ཧ་ཝར་ཌི་སློབ་ཆེན་གྱི་དོན་སྙིང་།

ལྕང་ཞབས་པ་འགྱུར་མེད་ཚེ་དབང་།        2018-01-15

     ཧ་ཝར་ཌི་སློབ་ཆེན་(Harvard University)གཞི་ཚུགས་ས་ནི་ཨ་མི་རི་ཀའི་མཱ་ཧྲ་ཁྲུའུ་ཧྲེའུ་(Massachusetts)ཇེན་ཆའོ་གྲོང་ཁྱེར་ན་རེད། སློབ་གྲྭ་འདི་ནི་ཨ་རི་ལ་བཤད་ན་ཆེས་སྔ་བའི་སྒེར་བཙུགས་སློབ་གྲྭ་ཡིན་ལ།   སློབ་གྲྭ་འདིའི་སློབ་གདམས་ནི་༼བདེན་དོན༽རེད།

    “真理”(Veritas)དེ་ལྟར་ན་སློབ་གྲྭ་འདིས་བདེན་དོན་གྱི་ཆེད་དུ། ཐོས་བསམ་སྒོམ་གསུམ། འཆད་རྩོད་རྩོམ་གསུམ། བཤད་སྒྲུབ་ལས་གསུམ་ཆ་ཚང་བྱེད་ཀྱིན་ཡོད། སློབ་གྲྭ་འདི་ནི་སྤྱི་ལོ1636ལོ་ལ་གསར་དུ་བཙུགས་པ་ཡིན་ལ། འཛམ་བུ་གླིང་གི་སློབ་གྲྭ་ཆེན་མོ་ཁག་དང་བསྡུར་ནའང་ཨང་དང་པོའི་གྲལ་དུ་འགྲོ་བའི་སློབ་གྲྭ་ཞིག་རེད། སློབ་གྲྭ་འདི་ནི་བསམ་བློའི་མཛོད་ཁང་ཡིན་པ་ཡོངས་ཀྱིས་ཁས་ལེན་བྱེད་བཞིན་ཡོད། སློབ་གྲྭ་འདི་ནས་མཐར་ཕྱིན་པའི་སློབ་མ་བདུན་གྱིས་ཨ་རིའི་སྲིད་འཛིན་བྱས་མྱོང་ལ། སློབ་གྲྭ་འདི་ནས་མཐར་ཕྱིན་པའི་སློབ་མ་བརྒྱ་ཁ་ལྷག་ཅིག་གིས་ནོར་སྦེ་བྱ་དགའ་སོགས་ཐོབ་མྱོང་། མངོན་གསལ་དོད་པོའི་གྲུབ་འབྲས་ཆེ་ལ། རྒྱུ་འབྲས་མངོན་སུམ་སྟོན་པ་ནང་བཞིན་དུ་ཡོད་ལ།རྒྱུན་ལྡན་སློབ་མའི་གྲངས་དངོས་གཞིའི་སློབ་མ་6700ཡན་མན་དང་། རབ་འབྱམས་པ་དང་འབུམ་རམས་པ་དེ་ལས་ཀྱང་མང་།  སློབ་གྲྭ་འདིས་གཙོ་བོ་རབ་འབྱམས་པ་དང་། འབུམ་རམས་པ་གསོ་སྐྱོང་བྱེད་ཀྱིན་ཡོད་པ་རེད།ཡང་སྙིང་སློབ་གྲྭ་འདི་ནས་ཐོན་པའི་སློབ་མ་དེ་དག་ལ། དེ་འདྲའི་ལས་སྒྲུབ་ཀྱི་འཇོན་ཐང་ཆེ་བ། དེ་འདྲའི་རིག་གནས་ཀྱི་ཆུ་ཚོད་མཐོ་བ། དེ་འདྲའི་ཞུམ་མེད་ཀྱི་དཔའ་སྤོབས་རྒྱས་པའི་རྒྱུ་མཚན་གང་ཞིག་ཡོད་སྙམ་ན།དེ་ནི་ནམ་མཁའ་ནས་འབབ་པ་དང་། ས་གཞི་ལས་སྐྱེས་པ་མ་ཡིན་པར། མི་བུ་དཀྱུས་མ་མང་པོ་ཞིག་གིས་དཀའ་བའི་རྔུལ་ཆུ་དང་། རེ་བའི་མིག་ཆུ་གང་མང་བཏོན་པ་དང་། ཤ་སྣག་རུས་ལ་ཕབ། བརྩོན་འགྲུས་རྡོ་རུས་འཕྲོད་པ་ཞིག་བྱས་པ་ལས་བྱུང་བ་ཡིན་པ་མངོན་སུམ་བསྙོན་མེད་དུ་གྲུབ།
     ཧ་ཝར་ཌི་སློབ་གྲྭ་ཆེན་མོ་ལ་དཔེ་མཛོད་ཁང་ཆེ་ཆུང་བསྡོམས་ན་བརྒྱ་ཙམ་ཡོད། དཔེ་མཛོད་ཁང་དེ་འདྲ་མང་པོ་ཞིག་ཡོད་དགོས་པའི་རྒྱུ་མཚན་གང་རེད་ཟེར་ན། མིའི་ལས་རིགས་གྲལ་དུ་རིག་གནས་དང་སློབ་གསོ་དེ་ཨང་དང་པོར་བཞག་དགོས་པའི་རྒྱུ་མཚན་གྱིས་རེད་ཅེས་བཤད་ཆོག་ཆོག་རེད། སློབ་གྲྭ་དེར་གཞོན་ནུ་མ་ཚོས་མཛེས་པའི་གཟུགས་ཀྱི་འགྲན་སྟེགས་མེད་ལ། སྟག་ཤར་ཚོས་དཔའ་བོའི་དཔུང་ཤེད་བསྡུར་ས་མེད། 

     ཕྱུག་པོ་ཚོས་རྒྱན་གྱིས་འཁྲབ་སྟོན་བྱེད་ས་མེད་ཅིང་། སློབ་གྲྭ་དེ་ནི་ལུང་རིགས་ཀྱི་གཡུ་རལ་གསིག་ས་ཡིན་ལ། གཏན་ཚིགས་ཀྱི་མཆེ་སྡེར་ངོམས་ས་ཡིན། སློབ་གྲྭ་དེ་ནི་རིག་པའི་རྣམ་གྲངས་ཀྱི་དབྱངས་རྟ་ལེན་ས་ཡིན་ལ། ཕུལ་བྱུང་བསམ་བློས་གད་རྒྱང་སྒྲོག་ས་ཡིན།རྒྱལ་སྲས་ལག་ལེན་ལས། ཉིན་དང་མཚན་དུ་གཡེལ་བ་མེད་པ་ནི།། ཉན་སེམས་སྒོམ་པ་རྒྱལ་སྲས་ལག་ལེན་ཡིན།། ཞེས་གསུངས་པ་ལྟར། ཁོང་ཚོའི་དཔེ་མཛོད་ཁང་ན། ཉིན་དང་མཚན་དུ་གཡེལ་བ་མེད་པར་དཔེ་ཆ་ལ་ཐོས་བསམ་སྒོམ་གསུམ་བྱེད་མཁན་གྱིས་གང་ནས་ཡོད།  ང་དང་ང་འདྲའི་ལེ་ལོ་ཅན་དག་མཚན་མོར་གཏི་མུག་ཕག་གི་རྣམ་ཐར་བཟུང་ཏེ། སྔུན་པ་ལྡིར་ལྡིར་དུ་གྲགས་དུས། དཔེ་མཛོད་ཁང་འདི་ན། ཕྱི་གློག་སྒྲོན་གྱིས་གསལ་བ་དང་། ནང་རིག་པས་གསལ་བ་། གསང་བ་བདེན་དོན་གྱིས་གསལ་བ་བཅས་གསལ་བ་གསུམ་འཛོམས་ཀྱིས་བརྒྱན་ནས་ཡོད་པའི་ལོ་རྒྱུས་ཤིག་བསྐྲུན་དང་སྐྲུན་བཞིན་པ་རེད།
     སློབ་གྲྭ་དེའི་སློབ་མ་ཚོས་ཟ་མ་ཉོ་ཞོར་དུ་དཔེ་ཆ་ལྟ་བཞིན་ཡོད་། ཟ་མ་ཟ་ཞོར་དུ་དཔེ་ཆ་ལྟ་བཞིན་ཡོད། བཤད་སྟངས་ཤིག་བྱེད་ན། གཉིད་ཞོར་དུ་ཡང་དཔེ་ཆ་ལྟ་བཞིན་ཡོད་ཟེར་ཆོག ཁོང་ཚོའི་སློབ་གྲྭའི་ཟས་ཁང་དུ་ཡང་དཔེ་ཆ་ལྟ་མཁན་གྱིས་གང་ནས་ཡོད། དེ་དག་ཀྱང་ཟས་ཁང་དུ་གཉིད་པ་དང་། གཉིད་སད་ཙམ་ནས་དཔེ་ཆ་དང་གདོང་གཏུགས་རྒྱུ་རེད། ཟས་ཁང་དུ་དོན་མེད་འུར་བཤད་བྱེད་མཁན་མེད་པས་འཇམ་ཐིང་ཐིང་ཡིན་ལ། མི་རྒོད་འཕག་འཚག་བྱེད་མཁན་མེད་པས་ལྷོད་ལྷོད་དུ་གནས་ཆོག གལ་ཏེ་སློབ་སྦྱོང་བྱེད་དྲགས་ནས་གུ་ཡངས་མེད་ན། འདི་ཚོ་ལ་གུ་ཡངས་རྩ་བ་ནས་མེད་ལ། གལ་ཏེ་དཔེ་ཆ་ལྟ་དྲགས་ནས་ཁུར་པོ་ལྗིད་ན། འདི་ཚོ་ལས་ཁུར་པོ་ལྗིད་བ་ཞིག་མེད། གལ་ཏེ་སྒྲིག་ལམ་སྲུང་དྲགས་ནས་རང་དབང་མེད་ན། འདི་དག་ལ་རང་དབང་རྩ་བ་ནས་མེད་ཅེས་བཤད་ཆོག་ཆོག་རེད། གང་ལྟར་སློབ་སྦྱོང་གི་གནོན་ཤུགས་རི་བོ་ལྟར་ལྗིད་མོ་དེའང་ཆེས་ཡང་པའི་བྱ་སྤུ་ལྟར་ལག་ལེན་བྱ་ཐུབ་མཁན་ནི་ཨ་མི་རི་ཀའི་ཧ་ཝར་ཌི་སློབ་གྲྭ་ཆེན་མོ་རེད།
    ཧ་ཝར་ཌི་སློབ་རའི་སྨན་ཁང་ཁག་ཏུ་སྨན་བསྟེན་པར་དགེ་སློབ་གང་ཞིག་ཡོད་ཀྱང་། 

    ལག་ཏུ་དཔེ་ཆ་མི་བཟུང་མཁན་མེད་ལ། དཔེ་ཆ་མི་ལྟ་མཁན་ཡང་མེད། ཧ་ཝར་ཌི་སློབ་ར་རུ་སྣང་སྲིད་ཐམས་ཅད་དཔེ་ཆར་འཆར་བཞིན་ཡོད་ལ། སྣང་སྲིད་ཐམས་ཅད་དཔེ་ཀློག་པས་གང་བཞིན་ཡོད། དཔེར་ན་རབ་འབྱམས་པ་ཞིག་ཡིན་ན། ཉི་མ་གསུམ་རེའི་ནང་དུ་དཔེ་དེབ་ཆེན་པོ་རེ་བལྟ་དགོས་ཀྱིན་ཡོད་ལ། དཔེ་ཆ་རེ་ལ་ཤོག་ལྡེབ་བརྒྱ་ཕྲག་ཁ་ཤས་རེ་ཡོད་པ་ཞིག་ཡིན། གལ་ཏེ་དཔེ་ཆ་དེ་འདྲ་ཞིག་བལྟ་མ་ཐུབ་ན། སློབ་སྦྱོང་གི་རྗེས་མི་ཆོད་པ་ཞིག་ཆགས་ཀྱིན་ཡོད་པ་རེད།
ཧ་ཝར་ཌི་སློབ་ར་ནང་དུ་གྱོན་གོས་རིན་གོང་མཐོན་པོ་ཅན་ཉོ་རྒྱུ་མེད་ལ། བྱུག་པ་དང་མཛེས་ཆས་རིན་གོང་མཐོན་པོ་ཅན་དེ་ཡང་མེད། འཁྱར་ལྡེམ་བྱེད་མཁན་མེད་ཅིང་། བྲེལ་ཟིང་ཆེ་བའི་གོམ་སྟབས་ལས། ངང་ཚུལ་བརྟན་པོས་མི་ཚེའི་ལོ་རྒྱུས་ཀྱི་ཤོག་ལྷེ་མང་པོ་ཞིག་འབྲི་བཞིན་ཡོད་པ་རེད།།
     མཚམས་འདི་ན་ཐོན་དུས།  དཔེ་ཆ་ལྟ་ཀློག་ལ་མི་དགའ་བའི་མི་རིགས་དེ་ལ་རེ་བ་གཏན་ནས་མེད་ཟེར་བའི་གདམས་ངག་དེ་ངས་སླར་ཡང་དྲན་བྱུང་། དེ་ལྟར་ན་དཔེ་ཆ་ལ་དགའ་བ། རིག་གནས་ལ་དགའ་བ་ནི། རང་ཉིད་མི་ཚེ་དོན་ལྡན་དུ་འགྱུར་བའི་ཐབས་ཡག་ཤོས་ཤིག་ཡིན་པར་གོ་དགོས།
     མདོར་ན་ཧ་ཝར་ཌི་སློབ་གྲྭ་ཆེན་མོའི་དོན་སྙིང་ནི་བདེན་དོན་གྱི་ཆེད་དུ་དཔེ་ཆ་ལྟ་ཀློག་བྱེད་པའི་བརྩོན་འགྲུས་དེ་རང་ཡིན་པ་ལས། གཞན་གང་ཡང་མ་རེད་ཅེས་ཞུ་རྒྱུ་ཡིན།།  


  • ལེ་ཚན་སྔོན་མ།:མ་བུའི་བར་ཐག
  • ལེ་ཚན་རྗེས་མ།:གུང་སེང་སྙིང་རྗེ་མོ་ལ།