ཨ་མ་ལགས། བཀའ་དྲིན་ཆེ།

ཚུལ་ཁྲིམས་ལེགས་བཤད།        2019-01-28

    ངའི་མ་ལགས་ནི་འཚོ་བ་འཛོམ་པའི་དུད་ཚང་ཞིག་གི་བུ་མོ་ཡིན་ཡང་། ངའི་ཕ་ལགས་དང་འཇིག་རྟེན་གྱི་ལུགས་སྲོལ་ལྟར་བྱས་ཏེ་ཐབ་མེ་གསར་དུ་བཟུང་རྗེས་ནམ་རྒྱུན་ཞིང་འབྲོག་གཉིས་ཀྱི་བྱ་བ་ཧ་ཅང་ལྕི། ངའི་ཕ་ཡུལ་རོང་མ་འབྲོག་ཅིག་ཡིན་པས་དབྱར་ཚ་བ་དང་དགུན་གྲང་ངར་ཇི་ལྟར་རྒོད་ཀྱང་ངེད་ཚང་ལ་ཨ་མ་ལས་གཞན་ལྷས་འདབས་ཀྱི་ལྕི་བ་སེལ་མཁན་དང་། ནས་ཞིང་གྲུ་བཞིའི་རྩྭ་ལྡུམ་བྲེག་ཐུབ་མཁན་མེད། ངའི་མ་ལགས་ནི་རང་གི་བུ་ཕྲུག་ལ་གཅེས་ཤིང་གཞན་གྱི་བརྙས་འཁུར་མི་འདོད་པ་ཞིག་ཡིན་པས་ཉིན་མོ་རང་གཞན་གྱི་བྱ་བ་ལ་བྲེལ་འཚུབ་ཀྱིས་མ་ཁོམ་ཡང་། མཚན་ཟླ་འོད་འོག་ཏུ་ངེད་ཅག་མིང་སྲིང་གསུམ་གྱི་ལྭ་བ་བཀྲུས་ཏེ་གཞན་གྱི་མིག་སྔར་དག་པོ་བྱེད་ནས་མངགས།

    ངའི་མ་ལགས་ནི་ཕྱི་ནང་གི་རིག་གཞུང་ལ་ལྟ་ཐོས་ཅན་ཞིག་ཕར་ཞོག་ངས་ཡི་གེ་སྦྱོར་ཀློག་ཤེས་དུས་ཀྱང་ཀ་ཁ་སུམ་ཅུ་ཀློག་མི་ཤེས། ཡིན་ཡང་བོད་ཆོས་ལྡན་གྱི་ཨ་མ་ཞིག་གི་ཚབ་མཛད་དེ། མོས་ངེད་མིང་སྲིང་གསུམ་ལ་ངག་སློབ་ཏུ་ཀརྨ་པའི་གསོལ་འདེབས་དང་བདེ་སྨོན་བསྡུས་པ་ལྟ་བུ་གསོལ་འདེབས་དང་བསྔོ་སྨོན་རིགས་མང་ཙམ་བསླབས་པས་ལྷད་མ་འདྲེས་པའི་བྱིས་པའི་སེམས་ཁམས་ལ་ནང་ཆོས་ཀྱི་ས་བོན་བཏབ་ཡོད། ངའི་མ་ལགས་ནི་དུས་བཞི་འགྱུར་བའི་ཁྲོད་བྱ་བ་ཆེ་མ་ཆུང་གསུམ་ལ་བྲེལ་བའི་བོད་ཀྱི་བུད་མེད་དཀྱུས་མ་ཞིག་ཡིན་ཡང་། ང་ལ་གནང་བའི་འོད་སྣང་དེ་ཉི་ཟླས་སྟེར་མི་ཐུབ། ང་ལ་བྱིན་པའི་གོ་ས་དེ་རྒྱལ་མོས་བསྩལ་མི་ཐུབ། ང་ལ་ཡོད་པའི་འཚོ་བ་འདི་འཇིག་རྟེན་བྱེད་པོས་བསྐྲུན་མི་ཐུབ། བཀའ་དྲིན་ཆེ། ཨ་མ་ལགས།

    བོད་ཀྱི་ཨ་མ་ཕལ་ཆེར་གྱིས་བུ་ཕྲུག་གི་སྐྱེས་སྐར་མི་ཤེས་པ་བཞིན་ངའི་ཨ་མས་ཀྱང་ང་སྐྱེས་དུས་ཀྱི་ཟླ་ཚེས་གསལ་ཐག་ཆོད་པ་མི་ཤེས་མོད། མོས་དྲན་པ་ནི་དགོན་པ་ཞིག་གི་མིང་བཟུང་སྟེ་དེ་ཚང་གིས་སྤྲུལ་སྐུ་ཞིག་ཁྲི་སྟོན་བྱེད་སྐབས་བུ་ཆུང་ཁྱོད་སྐྱེས་པ་རེད་ཅེས་བཤད། ཕྱིས་སུ་ངས་ཡར་མར་ཀུན་ལ་དྲིས་ཏེ་བོད་ཟླ༡༡པའི་ཚེས༢༠ནི་ངའི་སྐྱེས་སྐར་ཡིན་པ་རྟོགས། མི་རྣམས་ཀྱིས་དགུན་གཞུང་གི་ཉིན་མོ་འདི་ལྟ་བུར་རྩིས་མཐོང་ཆེ་ཞིག་མེད་མོད། ངར་མཚོན་ན། ད་སྐབས་བོད་ཁོར་ཡུག་ཏུ་དར་ཆེ་བའི་དུས་ཆེན་གྱི་ཉིན་མོ་བརྒྱ་སྟོང་ལས་དེ་རིང་གི་ཉིན་མོ་འདི་འདང་བརྩེ་ཟབ་སྟེ། མི་ལོ་ཉི་ཤུ་ལྷག་གི་ཡར་སྔོན་གྱི་དེ་རིང་། ངའི་ཨ་མས་ངའི་དོད་དུ་ན་ཟུག་ཆེས་བཟོད་དཀའ་བ་ཞིག་མྱོང་ཡང་། ད་དུང་ང་ལ་བཅོས་མིན་གྱི་བརྩེ་བ་དང་ཞེ་འདང་ཟབ་མོའི་ངང་དྲོད་ཁོལ་ལྡན་པའི་གཞིས་ཁྱིམ་ཞིག་ཏུ་འཛུམ་གྱིས་བསུས་ལ། ང་ནར་སོན་པའི་གོ་རིམ་ལས་ཀྱང་སྡུག་རུས་ཀྱི་གོམ་པ་ཐོག་མ་སྤོས་ཡོད་པས་ཡིན།

    ད་ལྟ་ང་ཕོ་ལོ་ཉི་ཤུ་རྩ་དྲུག་ཟིན་ཡོད། དེའི་ཡུན་དུ་སློབ་གྲྭ་དང་བཤད་གྲྭ་ཁག་དུ་མ་ལས་སློབ་གཉེར་བྱས་པས་གཞན་གྱིས་ང་ནི་མི་འཇོན་པོ་དང་མཁས་པ་རེད་ཅེས་བཤད་མོད། རང་གི་ཡོན་ཚད་རང་ལ་ལྐོག་ཏུ་མ་གྱུར་པས་ང་འཇོན་པོ་དང་མཁས་པ་ཡིན་མིན་སོམ་ཉི་ཞིག་ཀྱང་མི་འདུག ལྷག་ཏུ་ཨ་མ་ཁྱེད་ཀྱི་མིག་མདུན་ནས་ང་སྔར་གྱི་བྱིས་པ་སྣབས་ལུག་དེ་ལས་འདའ་མི་སྲིད། དེ་བས། ནམ་རྒྱུན་ཁྱེད་ཀྱིས་ཀུན་སློང་གཙང་མས་བཤད་པའི་རེ་འདུན་ནམ་ཁ་ཏ་དང་། རྒས་གཉེར་དོད་པའི་ཞལ་ངོ་སྙིང་ཉེ་དེས་ང་ལ་སྒུལ་ཤུགས་དང་བརྩོན་སེམས་ལྷོད་མེད་ཅིག་སྩོལ་གྱིན་འདུག་པས་འུ་མ་བུ་གཉིས་ཀྱི་དམིགས་བསལ་གྱི་ཉིན་མོ་འདིར། བུ་ཆུང་ངས་ཁ་སེམས་བཅོས་མིན་གྱིས་སླར་ཡང་ཁྱེད་ལ་བཀའ་དྲིན་ཆེ་ཞུ། ཨ་མ་ལགས། བཀའ་དྲིན་ཆེ།


  • ལེ་ཚན་སྔོན་མ།:དགུན་གྲང་ངར་གྱི་མདུང་ཁའི་རྩེ་ན།
  • ལེ་ཚན་རྗེས་མ།:ལེགས་པའི་ལམ་ལ་སྲིང་བའི་ལོ་སར།