བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་དུ་བཤམས་པའི་དམངས་སྲོལ་རིག་དངོས་སྐོར་གླེང་བ།(3)

སྙིང་ལྕགས་རྒྱལ།ཕུར་བུ་ཚེ་རིང་།        2013-07-03


གོང་གི་ལུང་དྲངས་པའི་ཡིག་ཆ་དེ་དག་ལས་ཤེས་སྲིད་པ་ནི་ཡ་ཐོག་སྐབས་སུ་རི་དྭགས་ཀྱི་ཀོ་ལྤགས་བེད་སྤྱོད་བྱས་ཏེ་སྡོད་ཁང་བསྐྲུན་པ་གསལ་བོར་ཤེས་སྲིད་ལ། དེ་ནས་རིམ་བཞིན་སྤྱི་ཚོགས་དང་ཐོན་སྐྱེད་འཕེལ་རྒྱས་ལས་དེ་དག་གི་ངོ་བོ་ལ་འགྱུར་ལྡོག་བྱུང་ཡོད། དུས་རབས་བརྒྱད་པའི་དུས་སྐབས་སུ་གལ་ཆེན་སྨན་གཞུང་འགའ་ཞིག་ཤྭ་ལྤགས་ཀྱིས་བཟོས་པའི་སྒམ་ནང་དུ་འཇོག་སྲོལ་ཡོད། དེ་མིན་བོད་མི་རིགས་ཀྱི་ས་ཁམས་ཆགས་ཚུལ་མི་རིགས་གཞན་དང་མི་འདྲ་བར་མཐོ་སྒང་གི་ས་བབས་མཐོ་སར་ཆགས་པ་དང་།   སྒོ་ཕྱུགས་གཉེར་བ་དང་རི་དྭགས་རྔོན་པའི་དཔལ་འབྱོར་ཐོན་སྐྱེད་རོལ་རྐྱེན་ལུས་སུ་གྱོན་པའི་གྱོན་ཆས་དང་ཁྱིམ་དུ་སྤྱོད་པའི་ཅ་དངོས་སོགས་པགས་པ་མཐའ་གཅིག་རུ་འབྲེལ་བ་ཤུགས་ཆེན་ཡོད་ལ། ཀོ་བ་ལ་བརྟེན་ནས་འབྲེལ་བ་ཤུགས་ཆེན་ཡོད་ལ། ཀོ་བ་ལ་བརྟེན་ནས་བཟོས་པའི་རྒྱུན་སྤྱོད་ཡོ་བྱད་ཀྱི་རིགས་ལ་འབྲེང་བ་དང་རྒྱུན་བུ། སྐེད་འཆིང་། སྒྲོ་བ། ཀོ་སྒམ། ཀོ་ཁུག  ཀོ་གྲུ། རྐྱལ་བ། ཀོ་ལྷམ། གྲི་ཤུབས། ཀོ་དམ། ཀོ་གདན། ཀོ་རྡར། ཀོ་སྡེར། ཀོ་གཞོང་། ཀོ་སྤྱིན། ཀོ་ཕྱར། ཀོ་འབོ་སོགས་ཡོད། བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་དུ་འགྲེམས་སྟོན་གནང་བའི་ཀོ་གྲུའི་གཞི་སྒྲོམ་ནི་ཤིང་ལས་བཟོས་ཤིང་ཕྱི་ངོས་སུ་གཡག་ཀོས་བཏུམ་ཡོད། ཀོ་གྲུ་ཆུ་ནང་དུ་བཞག་རྗེས་ཆུས་སྦངས་ན་གཉེན་པོར་འགྱུར་བས། གྲམ་རྡོ་དང་རྦ་རླབས་སོགས་ཀྱི་ཉེན་ཁ་འགོག་ཐུབ། ཀོ་གྲུ་བཟོ་སྟངས་ཡུལ་དུས་དང་འཚམས་པའི་ཁྱད་ཆོས་ལྡན་པ་མ་ཟད། རྒྱབ་ཏུ་འཁུར་བདེ་བ་སོགས་བཀོལ་སྤྱོད་ཕྱོགས་ལ་ཕན་ནུས་ངེས་ཅན་ལྡན།
ཀོ་གྲུ་ལ་ཡང་ཆེ་ཆུང་མི་འདྲ་བ་རིགས་ཁ་ཤས་ཡོད་ལ།
ཀོ་གྲུ་ཆུང་ངུ་ནང་དུ་མི་གསུམ་ནས་ལྔ་ཙམ་བསྡད་ཆོག་ལ། ཆེ་བའི་ནང་མི་བཅུ་ཕྲག་ལྷག་ཙམ་བསྡད་ཆོག།  གཞན་ཆུ་ཤུར་འཇུན་པ་གྲོང་ཚོའི་གྲོང་མི་རྣམས་ཀྱི་ཀོ་གྲུའི་ཞབས་བྲོ་སོགས་འཁྲབ་སྲོལ་ཡོད།
གྱོན་ཆས་དང་རྒྱན་ཆ།
  བོད་མི་རིགས་ནི་མི་རིགས་གཞན་དང་འདྲ་བར་གྱོན་ཆས་ཀྱི་རིགས་སྣ་ཚོགས་ཡོད་ལ། བོད་ཀྱི་ཡུལ་བབས་ཆགས་སྟངས་དང་འཚོ་བའི་ཐོན་སྐྱེད་མི་འདྲ་བའི་སྟེང་ནས་ས་ཁུལ་གྱི་ཁྱད་ཆོས་མངོན་གགསལ་དོད་པོ་ཡིན།  འབྲོག་པས་འབྲོ་ཆས་དང་རོང་བས་རོང་ཆས། ནགས་ཚལ་གྱི་རྒྱུད་དུ་ཆགས་པའི་མི་རྣམས་ཀྱིས་ཡུལ་དེ་ནས་མཐུན་པའི་གྱོན་གོས་སོགས་གྱོན་སྲོལ་ཡོད། བོད་རིགས་ཀྱི་གྱོན་གོས་གཞི་རྩའི་ཆ་ནས་ཕུ་དུང་རིང་ལ་རྐེད་ཞེང་ཆེ་བ་དང་། གོང་བུ་རིང་ལ་ཐུ་བ་ཆེ་བ། གོས་འཛར་རིང་ཞིང་རྐེད་ཞེང་ཆེ་བ་བཅས་ཀྱི་ཁྱད་ཆོས་ལྡན། ཕོ་ཆས་གྱོན་སྐབས་ཕུ་དུང་གཡོན་པའམ་གཉིས་ཀ་ཕུད་པའམ་གཉིས་ཀ་གྱོན་པའང་ཡོད། ལྷ་སའི་མོ་ཆས་དབྱར་སྟོན་གཉིས་ཀར་ཕུར་མེད་གྱོན་པ་དང་། བུད་མེད་འོག་འཇུག་གི་ཕུ་དུང་ནི་ཤིན་ཏུ་རིང་པོ་ཡོད་པས་རྒྱུན་དུ་ལྟེབ་བརྫེས་བྱས་ནས་གྱོན་སྲོལ་ཡོད། འབྲོག་ཁུལ་དུ་གཙོ་བོ་སློག་པ་གྱོན་པ་དང་། རོང་ཕྱོགས་སུ་སྣམ་བུ་དང་རས་ལྭ་སོགས་གྱོན་པ་རྒྱུགས་ཆེ་ལ་ཚོས་མདོག་གི་སྟེང་ནས་དབྱེ་ན་དམར་སྨུག་དང་། ནག་པོ། སྨུག་པོ། དཀར་པོ་སོགས་གྱོན་སྲོལ་ཡོད། གཞན་ཡང་བོད་ཀྱི་གྱོན་ཆས་ཀྱི་རིགས་ཁྱད་པར་ཅན་ཞིག་ཡོད་པ་ནི་གྲྭ་པའི་གྲྭ་ཆས་ཡིན་ལ། དེ་ཡང་རིགས་ཁ་ཤས་ཡོད་པ་དཔེར་ན། ཆུ་རུས། གཟན། སྟོག་འགག་སོགས་ཡོད། བོད་ལྗོངས་ཀྱི་ཡུལ་གྲུ་སོ་སོའི་གྱོན་གོས་རིག་གནས་མཚོན་ཐུབ་པའི་པར་རིས་དང་། དེ་མིན་བོད་ས་གནས་སྲིད་གཞུང་གི་གཞུང་ཞབས་པའི་གྱོན་གོས་སོགས་འགྲེམས་སྟོན་གནང་ཡོད།
  རུས་ཆས།
  རུས་ཆས་ནི་རྒྱུ་སྲོག་ཆགས་ཀྱི་རུས་པ་བེད་སྤྱད་དེ་བཟོས་པའི་ཅ་དངོས་སྣ་ཚོགས་ལ་གོ  དེ་ལ་ཡུན་རིང་བའི་ལོ་རྒྱུས་ཡོད་པ་དཔེར་ན། ལོ་ངོ་སྟོང་ཕྲག་ལྔ་ལྷག་གི་ལོ་རྒྱུས་ཡོད་པའི་ཆབ་མདོ་ཁ་རུབ་ཀྱི་གནའ་ཤུལ་ཁྲོད་རུས་ཆས་ཀྱི་རིག་དངོས་དུ་མ་རྙེད་ཡོད་ལ། དེ་དག་གི་ཁྲོད་རུས་ཁབ། རུས་པའི་སྙུང་བུ། སྐྲ་བཟུང་སོགས་ཐོན་ཡོད། རུས་ཆས་དུས་རྒྱུན་གྱི་འཚོ་བའི་ཁྲོད་བཀོལ་སྤྱོད་བྱེད་བཞིན་པ་མ་ཟད། གསང་སྔགས་བླ་མེད་ཀྱི་ཆོས་ལུགས་ཀྱི་ཆོ་ག་སྤེལ་སྐབས་རུས་ཆས་གྱོན་སྲོལ་ཡོད་ལ། དེ་ལ་ནང་གསེས་དབུ་རྒྱན། སྙན་རྒྱན། མགུལ་རྒྱན། གདུ་བུ། སྐ་རགས། མཆོད་ཕྱིར་ཐོགས་བཅས་ཡབ་ཀྱི་ཕྱག་རྒྱ་དྲུག་དང་། ཡུམ་ལ་མཆོད་ཕྱིར་ཐོག་ཕུད་ཕྱག་རྒྱ་ལྔ་ཡོད། རྒྱུ་རུས་པ་ལས་བྱས་པའི་ཅ་དངོས་ཀྱི་རིགས་ལ། རྐང་གླིང་། སྣ་རུ། ནུ་རྭ། ཆུ་རྭ། གྲི་ཡུ། རྭ་དུང་། འབྲོང་རྭ་སྒྲ་སྙན། རྭ་གདུང་། མགྱོགས་རྭ། རུས་རྒྱན་སོགས་ཅ་དངོས་ཀྱི་རིགས་དུ་མ་ཡོད། དམངས་སྲོལ་འགྲེམས་དངོས་ཁྲོད་དུས་རབས་བཅུ་དགུ་སྐབས་ཀྱི་རུས་རྒྱན་ཞིག་ཡོད་ལ། རུས་རྒྱན་གྱི་བཟོ་རྩལ་ལེགས་ལ་ཞིབ་ཆ་ལྡན་པའི་རུས་ཆས་གྲས་ཀྱི་ཁྱད་འཕགས་རིག་དངོས་ཤིག་ཡིན།
བལ་ལས་རྩིད་ལས།
བལ་ལས་ཀྱི་བཟོ་རྒྱུན་ནམ་ཞིག་ལ་དར་ཡོད་མེད་ཆ་མ་འཚལ་ན་ཡང་། གནའ་སྔ་མོ་ཞིག་ནས་དར་ཡོད་འདོད་མོད། གནའ་དཔྱད་རིག་པ་པོས་ད་སྔ་བར་སྒྲུབ་བྱེད་རྙེད་མེད་ཕྱིར། བཟོ་ལས་ཀྱི་འབྱུང་ཁུངས་ཀྱི་སྐོར་ནི་ཆེས་ལྐོག་གྱུར་ཞིག་ལས་མ་འདས། གང་ལྟར་ཀྱང་བོད་ནི་འབྲོག་ལས་ཐོན་སྐྱེད་གཙོ་གཉེར་བའི་མི་རིགས་ཤིག་ཡིན་ཕྱིར། བལ་དང་རྩིད་པའི་སྐོར་གྱི་ཅ་དངོས་ཕུན་སུམ་ཚོགས་ལ། བལ་དང་རྩིད་པའི་སྐོར་གྱི་ཅ་དངོས་ཕུན་སུམ་ཚོགས་ལ། ཡུན་རིང་བའི་ལོ་རྒྱུས་ཀྱང་ལྡན་ཡོད། མྱང་ཆོས་འབྱུང་ལས་མྱང་ཡུལ་གྱི་བཟོ་སྣ་གསུམ་བརྗོད་སྐབས། བཟོ་སྣ་གསུམ་གྱི་ཞྭ་མོ། རྔ་མ། སྣམ་བུ་གསུམ་དང་། མྱང་སྨད་ཡུལ་གྱི་ཟོང་སྣ་གསུམ་བགྲང་སྐབས་སྐེད་རགས། ཐེར་མ།ལྷམ་ཟོན་གསུམ་ཞེས་སོགས་གསལ་བ་ལྟར་ན། སྤྱི་ལོ་དུས་རབས་བཅུ་གཅིག་ཡས་མས་སུ་གཙང་ཁུལ་མྱང་ཡུལ་སྟོད་སྨད་ཁུལ་དུ་བལ་ལས་ཐོན་སྐྱེད་བྱས་ཡོད་པ་དང་། ལྷག་པར་དུ་སྤྱི་ལོ་དུས་རབས་བཅུ་གསུམ་པའི་སྐབས་སུ་དབང་ལྡན་གྲུམ་ཙེ་འཕེལ་རྒྱས་ཆེ་ལ། རྒྱལ་དབང་ལྔ་བའི་སྐབས་སུ་གྲུམ་ཙེ་ལག་རྩེར་སོན་ཡོད།རྒྱལ་དབང་བཅུ་གསུམ་པའི་དུས་སྐབས་སུ་བོད་སྡེ་བ་གཞུང་ནས་རུམ་འཐག་བཟོ་གྲྭ་བཙུགས་པ་མ་ཟད། སྐུ་ཕྲེང་བཅུ་གསུམ་གྱི་ཆབ་བླུག་དང་། འབྲུག་ཁ་སྤྲོད་ཀྱི་བཞུགས་ཁྲིའི་རྒྱབ་བསྙེས་སོགས་བཟོ་གྲྭ་དེ་ནས་བཏགས་པའོ། ། བལ་ལས་དང་རྩིད་ལས་ནི་བོད་ཀྱི་ལག་ཤེས་བཟོ་རྩལ་ཁྲོད་ཆེས་ཁྱད་དུ་འཕགས་པའི་བཟོ་རྒྱུན་ཞིག་ཡིན་ལ། རྒྱུ་དེ་གཉིས་ཀྱིས་བཟོས་པའི་རྒྱུན་སྤྱོད་ཀྱི་བལ་ལས་ཐོན་རྫས་སོགས་ཁྱིམ་སྤྱོད་ཅ་དངོས་ཕུད། དགོན་པ་དང་ཡུལ་མིའི་སྡོད་ཁང་། སྦྲ་གུར། རྟ་སྒ་སོགས་ལ་བེད་སྤྱོད་གཏོང་སྲོལ་ཡོད། སྦྲ་གུར། གྲུམ་ཙེའི་རིགས་ལ་ཁ་གདན་དང་། ས་གདན། སྒ་སྟན།
ཚོགས་གདན་སོགས་རིགས་དུ་མ་ཡོད། དེ་མིན་དེ་དག་གི་ངོས་སུ་ཕབ་པའི་རྒྱན་རིས་ཀྱི་རིགས་ལ་བཅད་ལྡན་རིས་དང་བྱ་འབྲུག་རིས། སྨན་སྡོད་དཔེ་གསར། རྒྱ་ནག་ལྕགས་རི། རྒྱུན་སྲོལ་རི་མོ་སོགས་ཡོད། བཅད་ལྡན་རིས་ནི་གོས་ཆེན་གྱི་རི་མོ་པདྨ་ལག་འཁྱུད་སོགས་ལ་དཔེ་བལྟས་ནས་བསྒྲུབ་པའི་རི་མོ་ཐམས་ཅད་ལ་ཟེར་བ་དང་། བྱ་འབྲུག་རིས་ནི་འཚེམ་འདྲུབ་མའི་རི་མོ་སོགས་ལས་བྱུང་བའི་འབྲུག་ཁ་སྤྲོད་དང་། བྱ་འབྲུག་ཁ་སྤྲོད། སྤྲིན་འབྲུག མཚོ་འབྲུག  པདྨ་རྒྱ་བྱ་སོགས་ལ་ཟེར། སྨན་སྡོད་དཔེ་གསར་ནི་གོས་ཆེན་དང་། འཚེམ་འདྲུབ། འཛུགས་སྐྲུན་རྒྱན་རིས། བཀྲ་ཤིས་ཀྱི་རི་མོ་སོགས་ལ་དཔེ་བལྟས་ནས་འཐག་པའི་རི་མོ་ལ་ཟེར། རི་མོ་དེ་དག་གི་འབྱུང་ཁུངས་རྒྱ་ཆེ་ལ། ནང་དོན་ཡང་ཕུན་སུམ་ཚོགས་པ་ཡོད། རྒྱ་ནག་ལྕགས་རི་ནི་གྲུམ་ཙེ་དང་ས་གདན་གྱི་མཐར་རྒྱ་ནག་ལྕགས་རིའི་རི་མོས་བརྒྱན་པ་ལ་ཟེར། རྒྱུན་སྲོལ་རི་མོ་ནི་བོད་ཀྱི་དམངས་ཁྲོད་དུ་དར་ཁྱབ་ཆེ་བའི་གཡུང་དྲུང་དང་། བཀྲ་ཤིས་རྟགས་བརྒྱད། ནོར་བུ་ཆ་བདུན། རྒྱུན་སྲོལ་རི་མོས་མཚོན་པའི་རྒྱན་རིས་ལ་ཟེར།
  • ལེ་ཚན་སྔོན་མ།:རོགས་འགྲོགས་པའི་གླུ།
  • ལེ་ཚན་རྗེས་མ།:བོད་ཀྱི་གཏམ་དཔེ་རྣ་བའི་བདུད་རྩི།