དར་ཞིང་སྒང་གི་སློབ་གྲྭ

སྙིང་མོ་རྒྱལ།        2018-09-21


ནུབ་ཚལ་ཟོས་རྗེས་ང་སྡེ་བའི་ཞིང་གཉའ་ནས་ཕར་བདེ་ཆེན་སྡེ་བར་བསྲིངས་པའི་རྒྱ་ལམ་བརྒྱུད་དེ་འཆམ་འཆམ་དུ་སོང་བ་ཡིན། ནམ་རྒྱུན་ལམ་འདི་དེད་དེ་ཕར་འགྲོ་ཚུར་འོང་བྱེད་དུས་འགྲོ་རོགས་ཚོ་དང་ལྷན་དུ་ཁ་བརྡ་བྱེད་པ་སོགས་འུར་འུར་ཟིང་ཟིང་གི་ནང་དུ་མགོ་འཁོར་གྱིན་སོང་བས། རང་སེམས་རྣལ་ལ་ཕབ་མ་མྱོང་། དེ་རིང་ཁ་པར་ཡང་བཟུང་མེད་ལ་འགྲོ་རོགས་ཀྱང་མེད་པས། ངས་མགོ་བོ་ཀྲོག་ཀྲོག་གིས་ཡར་བལྟ་མར་བལྟ་བྱས་ཏེ་སོང་བ་ཡིན། 

དེ་དུས་ད་གཟོད་ངས་སྡེ་བ་འདིའི་འགྱུར་ལྡོག་མཐོང་བྱུང་། ལོ་བཅོ་བརྒྱད་ཀྱི་སྔོན་དུ་འདི་རུ་ཨ་མ་ལྷག་པའི་སྤྱིལ་བུ་ཆུང་ཆུང་དེ་ལས་མིག་གིས་མཐོང་ཚོད་ན་ཁང་བ་ལེབ་མོ་གཅིག་ཀྱང་མེད་ཟེར་ཆོག་ལ། ཐ་ན་སྐབས་ལ་རེར་ཡུར་མ་ཡུར་མཁན་གྱི་ཨ་ཅེ་རེ་གཉིས་གནས་འདི་བརྒྱུད་ནས་འགྲོ་བ་ལས་གཞན་འགྲུལ་བའམ་སྡེ་མི་ཧ་ལམ་འོང་མཁན་མེད། དུས་རྒྱུན་དུ་ཞིང་མཐའ་བརྒྱུད་ནས་གཟན་རྩྭ་འཚོལ་བའི་བོང་རྒན་ཚོར་ཁ་ཕྱོགས་ལ་ངེས་པ་མེད་པར་གང་སར་འཁྱམ་ཉུལ་དུ་འགྲོ་བཞིན་ཡོད་ན་ཡང་གནས་འདིར་གཏན་ནས་ཡོང་མི་སྲིད། དེའི་རྒྱུ་མཚན་ནི་ས་འདིར་དགུན་ཁར་འཁྱག་ཅིང་དབྱར་ཁར་རྩྭ་མི་སྐྱེས་པའི་ས་ཆ་ཞིག་ཡིན་པས་རེད། 

འོན་ཀྱང་ད་ལྟ་འདི་རུ་ཁང་ལེབ་དང་ཁང་བརྩེགས་མང་པོ་བསྐྲུན་ཡོད་པར་མ་ཟད། ཕྱོགས་ཡར་མར་ནས་ཡོང་བའི་ཁེ་བ་དང་ཚོང་བ་ཡང་ཧ་ཅང་མང་པོ་ཞིག་འདུས་སྡོད་བྱས་འདུག ཁང་བ་རེ་རེའེ་སྒོ་ཁར་མི་ཚོགས་རེ་འདུས་ནས་ཚོང་ཕར་རྒྱག་ཚུར་རྒྱག་གི་བྲེལ་ཟིང་ལ་འཇུག་བཞིན་འདུག ང་རང་ན་ནིང་གསར་དུ་སྐྲུན་པའི་སྡེ་བའི་ཏང་ཡོན་བྱ་འགུལ་ལྟེ་གནས་ཀྱི་སྒོ་ཁ་བརྒྱུད་དེ་ཕར་འགྲོ་དུས་གློ་བུར་དུ་མིག་གི་ལམ་དུ་ལྷུང་ཡོང་བ་ནི་འདི་ནས་ཕར་ངོགས་སུ་བསྲིངས་པའི་འོད་ལམ་ལམ་གྱི་འགྱིག་སྣུམ་ལམ་དེ་རེད། ལ་ཁའི་ཉི་འོད་ལ་ཟེར་མ་སེར་པོ་འཕྲོས་པའི་འོག་ཏུ་འགྱིག་སྣུམ་ལམ་དེ་ནི་སྐབས་ལ་རེར་དར་གོས་ཡུག་གཅིག་རྒྱང་རིང་ལ་འཐེན་པ་ལྟར་སེར་ལམ་ལམ་དུ་འགྱུར་འགྲོ་ལ། མཚམས་ལ་རེར་སྤུ་སྨྱུག་ཅིག་གིས་རས་གཞིའི་ངོས་ལ་འཕྲེད་ཡིག་བྲིས་པ་བཞིན་ནག་ཡུག་ཡུག་ཏུ་འགྱུར་འགྲོ། ངས་ད་ལྟའི་དར་ཞིང་སྐེད་ཀྱི་ཡངས་ཤིང་སྙོམས་པའི་ལམ་ཆེན་འདི་མཐོང་བས་ཡིད་ལ་རང་དབང་མེད་པར་འདས་དོན་ཞིག་འཆར་ཡོང་།

         ༢

དེ་ནི་ལོ་བཅོ་བརྒྱད་ཀྱི་ཡར་སྔོན་དུ་ང་དང་གྲོགས་མོ་གཡུ་མཚོ་གཉིས་སློབ་ཆུང་འགྲིམས་པའི་སྐབས་ཡིན། སྐབས་དེ་དུས་ང་ཚོའི་སྡེ་བ་ན་སློབ་གྲྭ་མེད་པས་བྱིས་པ་ཚོ་སློབ་གྲྭར་འགྲོ་དགོས་ན་དར་ཞིང་སྐེད་བརྒྱུད་ནས་བདེ་ཆེན་སྡེ་འདབས་སུ་ཡོད་པའི་ཤང་སྲིད་གཞུང་གི་སློབ་གྲྭར་འགྲོ་དགོས། ང་ཚོའི་སྡེ་བ་ནས་བདེ་ཆེན་སྡེ་བའི་བར་དུ་ཧ་ལམ་ལམ་ཐག་སྤྱི་ལེ་དྲུག་ཙམ་ཡོད་པར་མ་ཟད། དར་ཞིང་སྐེད་ན་ཁེར་ལམ་ཞིག་ཡོད་པ་ཡང་བྱིས་པ་ཚོར་མཚོན་ན་ཉེན་ཁ་ཅན་གྱི་ལམ་ཞིག་ཡིན། དེའི་རྐྱེན་གྱིས་ང་ཚོའི་སྡེ་བའི་ཁྱིམ་བདག་མང་པོ་ཞིག་གིས་བྱིས་པ་ཕར་སྐྱེལ་ཚུར་བསུའི་དཀའ་ཁག་ལ་འཛེམས་ནས་སློབ་གྲྭར་མ་བཏང་། ཡིན་ན་ཡང་ང་དང་ངའི་གྲོགས་མོ་གཡུ་མཚོ་གཉིས་ཕ་མ་བཀའ་དྲིན་ཅན་དག་གི་སྡུག་རུས་ལ་བརྟེན་ནས་སློབ་གྲྭར་འགྲོ་ཐུབ་པ་བྱུང་། འོན་ཀྱང་དབྱར་ཁར་ཆར་བ་འབབ་པའི་དུས་དང་དགུན་ཁར་ཁངས་སྐྱ་འཚུབ་པའི་དུས་ནི་བྱིས་པ་དག་ཕར་ཞོག་ཐ་ན་མི་རྒན་དག་ཀྱང་རི་སྐེད་ཀྱི་ལམ་འདི་བརྒྱུད་ན་ཉེན་ཁ་ཤིན་ཏུ་ཆེ།

གང་ལྟར་ཡང་ངེད་གཉིས་ཀ་ཁྱིམ་བདག་གིས་སློབ་བྱོལ་བྱེད་དུ་མ་བཅུག་པར་སློབ་ཆུང་ལོ་རིམ་བཞི་པའི་བར་དུ་ཕར་བསྐྱལ་ཚུར་ལེན་བྱས་པ་ན། ད་གཟོད་ངེད་གཉིས་ཀྱང་ཁྱིམ་བདག་གི་སྐྱེལ་བསུར་མ་བརྟེན་པར་ལམ་འདི་བརྒྱུད་ནས་འགྲོ་ཐུབ་པའི་ཚོད་དུ་སླེབས། ཉིན་ཞིག་ང་དང་གྲོགས་མོ་གཉིས་རྩེ་རེས་དགོད་རེས་བྱས་ཏེ་ལམ་འདི་བརྒྱུད་ནས་སློབ་གྲྭར་འགྲོ་བའི་སྐབས་སུ་སྟབས་མ་ལེགས་པར་གྲོགས་མོ་རྦབ་ཏུ་འགྲིལ་སོང་། ཨ་ཁ་ཁ། ད་ནི་ཅི་བྱེད། ངས་ལམ་ངོས་ཀྱི་རྩྭ་ཕོན་ཞིག་ལ་ལག་པས་འཇུ་ཞོར་གྲོགས་མོའི་གམ་དུ་སོང་དུས། ཁོ་མོ་ལམ་འོག་གི་གད་པ་ཆུང་ངུ་ཞིག་ཏུ་ལྷུང་འདུག་ལ། ངོ་དང་ལག་པ་སོགས་གང་སར་ཁྲག་གིས་དམར་པོ་བྱས་ཡོད་པར་མ་ཟད། ཁ་ཡང་གྲག་ཐུབ་ཀྱི་མི་འདུག དེ་ནས་ང་སྐྲག་མ་དངངས་ཀྱིས་ཡུལ་ལ་རྒྱུགས་དེ་ཁོ་མོའི་ཕ་མ་གཉིས་ལ་བཤད་རྗེས་ང་ཚོ་གཅིག་ལས་གཅིག་མགྱོགས་ཀྱིས་ཕྱིར་གཡུ་མཚོའི་གམ་དུ་ཐོན་པ་ན། ཁོ་མོ་གད་པ་ལས་ཚུར་ནུར་ནས་སྐྱིབས་ངོགས་ཤིག་ལ་ཐོན་འདུག ཁོ་མོའི་ཕ་མ་གཉིས་ཀྱིས་ངུ་སྐད་རྒྱག་ཞོར་གྲོགས་མོའི་ལག་པར་འཇུས་ནས་ཡར་བསླངས་དུས་མ་གཞི་གཡུ་མཚོའི་རྐང་པ་བཅག་འདུག

གཡུ་མཚོའི་རྐང་བ་བཅག་པ་ནས་བཟུང་སློབ་གྲྭར་འགྲོ་མ་ཐུབ་པས་ང་རང་ཡང་བསྐྱར་ཕ་མ་གཉིས་ཀྱི་སྐྱེལ་བསུ་ལ་བརྟེན་ནས་སློབ་གྲྭར་འགྲིམས་པ་ཡིན། གུང་གསེང་བཏང་དུས་ང་རང་རྒྱུན་དུ་གཡུ་མཚོར་བལྟ་རུ་སོང་བ་ཡིན་ལ། ང་ཐོན་པ་མཐོང་ཚེ་ཁོ་མོ་གྱོལ་མ་ལྡིང་གིས་རྒྱུགས་ཡོང་ནས་འཛུམ་གྱིས་ང་བསུ་བར་བྱས།

ཁོ་མོར་དོན་རྐྱེན་གྱིས་དབང་གིས་སློབ་གྲྭར་འགྲོ་མ་ཐུབ་མོད། རྒྱུན་དུ་སློབ་གྲྭའི་གནས་ཚུལ་དང་སློབ་གྲོགས་ཚོའི་སྐོར་གྱི་ཁ་བརྡ་ལ་ཉན་རྒྱུར་ཧ་ཅང་དགའ། ངས་གཟའ་འཁོར་གཅིག་གི་སློབ་གྲྭའི་

འཚོ་བ་ལས་ཅུང་དོན་སྙིང་ལྡན་པའི་བྱ་བ་རྣམས་མོ་ལ་གཅིག་གཅིག་གཉིས་བྱས་ནས་བཤད་པ་ན། ཁོ་མོ་ཚོད་ཚོད་ལ་སྤྲོ་སྣང་གིས་ཁེངས་བཞིན། ཁ་ནས་“ཨ་ཙི། ང་ཚོའི་སྡེ་བའི་དར་ཞིང་སྒང་ན་ཡང་སློབ་གྲྭ་ཞིག་ཡོད་ན་ཅི་འདྲའི་སྐྱིད་ལ། ང་ཡང་འགྲོ་ཐུབ་ཟེར།”

             ༣

ཕྱིར་དྲན་མཚམས་འདིར་སླེབས་དུས་ངས་མགོ་བོ་བཀྱགས་ནས་དར་ཞིང་སྒང་ལ་བལྟ་དུས་། ལོ་འགའི་སྔོན་དུ་བཙུགས་པའི་སློབ་གྲྭའི་ཁང་བརྩེགས་དག་གིས་ང་ལ་བལྟས་འདུག་པའི་ཚོར་བ་ཞིག་སྐྱེས། གཡུ་མཚོའི་རེ་སྨོན་ལྟར་ད་ལྟ་དར་ཞིང་སྒང་ན་ཡང་སློབ་གྲྭ་ཞིག་བཙུགས་ཡོད་པར་མ་ཟད། སློབ་སྒྲུབ་ཀྱི་ཆ་རྐྱེན་ཡང་ཧ་ཅང་ལེགས། ང་ཚོ་དགེ་རྒན་ཉི་ཤུ་ལྷག་དང་སློབ་མ་སུམ་བརྒྱ་ལྷག་ཅིག་གིས་མདའ་རྒྱང་སྡེ་བའི་མ་འོངས་བའི་སློབ་གསོ་ལ་འབད་པ་བྱེད་ཀྱིན་ཡོད།

ཡིད་སྐྱོ་བ་ཞིག་ལ་གཡུ་མཚོ་རྐང་བ་བཅག་པ་ལ་རྐྱེན་བྱས་ཏེ་དུས་གཏན་དུ་སློབ་གྲྭར་འགྲོ་མ་ཐུབ་པར་ཡུལ་ནས་བསྡད་ཅིང་། ལོ་འགའི་སྔོན་དུ་གཉེན་སྒྲིག་བྱས་པ་རེད། འོན་ཀྱང་ཁོ་མོའི་བྱིས་པ་གཉིས་ནི་ད་ལྟ་ང་ཚོའི་སློབ་གྲྭ་རུ་སློབ་སྦྱོང་ལ་འབད་པ་བྱེད་ཀྱིན་མཆིས།

ངས་དེ་དག་ལ་བསམ་གཞིགས་བྱེད་བཞིན་ཕྱིར་ལོག་དུས་ཡིད་ལ་རང་དབང་མེད་པར་དྲན་འོངས་པ་ནི་དུས་རབས་གསར་བ་ནི་མ་ཡི་རེ་སྨོན་བུ་ཡི་རིང་ལ་འགྲུབ་ཏུ་འཇུག་པའི་དུས་རབས་ཤིག་རེད་ལ། སྐལ་བ་ཡག་པའི་དུས་ཤིག་ཡིན་པས་ང་ཚོ་སྐྱེས་སྐབས་འགྲིག་སོང་སྙམ།།


  • ལེ་ཚན་སྔོན་མ།:ཁྱིམ་དུ་ལོག་པ།
  • ལེ་ཚན་རྗེས་མ།:སྦྲ་ནག