བརྩམས་སྒྲུང་གསར་རྩོམ་གྱི་མྱོང་ཚོར་ཕྲན་བུ།

རྣམ་རྒྱལ།        2014-04-01

རྟོག་བཟོའི་རྩོམ་རིག་སྒྱུ་རྩལ་འདི་དང་འབྲེལ་བ་དངོས་སུ་མ་བཙུགས་པའི་སྔོན་དུ་ང་རང་ཨ་ཕས་བཤད་པའི་དམངས་ཁྲོད་ཀྱི་སྒྲུང་གཏམ་སྣ་ཚོགས་ཀྱི་ནང་དུ་འཚར་ལོངས་བྱུང་ཞིང་སྒྲུང་གཏམ་དེ་རིགས་རང་གི་ངག་ནས་སྡེ་བའི་རྩེད་རོགས་དང་སློབ་རའི་སློབ་གྲོགས་རྣམས་ལ་ཡིན་ཡིན་མདོག་མདོག་གིས་བཤད་མྱོང་། གཏམ་རྒྱུད་དེ་རིགས་ནི་འདས་སོང་བའི་དོན་དངོས་ཡ་མཚན་ཅན་ཤ་སྟག་ཡིན་པར་ཡིད་ཆེས་བྱས་ཤིང་གལ་ཏེ་སུ་ཞིག་གིས་གནའ་གཏམ་དེ་རིགས་ནི་ག་གེ་མོས་བཅོས་བཟོ་བྱས་པ་ཙམ་རེད་ཟེར་ན་ང་རང་ཧ་ཅང་མི་སྤྲོ་ཞིང་གང་ལྟར་ངའི་ཡིད་དུ་གཏམ་རྒྱུད་དེ་དག་ནི་མངོན་སུམ་འཁྲུལ་མེད་དུ་བྱུང་མྱོང་བའི་དོན་དག་ཡིན་པར་རེ་སྨོན་བཅངས། དེ་ནི་ཆུང་བྱིས་པའི་དུས་ཀྱི་དམངས་ཁྲོད་བརྩམས་སྒྲུང་ལ་བཅངས་བའི་ཚོར་སྣང་ཙམ་ཡིན་ཞིང་བརྩམས་སྒྲུང་གི་མི་སྣ་དང་བྱུང་རིམ་གྱིས་ངའི་འཚོ་བ་དང་འཚོལ་སྙེག་གི་ལམ་བུ་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཤིང་བརྩམས་སྒྲུང་ལ་དགའ་ཞེན་དང་དད་པ་སྐྱེས་བའི་མགོ་ཡང་དེ་ནས་བརྩམས། ཕྱིས་སུ་སློབ་གྲྭར་སོང་ནས་དམངས་ཁྲོད་བརྩམས་སྒྲུང་ལས་འདས་པའི་བརྩམས་སྒྲུང་གི་ཞིང་ཁམས་སུ་ཉུལ་བའི་གོ་སྐབས་ཐོབ་ཅིང་བརྩམས་སྒྲུང་ལ་ངོས་འཛིན་གསར་པ་ཡང་ཐོབ། བརྩམས་སྒྲུང་གི་སྒྱུ་རྩལ་དེ་དུས་འདས་པར་མཚར་སྡུག་འོད་སྟོང་འབར་བ་མ་ཟད་དུས་ད་ལྟ་བར་ཡང་གསོན་སྟོབས་རྒྱས་བཞིན་ཡོད་པ་རྟོགས་ཤིང་མི་རྣམས་ཀྱི་རྟོག་པའི་ཤུགས་ལས་དུས་མ་འོངས་པར་བརྩམས་སྒྲུང་གི་སྒྱུ་རྩལ་གྱི་ཡན་ལག་རྣམས་མཆེད་བཞིན་ཡོད་པ་ཡང་རྟོགས། རེད་དེ་གངས་རིའི་མུ་ཁྱུད་ནང་གི་ཞིང་ཁམས་འདིར་བརྩམས་སྒྲུང་གི་རང་རྐང་འཛུགས་ས་ལ་ཁྱད་པར་ཧ་ཅང་ཆེ་སྟེ་མཐའ་གཅིག་ཏུ་མ་ངེས་ཀྱང་མུ་བཞིའི་ཐོག་ནས་བཤད་ཆོག་སྟེ་བརྩམས་སྒྲུང་གི་རྩོམ་པ་པོ་ཡོད་ལ་ཀློག་པ་པོ་ཡང་ཡོད་པ། བརྩམས་སྒྲུང་གི་རྩོམ་པ་པོ་ཡོད་ཀྱང་ཀློག་པ་པོ་མེད་པ། ཀློག་པ་པོ་ཡོད་ཀྱང་རྩོམ་པ་པོ་མེད་པ། བརྩམས་སྒྲུང་རྩོམ་མཁན་མེད་ཅིང་ཀློག་མཁན་ཡང་མེད་པ་བཅས་རེད། སྤྱིར་བཏང་བཤད་ན་ང་རང་ཡོད་སའི་ས་ཆ་འདི་ནི་ཕལ་ཆེར་བརྩམས་སྒྲུང་གི་རྩོམ་པ་པོ་མེད་ཅིང་ཀློག་པ་པོ་ཡང་མེད་པའི་ས་ཆར་གཏོགས།
    འདིར་བརྩམས་སྒྲུང་གི་ཁྱད་ཆོས་དང་ངོ་བོ་སོགས་ཐུན་མོང་གི་ཤེས་བྱ་གླེང་པ་སྐབས་སུ་མ་བབས་ཤིང་རང་གི་གསར་རྩོམ་གྱི་ལམ་ཆུང་ཐོག་ལ་མྱོང་བའི་ཚོར་བ་ཕྲན་བུ་ཙམ་བརྗོད་པ་གལ་འགངས་ཆེན་པོ་རང་རེད་སྙམ།བརྩམས་སྒྲུང་གསར་རྩོམ་གྱི་ལས་ཀ་འདི་ནི་སྐད་ཡིག་ཞིག་ལག་ལེན་དངོས་སུ་བསྟར་ཞིང་དེར་ཞིབ་འཇུག་དང་འཕེལ་རྒྱས་སུ་གཏོང་བའི་བྱ་སྤྱོད་ཅིག་རེད། གསར་རྩོམ་གྱི་ཁྲོད་དུ་སྐད་ཡིག་འདིར་གཏིང་ཇེ་ཟབ་དང་རྒྱ་ཇེ་ཆེར་རྒྱུས་ལོན་བྱེད་ཐུབ་ཅིང་རང་གི་བློ་རིག་ལ་བརྟེན་ནས་སྐད་ཡིག་འདིའི་འཕེལ་རྒྱས་དང་ཁྱབ་སྤེལ་ལ་ཅི་ལྕོགས་ཀྱི་ནུས་པ་ཐོན་ཐུབ། ཡིག་འབྲུ་སྡེབ་བཟོ་བྱེད་པའི་སྒྱུ་རྩལ་འདིར་དགའ་བའི་ང་རང་ལ་མཚོན་ན་ཚིག་རྐང་གཅིག་ལ་བཟོ་འཆོས་བྱས་ནས་རང་གི་བརྗོད་བྱ་དེ་ཁ་གསལ་ཞིང་དོན་ཐོན་པ་ཞིག་ཏུ་འགྲུབ་ཚེ་དངོས་གནས་ཡིད་ལ་བདེ་སྐྱིད་ཀྱི་སྣང་བ་ཞིག་ངང་ངམ་ཤུགས་ཀྱིས་འཆར་ཏེ་དེ་ནི་རང་ཉིད་ཀྱིས་སྐད་ཡིག་གི་ཆོས་ཉིད་ཕྲན་བུ་ཞིག་རྙེད་ནས་དེ་གཞན་དང་མཉམ་རོལ་བྱེད་པའི་རྐྱེན་གྱིས་ཡིན་སྲིད། བརྩམས་སྒྲུང་གསར་རྩོམ་གྱི་ལས་ཀ་འདི་ནི་མི་སྒེར་གྱི་རང་གཤིས་དང་བསམ་བློ་སྤེལ་ནས་གཞན་དང་བསམ་བློ་བརྗེ་རེའི་འབྲེལ་བ་རྒྱུན་སྐྱོང་བའི་ལས་ཀ་ཞིག་རེད། རང་གི་རྣམ་ཤེས་ཀྱི་མྱོང་ཚོར་དེ་རང་གི་ཐུན་མིན་གྱི་བརྗོད་པའི་ཐོག་ནས་སྤེལ་བ་ནི་ཀློག་པ་པོར་གཏོང་བའི་བརྡ་ཞིག་ཡིན་ཞིང་མི་སྒེར་གྱི་བརྡ་འཕྲིན་དུ་མ་འདུས་པ་ལས་བསམ་བློའི་མ་ལག་ཆགས་ནས་མི་དང་མིའི་བར་ལ་འབྲེལ་བ་བཙུགས་ཤིང་མིའི་རིགས་ཀྱི་བསམ་བློའི་གོ་རྟོགས་མཐོ་རུ་འདེགས་ནུས་པ་མ་ཟད་བདེན་དོན་ལ་ངོས་འཛིན་ཟབ་མོ་བྱེད་པའི་རྨང་གཞིར་འགྱུར་ངེས། བརྩམས་སྒྲུང་གསར་རྩོམ་གྱི་ལས་ཀ་འདི་ནི་ཡུལ་དུས་ངེས་ཅན་ཞིག་གི་མི་དང་རང་བྱུང་གི་དོན་དངོས་དེ་རྟོག་བཟོའི་གཏམ་རྒྱུད་ལས་དྲངས་པའི་སྒྱུ་རྩལ་གྱི་ལས་ཀ་ཞིག་རེད། གཏམ་རྒྱུད་རེ་རེའི་རྟོག་བཟོ་ཁྲོད་དུ་དམར་རྗེན་གྱི་གནད་དོན་བརྗོད་བྱར་བྱས་ཤིང་འདི་དང་བརྗོད་བྱེད་ཀྱི་སྤྱི་སྒྲོམ་རང་གཤིས་དོད་པ་གཉིས་ཟུང་དུ་འདྲེས་ནས་ཀློག་པ་པོའི་ཡིད་དབང་འཕྲོག་པའི་ཁང་བཟང་ཞིག་གསར་བཞེངས་བྱེད་པ་དང་ཁང་བཟང་དེར་མི་འདྲ་མིན་སྣ་ཚོགས་འཁོར་ནས་རང་རང་སོ་སོའི་གླེང་བརྗོད་སྤེལ་བ་ནི་བརྩམས་སྒྲུང་མཁན་པོ་ཞིག་གི་དམིགས་ཡུལ་གཙོ་བོ་ཞིག་ལོས་ཡིན། བརྩམས་སྒྲུང་གསར་རྩོམ་གྱི་ལས་ཀ་འདི་ནི་རྩོམ་པ་པོའམ་མི་ཞིག་གི་རྣམ་ཤེས་དེས་མུ་མཐའ་མེད་པའི་འཇིག་རྟེན་ལ་འཚོལ་ཉུལ་བྱེད་པའི་ཡིད་སྣང་འཕྲུལ་བའི་བསམ་བློའི་འགུལ་སྤྱོད་ཞིག་རེད། ནམ་མཁའ་ཅི་འདྲ་ཆེ་ན་བརྩམས་སྒྲུང་གསར་རྩོམ་ཡང་དེ་དང་མཉམ་ཞིང་བརྩམས་སྒྲུང་གསར་རྩོམ་གྱི་ཁྲོད་དུ་མི་ཞིག་གི་བློ་རིག་པའི་འཚོལ་ཉུལ་གྱི་ཉིང་བཅུད་དེ་ཚིག་འབྲུའི་རྒྱུད་ལ་བཞག་ནས་གཞན་རྣམས་དང་མཉམ་དུ་ལོངས་སྤྱོད་བྱེད་ཆོག་ཅིང་འདིས་མིའི་རིགས་ཀྱི་རྣམ་ཤེས་ཀྱི་ཐུན་མོང་གི་འཚོལ་སྙེག་ལ་རྨང་གཞིའི་ཆ་རྐྱེན་བསྐྲུན།
    བརྩམས་སྒྲུང་གསར་རྩོམ་གྱི་འཕེལ་རྒྱས་དང་མི་རིགས་ཤིག་གི་ཁྱོན་ཡོངས་ཀྱི་འཕེལ་རྒྱས་གཉིས་ལ་འབྲེལ་བ་དམ་ཟབ་ཡོད་པ་བདེན་ཞིང་འཕེལ་རྒྱས་སོང་བའི་རྒྱལ་ཁབ་དང་སློབ་གསོ་རིག་གནས་ལ་མཐོང་ཆེན་ཆེས་ཆེར་བྱེད་པའི་རྒྱལ་ཁབ་ཁག་ཏུ་བརྩམས་སྒྲུང་ཀློག་པ་ནི་རྒྱུན་ལྡན་གྱི་གོམས་སྲོལ་དུ་ཆགས་ཡོད་མོད་ང་ཚོའི་ལུང་པ་འདིར་བརྩམས་སྒྲུང་རྩོམ་མཁན་ནི་མཁོ་མེད་ཀྱི་ལས་ལ་འཇུག་པའི་གྲལ་དུ་བཞག་ཅིང་བརྩམས་སྒྲུང་ཀློག་མཁན་ནི་ཧ་ཅང་ཉུང་བའི་ཚད་དུ་བསླེབས། འོན་ཀྱང་བརྩམས་སྒྲུང་གསར་རྩོམ་ལ་འཛིན་པའི་དགའ་ཞེན་དེ་ཉམས་མ་མྱོང་ཞིང་བརྩམས་སྒྲུང་ལ་འཕེལ་རྒྱས་འགྲོ་བའི་འབྱུང་འགྱུར་བཟང་པོ་འགོག་ཏུ་མེད་པ་ཞིག་ཡོད་པར་ཡིད་ཆེས་བརྟན་པོ་ཡོད།
    ང་ཚོའི་བརྩམས་སྒྲུང་གི་རྒྱུ་ཆ་རྣམས་ལོ་རྒྱུས་ཀྱི་གྲམ་ཁར་འཐོར་ནས་ཡོད་ཅིང་ས་བྱེ་འདམ་རྡོ་དང་འདྲེས་ནས་ཡོད་པས་ང་ཚོས་ཕྱོགས་སོ་སོ་ནས་འཚོལ་ཞིང་བསྡུས་ཏེ་རྒྱུ་ཆ་དེ་རིགས་ལ་རང་གི་རིག་པས་རྟོག་དཔྱོད་གནང་ནས་གཏམ་རྒྱུད་གསར་བཟོ་མ་བགྱིད་ན་དངོས་གནས་དུས་རབས་འདིའི་ཕམ་གྱོང་ཡིན་ཞིང་རང་རིགས་སྐད་ཡིག་འདི་ཡང་སྒྱིད་ལུག་གི་ནང་དུ་དབུགས་ཆད་ལ་རན། ཤོག་ངོས་འདིར་བརྗོད་པ་མང་པོ་མི་ཤོང་མོད་གང་ལྟར་གོ་སྐབས་ཡག་པོ་ཞིག་ཡིན་ཏེ་ངས་རིགས་འདིའི་སྨྱུག་འཛིན་པ་རྣམས་ལ་བརྩམས་སྒྲུང་གི་གསར་རྩོམ་ལ་ཕྱོགས་སོ་སོ་ནས་ནུས་པ་ཐོན་བའི་རེ་སྨོན་བཅོལ་ཆོག་ཅིང་ཀློག་པ་པོ་རྣམས་ཀྱིས་ཀྱང་བརྩམས་སྒྲུང་འཕེལ་རྒྱས་ལ་དངོས་ཤུགས་དང་དྲང་ལྡོག་ཀུན་ནས་ནུས་པ་ཅུང་ཟད་སྒྲུབ་པའི་འབོད་སྐུལ་བྱེད་དོ།།
  • ལེ་ཚན་སྔོན་མ།:སྙན་ངག་གསར་རྩོམ་གྱི་སེམས་འདུན །
  • ལེ་ཚན་རྗེས་མ།:འཇུ་སྐལ་བཟང་གི《ལམ་ཕྲན་དུ་ལྷག་པའི་གཏམ》ཞེས་པའི་སྙན་ངག་གི་རིན་ཐང་ལ་དཔྱད་པ།
  • དོ་སྣང་ཆེ་བའི་རྩོམ།