན་རྗེས་མ།:ལམ།