ལྷ་མོ་ཚེ་བརྟན། 2018-04-28
༡
ལྷོ་ཕྱོགས་ཡར་ཀླུང་ནས་མཆེད་པའི་ནས་འབྲུ་རྡོག་གཅིག་གིས་བསྐྱངས་བའི་འུ་ཅག་གི་ལོ་རྒྱུས། བྱང་སེམས་སྤྲེའུ་འཛུམ་མདངས་སྒེག་མོ་དང་འཕགས་མའི་རྣམ་སྤྲུལ་གྱི་བསྐྱངས་བའི་འུ་ཅག་གི་འདས་ཟིན། དེ་རིང་འདས་ཟིན་པར་གྲགས་པའི་ངོ་མཚར་གྱི་གཏམ་རྒྱུད་གང་མང་ཞིག་གིས་ང་རང་རློམ་སོང་། སུམ་གཉིས་ས་ཡི་དཀྱིལ་འཁོར་ལ་གྲགས་པའི་རྡོ་རིང་དེ་བརྗོད་བཞིན་ང་རང་ཚོ་གཉིད་སོང་། དེ་རིང་ད་དུང་རྟ་ཕོའི་རྨིག་སྒྲས་གནམ་ས་འགེབས་པའི་རྩྭ་རྩོད་དེའི་ཆེད་ལ་ང་རང་ཚོ་སྨྱོས་འདུག ཉེར་གཅིག་གི་དུས་འདིར་ད་དུང་རྙིང་ཞེན་གྱི་འཁུར་བོ་ལྗིད་མོ་ཞིག་གིས་མནན་ནས་ལངས་མི་འདུག ང་རང་ཚོ་ཨ་རིར་བལྟས་ནས་ཧད་འདུག་ལ་རྒྱལ་ནང་དུ་བལྟས་ནས་མཚར་འདུག དངོས་གནས་རང་ཉིད་ལ་རྫོགས་ཚིག་བཀོད་པ་མ་ཡིན་ནམ།
༢
ངའི་ཨ་ཕའི་གཞས་ཆུང་རི་ལུང་ལ་ཁྱབ་དུས། ངའི་ཨ་མའི་བཞོ་གླུའི་མི་སེམས་འགུག་དུས།ཕ་སྐད་ཞེས་བའི་གད་རྒྱངས་སྙན་མོ་ཞིག་གིས་ངའི་འདས་མ་ད་གསུམ་ལ་སློབ་སྟོན་མཛད། དེ་རིང་གྲོང་ཁྱེར་གྱི་གྲུ་ཟུར་འབྱོར་དུས་སྦྲང་དཀར་རྩམ་པ་དང་འབྲེལ་བའི་ཕ་སྐད་སྙན་མོ་གོ་རྒྱུ་མི་འདུག་ལ།དེ་རིང་སློབ་གླིང་གི་ར་བར་འབྱོར་དུས་ཨ་གསར་ཞེས་བའི་ཟེར་སྒྲོས་ཞིག་གི་ངའི་ཕ་སྐད་ལ་སྒྲོག་སྐད་ཞེས་བའི་ཐ་སྙད་ཞིག་གིས་སྤྲགས་སོང་། སྒྲུང་ལྡེའུ་བོན་གསུམ་གྱི་བསྐྱངས་བའི་ལོ་རྒྱུས་མཇལ་དུས། ཆོས་རྒྱལ་མེས་དབོན་གྱི་སྙན་པའི་བ་དན་མཇལ་དུས།ཕ་སྐད་ནི་ཆེས་རྫོགས་ལྡན་གྱི་སྙན་དབྱངས་ཡིན། དེ་རིང་ཕ་སྐད་ཀྱི་ཟུངས་ཁྲག་དམར་བོ་འུ་ཅག་གི་སྒྲོག་གཏམ་བར་ནས་འཐོར་ལ་ཉེ། དེ་རིང་ཕ་སྐད་ཀྱི་འདས་ཟིན་རི་མོ་ང་རང་ཚོའི་བློ་ངོ་ནས་ཀྱང་བོར་ལ་ཉེ། ངའི་འཚོ་བར་ཕ་སྐད་ཀྱི་འཁུན་སྒྲའི་ཁེངས་སོང་།
༣
མཛའ་མཐུན་གྱི་བརྩེ་བའི་བར་ནས་ཁྱོའི་ལག་པས་ངའི་རང་སེམས་དྲོས་མྱོང་ལ། ངའི་བརྩེ་བས་ཁྱོའི་སེམས་པ་བརླན་མྱོང་། འདུས་བྲལ་གྱི་སྒྱུ་མའི་བར་ནས་ངའི་རང་སེམས་ཁྱེར་ཕྱོགས་ནས་གཡོ་མ་མྱོང་ལ། ཁྱོའི་སེམས་པས་ངས་ཕྱོགས་ལ་གཡབ་མོ་བྱས་མྱོང་། གང་ལྟར། མི་ཚོགས་ཀྱི་གྲུ་ག་དེ་ནས་ཁྱོས་སྒོར་མོར་བརྩེ་དུང་བཙོངས་ཟིན། ཚོར་བ་སྐྱུར་མོ་དེའི་ངའི་སེམས་པ་མེ་ལ་སྒྲོན་མྱོང་ལ། ངའི་ཡ་ཆུང་མཆི་མས་བཀང་མྱོང་། སྒོར་མོ་དེའི་ངོ་མ་ངའི་འཚོ་བའི་རེ་བཞག་བརླག་སོང་། བརྩེ་དུང་གི་རྨ་ཁ་ལྗིད་མོ་འདིས་ངའི་རྒྱང་བཞུད་ལ་བཀག་རྡོ་གང་མང་བསྣན་བྱུང་། དེ་རིང་མི་ཚོགས་ཀྱི་འདུ་ར་ནས་སྒོར་མོས་བརྩེ་བ་ཉོས་དུས། བརྩེ་བ་དྭངས་མོ་ཞིག་གི་ལག་འཇུ་ལ་གཏན་ཏུ་རྒྱང་མཇལ་མཛད་དོ།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10