ཞོགས་ཉི། 2018-03-30
དཔྱིད་ཆར་དང་པོས། མེ་ཏོག་གི་ཕུགས་བསམ་ཁུར་ནས་སླེབས་བྱུང་། དཔྱིད་ཆར་དང་པོས། སེམས་ཀྱི་སྒེའུ་ཁུང་བརྟོལ་ནས་བབས་བྱུང་། དཔྱིད་ཀའི་དུས་འདིར་ཐམས་ཅད་ཀྱིས་རེ་ཞིང་སྙེག་པ་ཆར་བ་དང་དེའི་རྗེས་ཀྱི་མེ་ཏོག་གི་སྐྱེད་ཚལ་རེད། དེའི་ཕྱིར། རི་གྲོང་སྐྱ་བོ་འདིའི་པང་བར་ངས་ཀྱང་འདི་ལྟ་བུའི་ཆར་བ་ཐེངས་ཤིག་ལ་བསྒུག་ཡོད།
དཔྱིད་ཆར་དང་པོ་དེ་སྐར་ཚོགས་ཀྱིས་མེ་ཏོག་ལ་བཏང་བའི་དྲན་གདུང་གི་མིག་ཆུ་ཡིན་ནམ། གནམ་སྔོན་པོས་ས་ཆེན་པོར་ཕུལ་བའི་རྟེན་འབྲེལ་གྱི་སྐྱེམས་ཆང་ཡིན། གང་ལྟར། དོ་དགོང་གི་མཚན་མོ་འདི་ཧ་ཅང་ལྷིང་འཇགས་ཡིན་ཏེ། ཤག་ཤག་འབབ་པའི་ཆར་སྒྲ་ལས་ཅི་ཡང་མི་འདུག
མཚན་མོ་འདིར་འཚང་ཁ་ཤིག་ཤིག་གི་སྐར་ཚོགས་མུན་པའི་གཏིང་སར་འཛུལ་ཟིན་ལ། མཁའ་རུ་བགྲོད་པའི་ཁེར་རྐྱང་གི་ལམ་འགྲོ་བ་དེའང་དགུ་ཚིགས་ཀྱི་ཕ་མཐར་བརྒལ་ཟིན། འདི་ལྟ་བུའི་ལྷིང་འཇགས་ཀྱི་མཚན་མོ་ནི་ང་ལ་མཚོན་ན་སེམས་ཀྱི་བཅིངས་འགྲོལ་ཐེངས་ཤིག་རེད།
དཔྱིད་ཆར་གྱི་ཐིགས་པ་རེ་རེ་རྨི་ལམ་རེ་དང་། ས་སྟེང་གི་སྐྱེ་དངོས་རེ་རེ་ལང་ཚོ་རེ་ཡིན་པས། དཔྱིད་ཆར་བབས་པའི་མཚན་མོ་འདིར། ངས་རང་ཉིད་ཀྱང་ལང་ཚོའི་དཔྱིད་ཀ་འདིར་རྨི་ལམ་གྱི་ས་ཞིང་གྲུ་བཞི་དང་ཁ་གཏད་དུ་ཡོད་པ་ཚོར་ཞིང་། འབབ་ཀྱིན་པའི་ཆར་བ་བཞིན་ཟད་ཀྱིན་པའི་ལང་ཚོ་དེའང་ད་ནི་བརྩེ་དུངས་ཀྱི་གཤིན་ས་འདིར་དམར་མཆོད་བྱེད་འདོད།
དཔྱིད་ཆར་དང་པོས། རྡུལ་འཚུབ་ཀྱི་ཡོ་ལང་འཕྱུར་བའི་ས་ཆེན་གྱི་ལྟོ་བར་གད་བརྡར་ཐེངས་ཤིག་བྱས་ལ། དཔྱིད་ཆར་དང་པོས། སྐོམ་གདུང་གིས་འབར་བའི་བདག་གི་སེམས་ཁར་བསིལ་བ་ཐེངས་ཤིག་སྦྱིན།
དཔྱིད་ཆར་དང་པོ་འདི་འབྲོག་པའི་རྩྭ་ཐང་དུ་བབས་ན་ནོར་ལུག་གི་ཤ་ཤེད་ཡིན། དཔྱིད་ཆར་དང་པོ་འདི་རོང་བའི་ཞིང་ཁ་རུ་བབས་ན་འབྲུ་དྲུག་གི་སྙེ་མ་ཡིན། དཔྱིད་ཆར་དང་པོ་འདི་ང་ཡི་སེམས་ཁ་རུ་བབས་ན་སྙན་ངག་གི་མཆོད་པ་རེད་ཨང་།
དཔྱིད་ཆར་དང་པོ་འདི་ཨ་མས་ཐག་རིང་ནས་བསྐུར་བའི་འཕྲིན་པ་འདྲ་ལ། ཨ་ཕས་བུ་ཆུང་ལ་བཅངས་པའི་རེ་ལྟོས་བཞིན། སྐྱེས་འོང་བའི་དུས་ཚིགས་ཤིག་གི་སྔོན་འགྲོ་དང་འབུས་བཞིན་པའི་ལང་ཚོ་དག་གི་གསོན་ཤུགས་རེད།
མ་གཞི་དུས་རབས་འདིར་སྐྱེ་བཞིན་པ་ལས་རྙིད་བཞིན་པ་མང་ནའང་། དཔྱིད་ཆར་དང་པོ་འདི་སང་ཉིན་གྱི་སྐྱ་རེངས་གྱོ ན་པའི་བྱིས་པ་ཚོའི་མདུན་ལྗོངས་ཀྱི་བསུ་མ་ཡིན་ལ།དཔྱིད་ཆར་དང་པོ་འདི་དོ་ནུབ་ཀྱི་རྨི་ལམ་རུམ་པའི་དར་མ་ཚོའི་སེམས་ཁར་འཁྱིལ་བའི་བདུད་རྩི་ཡིན།
དཔྱིད་ཆར་དང་པོ། འཛུམ་བཞིན་པའི་ལང་ཚོ་དག་གི་རུམ་ཁར་འཛུལ་བྱུང་། སྐོམ་གྱིན་པའི་ཚེ་སྲོག་དག་གི་ལས་སྐལ་དུ་སྨིན་བྱུང་། རལ་བཞིན་པའི་སྦྲ་ནག་དག་གི་ཁ་འཚུབ་ལས་འཐོར་བྱུང་། དཔྱིད་ཆར་དང་པོ་འདི། ལོ་ལ་བསྙལ་བའི་ནས་ཆང་གི་མངར་ཁ་ཡིན། དཔྱིད་ཆར་དང་པོ། མེ་ཏོག་འབབ་པའི་སང་ཉིན་གྱི་འཕྲིན་པ་ཡིན།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10