བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་དུ་བཤམས་པའི་དམངས་སྲོལ་རིག་དངོས་སྐོར་གླེང་བ།(4)

སྙིང་ལྕགས་རྒྱལ།ཕུར་བུ་ཚེ་རིང་།        2013-07-03


བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་གི་དམངས་སྲོལ་རིག་གནས་འགྲེམས་སྟོན་ཁང་དུ་བཀྲམས་པའི་རྒྱལ་པོ་རྒྱལ་རྩེད་བཀོད་པའི་ཁ་གདན་ནི་རི་མོ་བབ་ཆགས་ལ་མཛེས་རྟོག་གི་ངོ་བོ་ལྡན་པའི་རིག་དངོས་ཤིག་ཡིན། དེ་མིན་གཞན་རྒྱུ་རྩིད་པ་ལས་བྱས་པའི་ཅ་དངོས་ཀྱི་སྐོར་ལ་སྒྱེ་མོ། སྦྲ་གུར། ཐག་པ། འུར་ཆ་སོགས་དང་བལ་ལས་སྣམ་བུ། ཐེར་མ། ས་གདན། སྟན། རྐང་འབོབ། སྤུ་རུག  ཕྲུག  ཕྱིང་བ། ཕྱིང་ཞྭ། ཕྱིང་ལྷམ་སོགས་ལ། དེ་དག་ལས་བཤམས་མཛོད་ཁང་དུ་འགྲེམས་སྟོན་བྱེད་པའི་འགྲེམས་དངོས་ཁྲོད་དཔེར་མཚོན་ཅན་ནི་འུར་རྡོ་ཡིན། དེ་ནི་གཡག་རྩིད་དང་ལུག་གི་བལ་ལས་ལྷས་པའི་ཐ་གུ་དམིགས་གསལ་ཞིག་ཡིན། དེའི་སྣེ་གཅིག་ཕྲ་ཞིང་དཀྱིལ་དུ་འཇོང་དབྱིབས་གཟུགས་ལྟར་སྣང་བའི་འུར་མཐིལ་དང་། སྣེ་གཞན་ལ་ཨ་ལོང་ཡོད་པས་དེ་ལ་འུར་ལུང་ཟེར། འུར་རྡོ་འཕེན་སྐབས་འུར་ལུང་དཀྱིལ་མཛུབ་སྟེང་བསྐོན་ཏེ་འུར་མཐིལ་སྟེང་འཕེན་དངོས་བཞག་རྗེས་འུར་སྣེ་གཞན་ཚུར་བཀུགས་ནས་ཤེད་ཀྱིས་མགོ་ལ་བསྐོར་ནས་གློད་དགོས། འུར་རྡོ་ནི་བོད་ཀྱི་འབྲོག་ཁུལ་དུ་ཤིན་ཏུ་རྒྱུགས་ཆེ་བའི་ལག་ཆའི་རིགས་ཤིག་ཡིན།
   མདོར་ན་དམངས་སྲོལ་རིག་གནས་ནི་བོད་ཀྱི་རིག་གནས་ཀྱི་གྲུབ་ཆ་གཙོ་བོ་ཞིག་ཏུ་འདོད་དེ། གོང་དུ་དྲངས་པའི་རིག་དངོས་དེ་དག་གིས་བོད་མི་རིགས་ཀྱི་རྣམ་དཔྱོད་ཀྱི་རྩལ་ལས་ཐོན་པའི་ཤེས་རབ་ཀྱི་ཉིང་བཅུད་མཚོན་ཐུབ་པ་མ་ཟད། ཡུལ་དུས་དང་མཐུན་པའི་སྤྱོད་ཆས་རིག་གནས་ཀྱི་མ་ལག་སོགས་ཀྱང་མཚོན་ཐུབ། དཔེར་ན། ས་ཁུལ་གྱི་ཆགས་སྟེང་མི་འདྲ་བའི་ངོས་ནས་ས་ཁུལ་རེ་རེས་ཡུལ་དེ་དང་མཚམ་པའི་དངོས་ཆས་བསྐྲུན་ཡོད་པ་དང་། འཕན་ཡུལ་དང་གཙང་གི་རོང་བའི་ཞིང་ལས་ཕྱུགས་ལས་ཕྱོགས་ལ་མཁོ་བའི་རྫ་ཆས་སོགས་བསྐྲུན་ཡོད་ལ། བྱང་ཐང་དང་སྟོད་མངའ་རིས་ཀྱི་འབྲོག་པས་ཡུལ་ཁམས་ཀྱི་ཆགས་སྟངས་ལས་རྒྱུ་ཟོག་དང་ཐད་ཀར་འབྲེལ་བ་ཡོད་པའི་སྦྲ་གུར་དང་། རྩིད་པ་དང་གཡག་ཀོ་སོགས་བེད་སྤྱོད་དང་། སྐྱིད་རོང་དང་ས་བབ་དམའ་སའི་ཡུལ་གྲུ་ཀུན་ཏུ་ཤིང་ཆས་དུ་མ་ཐོན་སྐྱེད་བྱེད་བཞིན་ཡོད་པ་དེ་བཞིན་ནོ། །
 
  • ལེ་ཚན་སྔོན་མ།:རོགས་འགྲོགས་པའི་གླུ།
  • ལེ་ཚན་རྗེས་མ།:བོད་ཀྱི་གཏམ་དཔེ་རྣ་བའི་བདུད་རྩི།