ཕ་ཡུལ།

བཀྲ་ཤིས་ཆོས་ལྡན།        2018-12-06

    ཕ་ཡུལ་ཏེ། ཕ་ཡུལ་ནི། ཞེན་ཆགས་ཀྱི་བང་རིམ་བརྩེགས་པའི་བློས་བསླངས་ཀྱི་དཀྱིལ་འཁོར་ཞིག་སྟེ། སྐད་ཅིག་མའི་སེམས་བྱུང་ཐམས་ཅད་ཡུན་ཙམ་ཡང་སྡོད་པ་མེད་པར་ཁྱོད་ཀྱི་པང་དུ་ལོག་འགྲོའོ།། ཞི་འཇམ་གྱི་དྲོད་ཁོལ་མ་ཡལ་བའི་ཁྱོད་ཀྱི་པང་ནས་ཕྱོགས་བཞི་མཚམས་བརྒྱད་ལ་མིག་ཟུང་བགྲད་དེ་ཡུན་རིང་ནས་སྒུག་པའི་གསང་བའི་སྒོ་ཐེམ་བརྒལ་བར་རྩོམ། ཕ་ཡུལ། ཁྱོད་རང་དྲན་པ་ནི་རྨི་ལམ་དང་ཀུན་ནས་མཚུངས་པའི་བྱིས་པའི་དུས་སྐབས་དྲན་པ་ཞིག་སྟེ། དུས་དེར་རྫི་བོ་ཆུང་ཆུང་ཞིག་གི་ལས་དབང་ལྷང་ངེ་རུ་འཆར་འོང་ཞིང་། བྱིས་པ་སྣབས་ལུག་ཅིག་གི་གཏམ་རྒྱུད་དབང་མེད་དུ་དྲན་ཡོང་སྟེ། གཞོན་དུས་ཀྱི་ཕ་ཡུལ་ནི་མི་ཚེའི་ནང་ཆེས་བག་ཆགས་མཐུག་པའི་སྣོད་བཅུད་ཀྱི་བཀོད་པ་ཞིག་ཏུ་བགྲང་ཆོག་པའོ།།

     དུས་ད་ལྟའང་གཞོན་དུས་རྫི་བོ་བྱེད་སྐབས་མེ་ཏོག་སྣ་ཚོགས་ཀྱིས་ཕྲ་རྒྱན་བཏབ་པའི་ཡངས་པའི་རྩྭ་ཐང་ནས་ནོར་ལུག་གི་རྩེད་འཇོ་དང་། མཐོ་ཞིང་བརྗིད་ཆགས་པའི་རྫ་རི་དག་གི་མདུན་རོལ་ནས་བྱ་བྱིའུ་མང་པོའི་གླུ་སྐད་ལ་ཉན་ཞོར་དངངས་འཚུབ་ཀྱིས་འདུར་རྒྱུག་བྱེད་པ། ཡན་ལག་བརྒྱད་དང་ལྡན་པའི་དྭངས་བསིལ་གྱི་ཆུ་བོ་དང་ཆུ་ཕྲན་དག་ལ་ཆུ་རྐྱལ་དང་ཆུ་རྩེད་ཀྱིས་རྣམ་གཡེང་བྱེད་པ། དབུ་རྩེ་གནམ་ལ་ཟུག་པའི་གངས་ཀྱི་ས་འཛིན་ལ་བལྟས་ནས་ཤིན་ཏུ་སྨྲེང་བའི་གཞས་ཆུང་ལེན་པ། རྫི་ཇ་ཞིམ་པོའི་མཆོད་པ་དང་ཕྱེ་ཐུག་དཀར་པོའི་གུང་ཟས་ལ་རོལ་བཞིན་རྫི་རོགས་ཕན་ཚུན་བར་རོགས་གླུ་འཐེན་ཞོར། སྣང་བ་ཨ་སྔོན་དགུང་ལ་ཟུག་པའི་ལོ་ཟླ་དེ་དག་ཡིད་ལ་ཝ་ལེར་འཆར་འོང་སྐབས། ཕ་ཡུལ་ནི་དུས་རྟག་ཏུ་སེམས་ངོར་འཆར་བའི་ཟླ་ཤེལ་གྱི་གོང་བུ་ཞིག་དང་གཉིས་སུ་མེད་དོ།།

     ཕ་ཡུལ་ལགས། ཁྱོད་རང་འཁོར་བ་འདི་དུག་སྦྲུལ་གྱི་ཚང་དང་མེ་མུར་གྱི་འོབས་ལྟར་མཐོང་ཞིང་ངེས་འབྱུང་སེམས་ཀྱིས་ཐུགས་རྒྱུད་བརླན་པའི་དྲང་སྲོང་རེ་ཟུང་གིས་ནམ་ཞར་དུ། “ཕ་ཡུལ་བདུད་ཀྱི་བཙོན་ར་ཡིན།།ཕ་མ་བདུད་ཀྱི་ཞགས་པ་ཡིན།།”ཞེས་པའི་དམ་ཚིག་སྒྲོག་གིན་འདུག་ནའང་། བདག་ལ་མཚོན་ཏེ་བདག་གི་མི་ཚེའི་རིམ་པ་ལ་སྦྱར་ན“མི་ཚེ་རི་ལ་བསྐྱེལ་རུང་། རི་དྭགས་ངོ་མ་ཤེས།”ཞེས་པའི་དཔེ་ལྟར་ཕ་ཡུལ་ལ་ཞེན་ཆགས་གཏན་ནས་ལྡོག་མི་ཐུབ་པར་མ་ཟད། ལོ་དང་ཟླ་བ་ཇི་ཙམ་བརྒལ་བ་དེ་ཙམ་གྱིས་ཕ་ཡུལ་གྱི་རི་ཆུ་ནགས་གསུམ་དང་མ་ཡུམ་གྱི་ཕྱག་ཟས་དྲོན་མོ། རང་ཡུལ་གྱི་བརྩེ་བའི་ཆུང་གྲོགས་དང་བྱིན་རླབས་འཕྱུར་བའི་དགོན་སྡེའི་བཟོ་བཀོད་སོགས་ཀྱིས་མཚོན་པའི་ཕ་ཡུལ་གྱི་མཛེས་པ་འབུམ་ཕྲག་གིས། ཉིན་རེ་བཞིན་དུ་ཕ་ཡུལ་ལ་འཁྲེང་བའི་འཁྲེང་ཞེན་ཇེ་འཕེལ་དང་ཕ་ཡུལ་ལ་བརྩེ་བའི་བརྩེ་བ་ཇེ་ཟབ་ལ་ཕྱིན། ནམ་དུའང་། ཕ་ཡུལ་ཞེས་པའི་ཡིག་འབྲུ་རྡོག་གཉིས་པོ་དེ་བདག་གི་རྣ་བའི་བུ་གར་ལྷུང་ཐེངས་རེ་ལ་དགའ་སྐྱོ་འདྲེས་མའི་ཚོར་སྣང་འབེལ་པོ་ཞིག་ཆུ་ལྟར་འབྱོ་འོང་ཞིང་རླུང་ལྟར་འཚུབ་འདུག་པས། ཕ་ཡུལ་དང་ཕ་ཡུལ་གྱི་མཛེས་བཀོད་ནི་རྟག་ཏུ་ཡིད་ཀྱི་ཞིང་ཁམས་དེར་ཀྲོང་ངེར་འགྲེང་པའི་འོད་ཀྱི་ལྷ་ཚོགས་ཤིག་ཏུ་བགྲང་ནའང་མི་ཆོག་པ་ལར་ནས་ཡོད་མི་སྲིད།

     ཕ་ཡུལ་ལགས། མི་ལ་ཤས་ཀྱིས་“ང་ཕ་ཡུལ་ནས་འགྲོ་དུས་ཕ་ཡུལ་ཧ་ཅང་ཆེ། ང་ཕ་ཡུལ་ལ་ལོག་དུས་ཕ་ཡུལ་ཧ་ཅང་ཆུང་།”ཞེས་པའི་ཤེས་ཚད་ཡར་རྒྱས་ཕྱིན་མདོག་གིས་སྡོམ་ཚིག་འགོད་ཀྱིན་པ་ལྟར། ཁོ་བོས་ཀྱང་དེ་ལས་ལྡོག་པའི་མཐའ་སྡོམ་ཕྲན་བུ་ཞིག་འགོད་པར་བྱ་སྟེ། ང་ཕ་ཡུལ་ནས་འགྲོ་དུས་ཕ་ཡུལ་ནི་ལུང་ཁུག་དོག་པོ་ཞིག་ཏུ་མཐོང་ནའང་། ང་ཕ་ཡུལ་ལ་ལོག་དུས་ཕ་ཡུལ་ནི་དག་པའི་ཞིང་ཁམས་ཤིག་དང་གཉིས་སུ་མི་འདུག་ཅེས་པ་དེའོ།། ལར། “རང་ཡུལ་དམྱལ་བ་ཡིན་རུང་སྐྱིད།”ཅེས་པའི་གཏམ་དཔེ་དེའི་ཡང་སྙིང་ནི། བཟོ་དང་བཀོད་པ་སྒྱུ་མའི་གྲོང་ཁྱེར་ལ་བསྙེགས་པའི་ཡངས་པའི་རྒྱལ་ཁམས་འགྲིམས་ནའང་། ཕ་ཡུལ་ནི་སྔ་ལས་ཀྱང་པིར་གྱིས་བཞེངས་པའི་ཐང་ག་ཇི་བཞིན་སེམས་པའི་གཏིང་རུམ་ན་མཛེས་སྡུག་དང་གཟི་བྱིན་གྱིས་གྲུབ་ཡོད། ཕ་ཡུལ་དང་ཕ་ཡུལ་གྱི་རི་ལུང་གིས་བཞག་པའི་བག་ཆགས་སྟུག་པོ་དེ་དགུང་སྔོན་ནམ་མཁའི་མཐོངས་དང་གྲངས་མེད་རྡུལ་གྱི་ཚད་ལ་འདྲེས་ཡོད།

     ཕ་ཡུལ་ལགས། ཁྱོད་རང་སྙན་ངག་པའི་རྩོམ་ལུས་དུ་མའི་བརྗོད་བྱའི་སྲོག་ཏུ་ཆགས་དོན་ཀྱང་། དོན་དམ་པར་ཁྱོད་ལས་སྙན་པའི་སྙན་ངག་ཅིག་མེད་པས་ཡིན་སྲིད། ཡང་ན། ཁྱོད་ནི་དགའ་སྐྱོ་ཆགས་སྡང་གི་གཏེ་བོ་རུ་གྱུར་ཡོད་པས་ཀྱང་ཡིན། གང་ལྟར། ཕ་ཡུལ་དང་ཉེ་འཁོར་ཞིབ་མོར་འབྲི་བཞེངས་བྱེད་པའི་སྒྲུང་རྩོམ་པ་དང་། ཕ་ཡུལ་དང་ཕ་སྐད་སྒྱུ་རྩལ་གྱི་འཕྲུལ་ལ་བཏབ་པའི་སྙན་ངག་པ་སུ་ཞིག་ལ་མཚོན་ནས་བཤད་ནའང་། ཕ་ཡུལ་ལས་ལྷག་པའི་བརྗོད་བྱ་སྙན་པོ་ཞིག་བཙལ་དུ་མེད་ལ། ཕ་ཡུལ་ལས་བརླིང་པའི་ཐ་སྙད་མཛེས་པོ་ཞིག་རྙེད་དུ་མེད་སྟབས། སྙན་ངག་འབྲི་དུས་ཕ་ཡུལ་དང་ཕ་ཡུལ་གྱི་རྣམ་འགྱུར་ནི་སེམས་ནས་བོར་ཐབས་མེད་པའི་འདུ་བྱེད་ཀྱི་གོང་བུ་ཞིག་ཏུ་བགྲང་ཆོག་པའོ།།

      ཕ་ཡུལ་ལགས། ཁྱོད་ནི་ངའི་ཐོག་མའི་ལྟེ་ཁྲག་འཐོར་སའི་རང་ཁྱིམ་དེ་ཡིན་པས་ཟུངས་ཁྲག་གི་བཅུད་ལ་བསྟིམས་ཡོད། ཁྱོད་ནི་ངས་ཐོག་མའི་ངུ་དབྱངས་གྱེར་སའི་མལ་ཚང་དེ་ཡིན་པས་སྨོན་ལམ་གྱི་དབྱིངས་སུ་རྩེན་ཡོད། ཁྱོད་ནི་ངའི་སྐྱིད་སྡུག་གི་གོམ་སྟབས་བསྒྱུར་སའི་ལམ་འགག་དེ་ཡིན་པས་འདུན་པའི་ཕུགས་ལ་བརྩེགས་ཡོད། ཁྱོད་ནི་ངའི་རེ་བའི་འོད་སྣང་འཕྲོ་སའི་དཀྱིལ་འཁོར་དེ་ཡིན་པས་སྐྱབས་འཇུག་གི་རྒྱུ་རུ་གྱུར་ཡོད།

      ཕ་ཡུལ་ལགས། བདག་གིས་ཆ་མེད་རྒྱུས་མེད་ཀྱི་ས་མཐའ་གང་ཞིག་ནས་ཆེས་སྐྱ་ཆད་སྔོ་སྡུག་གི་འཚོ་བར་ཁེན་ནས་ཁྱོད་རང་དྲན་པ་ལན་གཅིག་མ་ཡིན། ཁྱོད་རང་དྲན་པའི་དུས་ཡུན་དག་ལ་ཁྱོད་ཀྱི་གཏམ་རྒྱུད་བཀླགས་པ་བགྲང་གིས་མི་ལང་། ལོ་རྒྱུས་ཀྱི་གླེགས་བམ་མང་པོར་ཁྱོད་ཀྱི་བདེན་དཔང་འཚོལ་ཞིང་ཡིག་འབྲུ་རེ་རེའི་བར་གསེང་ནས་ཁྱོད་ཀྱི་གསང་བར་བརྟག རྒན་པ་མང་པོའི་མཆིལ་ཞགས་ཀྱི་ཀློང་ནས་ཁྱོད་ཀྱི་འདས་དོན་འཚོལ་ཞིང་བང་སོ་མཐུག་པོའི་ནང་ཁྲོལ་བསྔོགས་ཏེ་ཁྱོད་ཀྱི་མེས་པོ་བཙལ།

      ངོ་མར་བཤད་ན། ང་རང་ཁྱོད་ཀྱི་པང་ནས་ནར་སོན་ནའང་ཁྱོད་རང་སུ་ཡིན་ངོ་མི་ཤེས་པའི་ཚོད་ལ་སླེབས། ཁྱོད་ལ་འཁོར་བའི་རྣམ་ཤེས་གྲངས་མེད་ཅིག་ད་དུང་ཡང་བདེ་བ་མ་ཐོབ་པར་ཁྱོད་ཀྱི་ཕྱི་ནང་ལ་ལྡིང་སྐོར་རྒྱག་པ་མཐོང་དུས། མདོར་ན། དྲན་པ་མག་མོག་བརྒྱུད་ནས་འཆར་ཡོང་བ་ནི་ཕ་ཡུལ་ཁོ་ན་སྟེ། ཉལ་ནས་རྨི་ལམ་གྱི་ཞིང་དུ་འཁོར་བ་ཕ་ཡུལ་དང་ཕ་ཡུལ་གྱི་སྣོད་བཅུད་ཕུན་ཚོགས་རེད། སད་དུས་དབང་པོ་ལྔའི་ཡུལ་དུ་འཆར་བའང་ཕ་ཡུལ་དང་ཕ་ཡུལ་གྱི་གཏམ་རྒྱུད་སྙན་མོ་དག་རེད། དེའི་ཕྱིར། ཕ་ཡུལ་ལ་རྒྱབ་འགལ་བྱེད་པའི་མི་དེ་ནི་རྣམ་ཤེས་དང་བྲལ་བའི་བེམ་གོག་ཅིག་དང་མཚུངས་ཤིང་ཕ་ཡུལ་དང་རྒྱང་ཐག་རིང་བའི་མི་དེ་ནི་ནམ་ཡང་དྲན་གདུང་དང་རེ་སྙེག་གིས་མནར་བའི་མགྲོན་པོ་ཁྱུ་གཅིག་ཡིན་པའི་སྣང་བ་བྱུང་།།


  • ལེ་ཚན་སྔོན་མ།:ཕ་སེམས་འཁོར་སའི་བུ་ཆུང་།
  • ལེ་ཚན་རྗེས་མ།:སེམས་ནས་ཟགས་པའི་གཏམ།