སྙན་ངག་གསར་རྩོམ་གྱི་སེམས་འདུན །

ཞོ་ར་བློ་བཟང་བཀྲ་ཤིས།        2014-03-19

ལྷན་སྐྱེས་ཀྱི་བློ་མིག་རྒྱ་ཁབ་ལས་ཉག་ཕྲ་ཞིང་།སྦྱངས་ཐོབ་ཀྱི་ཤེས་ཡོན་སོགས་ཀུན་ནས་དབེན་པའི་བློ་དམན་བདག་ལྟ་བུ་ཞིག་ལ་མཚོན་ན།སྙན་ངག་གསར་རྩོམ་གྱི་ཐད་ནས་གླེང་རིན་ཡོད་པའི་སྐད་ཆ་གསར་བཤད་གང་ཡང་མེད་མོད།ནང་སེམས་ཀྱི་ཟབ་ས་རུ་འགྱུར་མེད་ལྷན་སྐྱེས་སུ་གྲུབ་པའི་རིགས་ཞེན་གྱི་དུང་བ་ཟབ་མོས་རང་ཉིད་ལས་ཆེ་བའི་ཁུར་བོ་ལྕི་མོ་འདི་བདག་ལ་གཏད་པས།དགའ་ཕྱོགས་ལས་རྙེད་པའི་འདོད་འདུན་ཙམ་འོལ་ཚོད་ཀྱིས་མི་གླེང་ཐབས་མེད་བྱུང་།
སྤྱིར་རྩོམ་རིག་བརྩམས་ཆོས་ནི་སྤྱི་ཚོགས་འཚོ་བའི་སྣང་བརྙན་ཡིན་ལ། སྙན་ངག་ཀྱང་དེ་ལས་མ་འདས།ཡིན་ནའང་།སྤྱི་ཚོགས་འཚོ་བའི་རང་ངོས་ཀྱི་རྣམ་པ་དེ་སྙན་ངག་གི་ཐད་ཀར་དང་གཙོ་བོའི་རྒྱུ་ཆ་མིན།སྙན་ངག་ནི་ཡིད་འགྱུར་གྱི་རྩོམ་སྟེ།རིགས་རྣམ་པ་སྣ་ཚོགས་ཀྱི་ཡིད་འགྱུར་ཇི་བཞིན་སྟོན་པ་ད་གཟོད་སྙན་ངག་གི་བླ་སྲོག་ངོ་མ་དེ་ཡིན། སྤྱི་ཚོགས་འཚོ་བའི་ནང་དོན་སོ་སོ་དང་། ཁྱབ་ཁོངས་སོ་སོ། རྣམ་པ་མི་འདྲ་བ་སོ་སོ་སྙན་ངག་ཏུ་བཀོད་ཆོག་མོད།དེ་དག་ནི་སྙན་ངག་གི་ཁ་གཏད་ཀྱི་རྒྱུ་ཆ་དངོས་མིན་པར།དེ་དག་གིས་མིའི་བསམ་བློར་བྱེད་ནུས་མི་འདྲ་བ་གང་མང་ཐེབས་ཏེ་དགའ་སྐྱོ་ཆགས་སྡང་སོགས་ཡིད་ཀྱི་འགྱུར་བ་བྱུང་དུས་ད་གཟོད་དེ་དག་སྙན་ངག་གི་རྒྱུ་ཆ་བྱས་ཆོག དེར་བརྟེན་སྙན་ངག་ནི་སྔོན་རབས་གཞུང་ལུགས་ཀྱི་ཚོད་འཛིན་བྲལ་ཞིང་འཚོ་བའི་ཕབ་ཀྱིས་བསྙལ་བའི་ཆང་དང་། དངོས་ཡོད་དང་རྟོག་བཏགས་ལ་བརྒྱུས་པའི་དྭངས་གཙང་གི་རྣམ་ཤེས་གསོན་པོ་འམ། ཡང་ན། སྨྲ་བསམ་བརྗོད་ཡུལ་ལས་འདས་པའི་ཡིད་ཚོར་རྣལ་མ་ཞིག་ཞིག་ཏུ་ངེས་པར་རྟོགས་དགོས་པ་མ་ཡིན་ནམ།
སྙན་ངག་ནི་ཀྱི་བརྩེ་བ་སླད་མེད་དང་མྱོང་ཚོར་རྣལ་མ་ཞིག་གི་བླ་སྲོག་ལ་བརྗོད་དོན་གྱི་རྣམ་ཤེས་གསལ་ཞིང་། མི་རིགས་རང་གི་མཛེས་དཔྱོད་ཀྱི་མིག་འབྲས་འོད་དུ་བཀྲ་བ། སྣ་ཚོགས་སྒྱུ་རྩལ་གྱི་ཉམས་སྣང་ཕྱི་རུ་མངོན་པའི་བཀྲམ་རིས་ཡིན་པས། ལྷག་བསམ་རྣམ་དག་གིས་ལམ་ཕྱོགས་དེར་རྒྱུད་སྐབས་ལྟ་བ་ཡང་དག་དང་གནས་ལུགས་ཚད་གྲུབ་ཅིག་གིས་གསེད་འགྲོལ་འདོར་ལེན་བྱས་ནས་སྙན་ངག་གི་གཞིས་ཀ་སྣུམ་པོ་གསར་བཞེངས་བྱ་རྒྱུ་དེ་ལས་གཡོལ་མེད་དུ་གྲུབ་པས། མི་ཚེའི་ལྟ་བ་ལས་འཚོ་བར་སྤྲོ་སྣང་དང་། ཡང་ན། ལོ་ཟླའི་ན་བུན་སོགས་སིམ་གདུང་བར་མ་ཅི་རིགས་ཀྱིས་བསྐྱེད་པའི་འཚོ་བའི་ཁ་དོག་དེ། འབྱུང་འགྱུར་ལ་ཡིད་ཆེས་རྙེད་ཐུབ་པའི་འགན་འཁྲིའི་འདུ་ཤེས་ཀྱིས་མིའི་རིགས་ཀྱི་བསམ་བློ་ལ་བག་ཆགས་བསྒོ་བ་ནི་དམིགས་ཡུལ་ངོ་མར་ཆགས་པ་རེད། དེ་ཡང་མི་རིགས་ཀྱི་ཁྱད་ཆོས།  མཛེས་དཔྱོད་ཀྱི་ལྟ་བ། ཡིད་འགུགས་རིགས་ལམ་གྱི་སྒྲོམ་གཞི་ཞིག་ཅིས་ཀྱང་དགོས་པར་སེམས། དེ་ཡོད་པས་འཚོ་བ་དང་ཀུན་སྤྱོད་གཉིས་ཆ་ལ་ཁ་ལོ་བསྒྱུར་ནུས་པའི་ཤིང་རྟ་ཏེ་འགྲུབ་ཡོང་ལ། འབྲི་བྱའི་དམིགས་ཡུལ་ཀྱང་དེས་མཚོན་པར་བྱེད་ཐུབ།
གོང་ནས་བཤད་པའི་བརྗོད་བྱ་ཕུན་སུམ་ཚོགས་པ་དེ་སྲོག་ལྡན་དང་འགུལ་སྐྱོད་རང་བཞིན་གྱི་གོམ་བགྲོད་བྱེད་པ་ལ། རྗོད་བྱེད་ཚིག་གི་སྲབ་ཐུར་བཀན་མོ་ཞིག་མེད་མི་རུང་བ་ནི་སྔོན་འགྲོའི་ཆ་རྐྱེན་ཡིན། དེ་ཉིད་གལ་ཆུང་དུ་བཟུང་ན་བརྗོད་བྱ་མག་མོག་དང་། ཚོར་འདུ་རབ་རིབ། གནས་ལུགས་གོ་ལོག་དུ་འགྲོ་ཚབས་ཆེ་བས། གདངས་འགྲོས་ཀྱི་དབྱངས་འཇེབས་པ། རྒྱན་གྱིས་མཐའ་ཟླུམ་པ། སྡེབ་སྦྱོར་གྱི་དོ་མཉམ་པ། རིགས་ལམ་གྱི་གཏན་ཚིགས་ལེགས་པ་སུམ་རྟགས་ཀྱི་དགོངས་འགྲོས་དང་མི་འགལ་བར་བརྗོད་དོན་ཚིག་ཐོག་ཏུ་འདྲིལ་ན། སེམས་ངོགས་སུ་བཞུར་བའི་འདས་མ་ད་གསུམ་གྱི་སྙན་ངག་དེ་ཀློག་མཁན་རྣལ་མ་ཞིག་གིས་ཅིས་ཀྱང་ཚོར་ཐུབ་ལ་ཚོར་ངེས་ཀྱང་ཡིན། དེ་བས་གནད་འདི་ཉིད་མཐིལ་དུ་བཟུང་སྟེ་ཐ་སྙད་རང་བཟོ་མ་ཡིན་པའི་ཚིག་གི་སྒྲིག་གཞི་དང་། གཏན་ཚིགས་དང་མ་འགལ་པའི་དོན་སྤྱིའི་སྒྲོམ་གཞིའི་གོ་རིམ་ཁྲོད་ནས་མདུན་དུ་བསྐྱོད་པ་ནི་ཆེས་ལེགས་པའི་སྙན་ངག་གསར་རྩོམ་ཀྱི་ཐེམ་སྐས་བླ་ན་མེད་པའོ།།
  • ལེ་ཚན་སྔོན་མ།:སྒྲུང་ལྡེའུ་བོན་གསུམ་གྱིས་ཆབ་སྲིད་ཇི་ལྟར་བསྐྱངས་ཚུལ་ལ་གསར་དུ་དཔྱད་པ།
  • ལེ་ཚན་རྗེས་མ།:བརྩམས་སྒྲུང་གསར་རྩོམ་གྱི་མྱོང་ཚོར་ཕྲན་བུ།
  • དོ་སྣང་ཆེ་བའི་རྩོམ།