རོགས་འགྲོགས་པའི་གླུ།

དབྱངས་ཅན་དཔལ་མོ།    ཆབ་མདོ་ཡུལ་གྱི་འབྲོག་པའི་དམངས་གླུ།    2013-07-02

རོགས་འགྲོགས་པའི་གླུ།

སྐ་རགས་དར་ཐག་མདུད་པ་དེ། །
ངས་དེ་སྔ་སྐྱིད་མོའི་མཛེས་བཅིངས་བྱེད། །
དུས་ད་ནི་ཨེ་བཅིངས་དགའ་མོའི་རོགས། །
ཆད་ཡོང་ན་མདུད་ཐབས་དཀའ་མོ་རེད། །
 
སྐ་རགས་དད་རྟེན་མདུད་པ་རེད། །
མདུད་མི་ཨོ་རྒྱན་པད་མ་རེད། །
མདུད་རྟེན་རྩ་བའི་བླ་མ་རེད། །
བཀྲོལ་མ་བྱུང་མ་བསམ་དགའ་མོའི་རོགས། །
བཀྲོལ་ཚར་ན་མདུད་ཐབས་དཀའ་མོ་རེད། །
 
སྐུ་ལུས་སྦ་དཀར་སྨྱུག་མ་འདི། །
སྐུ་བལྟམས་ས་མ་ལོའི་པང་ལ་ཡིན། །
སེམས་པ་སྟོང་སྐུད་འཇག་མ་འདི། །
རོགས་སུ་ལ་ཟུག་འགྲོ་ཧ་མི་གོ།
 
ཁྱེད་མཐོ་ལེ་ཨ་སྔོན་གནམ་རེད་ཟེར། །
ང་དམའ་ལེ་དོག་མོ་ས་རེད་ཟེར། །
ཆར་ཟིམ་བུ་རྒྱུད་ནས་ངོ་ཞིག་ཤེས། །
རླུང་བསེར་བུ་བརྒྱུད་ནས་འདུན་མ་གཏམ། །
 
ཁྱེད་ཚོའི་རི་དེ་སྤང་རི་རེད། །
ང་ཚོའི་རི་འདི་འབྲི་རི་རེད། །
ངས་འབྲི་བརྒྱ་གཟན་ལ་འཚོས་ཡོང་ན། །
རི་ཁྱེད་ལ་རྩྭ་གཟན་ཅི་འདྲ་ཡོད། །
 
ཁྱེད་རང་ཉི་མའི་དཀྱིལ་འཁོར། །
ང་རང་ཟླ་བའི་དཀྱིལ་འཁོར། །
རང་གཉིས་ཉི་ཟླ་ཁ་སྤྲོད། །
ཤར་ནས་ནུབ་ལ་བྱོན་འགྲོ།
 
གྲོང་སྟོད་སྟག་ཆུང་ཤར་དགའ་དང་། །
གྲོང་སྨད་སྨན་ཆུང་བུ་མོ་གཉིས། །
ཚེ་གཅིལ་ལ་འགྲོགས་རྒྱུ་མ་ཡོང་ན། །
ཐེངས་ཁ་ཤས་མི་ཁ་ཁུར་ས་རེད། །
 
མགོ་ཆུང་གཡུ་ཆུང་མཛེས་མོ་མ། །
མཛེས་ཁྲ་ལེ་ང་ལ་ལྟད་མོ་སྟོན། །
ཁྱོད་དྲིན་ཆེན་མ་ལ་སྐྲག་གདའ་ན། །
རིག་མི་བཅུག་ལན་ཆུང་འོག་ན་སྐུང་། །
 
འགྲོ་མ་མྱོང་དཀར་ཡག་གངས་ལ་སོང་། །
འཐུང་མ་མྱོང་གངས་སེང་འོ་མ་འཐུང་།།
སེང་དཀར་མོར་ཕྲག་དོག་མི་གདའ་ན། །
ངས་ད་དུང་གངས་སེང་འོ་མ་འཐུང་། །
 
ང་དགའ་དགའ་འུ་ཟི་ཇ་ལ་དགའ། །
ཇ་འོ་མ་བླུག་ཤོག་འཐུང་ཁ་བདེ། །
ང་དགའ་དགའ་མཐུན་པའི་རོགས་ལ་དགའ། །
ཁ་ཚིག་གསུམ་བཤད་ཤོག་འགྲོགས་ཁ་བདེ། །
 
ངའི་མགོ་ལ་ཡོད་རྒྱུ་ཅ་ལ་རེད། །
དེའི་ཡན་ལ་ཡོད་རྒྱུ་ཝ་ཞྭ་རེད། །
ཁྱོད་ཅ་ལ་ཚོས་ཁ་མ་འགྱུར་ན། །
ང་ཝ་ཞྭའི་མདངས་ཐོན་ག་ལེ་བཞག །
 
སྔ་འགྲོགས་ཤྭ་རྭ་དཀར་ཆུང་དང་། །
རྭ་སྐྱེས་བཞིན་སྐྱུར་བཞིན་སོང་ལེ་ཡིན། །
ད་འགྲོགས་མཛོ་མོ་ར་སྨུག་ཆུང་འདི། །
སྐྱེས་ཚར་སྐྱུར་བ་དཀའ་མོ་རེད། །
 
སྙིང་འབྲས་སྙིང་གི་མེ་ཏོག །
འབྲས་བུ་སད་ཀྱི་མ་ཁྱེར། །
རྐང་དྲུག་བུང་བ་ཁྲ་ཆུང་། །
བདུད་རྩི་ལེན་སར་སླེབས་ཡོང་། །
 
དྲེལ་སྨུག་ཆུང་དབུས་ནས་མར་ཡོང་རེད། །
ཇ་འུ་ཟི་རྒྱ་ནས་ཡར་ཡོང་རེད། །
ཤར་དར་རྩེ་མདོ་ཡི་ལ་ཁ་ལ། །
གཏམ་འདུན་མ་ཨེ་བྱེད་སྨུག་ཆུང་དྲེལ། །
 
གནམ་ཨ་སྔོན་རྒྱ་རས་ལྗང་ཁུ་རེད། །
བུ་ང་ཚོ་ནམ་མཁའི་ཉི་མ་ཡིན། །
རས་ལྗང་ཁུ་ཚོས་ཁ་མ་ལོག་ན། །
སྐྱིད་ཉི་མས་རིང་བསྐོར་ཐུང་བསྐོར་བྱེད། །
 
ཕ་རེས་གླང་མ་འགུག་འགུག  །
ཚུ་རེས་ལྕང་མ་འགུག་འགུག །
འགུག་ན་ཕར་འགུག་ཚུར་འགུག །
མ་འགུགས་རང་རང་སོ་སོ། །
 
བོའུ་ཁྲ་རིང་འཕེན་ན་ཆོག་ས་ཡོད། །
རྫས་མུ་ཟི་ནང་ལ་བླུགས་བཞག་ཡོད། །
མི་འཕེན་བཞག་ན་ཆོག་ས་ཡོད། །
མེ་དམར་མོའི་སྐམ་ལག་སྤྲད་བཞག་མེད། །
 
བོའུ་ཁྲ་རིང་ཡོད་ས་ཁྲ་ཡག་རྫ། །
མདེའུ་སྔོ་མོ་ཟུག་ས་སྤང་དཀར་དཀྱིལ། །
བོའུ་ཁྲ་རིང་ཁྲེལ་ཡོད་རེད་གདའ་ན། །
སྤང་དཀར་ཡག་སྐོར་གྲངས་མ་ཉུང་ཤོག།
 
བྱ་རྨ་བྱ་ཟེར་ལེ་སྒྲོ་མཛེས་མ། །
སྒྲོ་མཛེས་ནས་བོབ་ཤོག་ཟེར་ལེ་མིན། །
བབས་བྱུང་ན་ལྟད་མོ་ལོས་ལྟ་ཡིན། །
འཕུར་སོང་ན་ཨ་ཁ་ལར་ནས་མེད། །
 
བྲག་དཀར་རྫོང་ཉི་མ་འཁོར་འདས་ལ། །
སྒོད་ངང་མ་ཉི་མ་འདེ་སར་སོང་། །
ཚེ་གཅིག་ལ་འདེ་རྒྱུ་མ་བྱུང་ན། །
རྒོད་ངང་མ་འོ་བརྒྱལ་བྱེད་ས་རེད། །
 
བྲག་དཀར་རྫོང་མར་རྒྱན་བྱུག་འདྲ་ལ། །
རྒོད་ཐང་དཀར་ཤོག་དང་ཉི་མ་འདེ། །
བྲག་དཀར་རྫོང་མར་རྒྱན་མི་ཞུ་ལེ། །
སྒྲོ་ཐུ་ལུ་ཡག་གི་བསིལ་གྲིབ་ཕུབ། །
 
དབུས་ལྷ་སའི་དངུལ་དྲིལ་བུ་དང་། །
རྒྱ་ནག་པོའི་སིང་ལྡིང་ཌཱ་རུ་གཉིས། །
སྐད་སྙན་ན་ཡར་སྙན་མར་སྙན་རེད།།
སྐད་མ་སྙན་ཌཱ་རུ་དྲིལ་བུ་རེད།།
 
དབྱར་ཆུ་ཆེ་ན་ཆེ་སོང་། །
དགུན་ཆུ་ཆུང་ན་ཆུང་སོང་། །
རྟ་ཕོ་རག་དཀར་ངེད་གཉིས། །
ཆུ་འགོའི་སྦུག་ནས་སྐོར་འགྲོ།
 
སྦ་ཆེན་ཆ་རུ་དགུ་བསྒྲིགས་ཅན། །
ཚེ་སྔོན་མ་སྦ་ངོ་ཤེས་ལེ་མིན། །
དུས་དེང་སང་སྦ་དང་ཁ་ཐག་ཉེ། །
ངའི་མགོ་སྦ་ཨེ་ཡོང་ལ་ཐང་མེད། །
 
ཚ་བ་སྒང་དང་སྨར་ཁམས་སྒང་། །
གཅིག་ངོ་གཅིག་གིས་མི་ཤེས་ཏེ། །
ལུག་གཡང་དཀར་བརྒྱུད་ནས་ངོ་ཞིག་ཤེས། །
ནག་པོ་རྒྱ་དང་དབུ་ནག་བོད། །
གཅིག་ངོ་གཅིག་གི་མི་ཤེས་ཏེ། །
ཇ་འུ་ཟི་བརྒྱུད་ནས་ངོ་ཞིག་ཤེས། །
 
མཛེས་མོ་རྨ་བྱའི་སྒོ་མདོངས་དེ།།
མཛེས་ཁྲ་སེ་བུམ་པའི་ཁ་ལ་གདའ། །
ཆོས་ཅི་བྱེད་བླ་རྒན་ལག་ལ་ཡོད། །
ཤི་དམྱལ་བའི་ཁག་ཁུར་ཁྱོད་ལ་མེད།།
 

རོགས་འགྲོགས་པའི་གླུ།

རི་དཀར་དཀར་བུམ་པ་འདྲ་མོ་མ། །
རྩྭ་མེད་ན་སྣང་བ་དྭངས་མོ་མ། །
ངས་འབྲི་བརྒྱ་གཟན་ལ་བརྒྱབ་ཡོང་ན། །
རི་ཁྱེད་ལ་བསམ་པ་གང་འདྲ་ཡོད། །
 
རོགས་དགའ་མོ་ལ་ཁའི་སྤེན་ནེ་རེད། །
ཁྲེལ་མི་ཁ་སྤེན་ལོ་གྲུག་གྲུག་རེད། །
རོགས་དགའ་མོ་སྤན་རྩ་མ་གོག་ན། །
ཁྲེལ་མི་ཁ་སྤན་ལོ་གར་གྲུག་རེད། །
 
རོགས་དགའ་མོ་ཤོག་དང་སྒང་ཟེ་འགྲིམ། །
ཁྲེལ་མི་ཁ་གདའ་ན་རླུང་ལ་བསྐུར། །
 
རོགས་མ་འགྲོགས་འགྲོགས་ཁག་ང་ལ་ཕོག།
འགྲོགས་དགོས་པའི་ལས་ཞིག་ཡོད་ས་གདའ། །
རྟ་མ་རྒྱུགས་རྒྱུགས་ཁག་ང་ལ་ཕོག  །
རྒྱུག་དགོས་པའི་ལས་ཞིག་ཡོད་ས་གདའ། །
 
ལམ་སྐྱ་མོ་རི་ཡི་སྐེད་རགས་རེད། །
རྩི་མེ་ཏོག་སྐེ་རགས་ཁ་ཚར་རེད། །
སྐེད་རགས་བརྒྱུད་ནས་ཚུར་ཚུར་ཤོག །
ཁ་ཚར་བརྒྱུད་ལ་འདུས་མ་གཏམ། །
 
ལོ་འདེབས་ན་རྒྱ་ཤོག་མཐིལ་ལ་འདེབས། །
ལོ་གསུམ་ལ་རྩ་སད་ཨེ་གདའ་ལྟ། །
ལོ་གསུམ་ལ་རྩ་སད་མི་གདའ་ན། །
བཀྲ་ཤིས་པའི་རི་མགོ་རྒྱས་འགྲོ་ཆོག །
 
ས་ཐག་རིང་ཐུང་ཟེར་ལེ་དེ། །
རོགས་དགའ་ཞེ་བརྩེ་ཆེ་ཆུང་རེད། །
ནམ་འཕང་སྐྱོད་ཞན་ཟེར་ལེ་དེ། །
བྱ་ངང་པ་གཤོག་རྩལ་ཆེ་ཆུང་རེད། །
 
གསེར་སྒ་རི་མོ་དགུ་སྐོར་དེ།།
རྟ་འདོ་དགའི་རྒྱབ་ལ་འགི་ལེ་ཡིན། །
ངས་འདོ་དགའ་རྟ་ལ་ཞུས་བཞག་ཡོད། །
སྲབ་ཁྲ་མོ་བརྒྱུད་ནས་ལེན་ཡོང་ཆོག །
 
གསེར་སྒམ་ཆུང་སྟེང་གི་མར་མེ་དེ། །
སྤར་ཕོད་ལེ་ཨེ་ཡོད་དགའ་མོའི་རོགས། །
རླུང་བསེར་བུའི་གློར་དགྲ་མི་གདའ་ན། །
སྤར་ལོས་ཕོད་ཡིན་གོ་དགའ་མོའི་རོགས། ། 
  • ལེ་ཚན་སྔོན་མ།:ཨ་མྱེ་སྒོ་གདོང་གི་གཏམ་རྒྱུད།
  • ལེ་ཚན་རྗེས་མ།:བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་དུ་བཤམས་པའི་དམངས་སྲོལ་རིག་དངོས་སྐོར་གླེང་བ།