ཁམས་པའི་འཛུམ་མདངས་འདོན་ཐེངས་བརྒྱ་ལོན་པར་བདམས་ཐོན་བྱུང་བའི་ཕུལ་བྱུང་གི་བརྩམས་ཆོས་འགའི་དཔྱད་པ་ཐུང་ངུ།

        2012-11-06

ཁམས་པའི་འཛུམ་མདངས་འདོན་ཐེངས་བརྒྱ་ལོན་པར་བདམས་ཐོན་བྱུང་བའི་ཕུལ་བྱུང་གི་བརྩམས་ཆོས་འགའི་དཔྱད་པ་ཐུང་ངུ།
 

ཁམས་པའི་འཛུམ་མདངས་འདོན་ཐེངས་གོ་གཅིག་པའི་པར་ངོས་གསུམ་པར་བཀོད་ཡོད་པའི་ང་དང་མིང་སྲིང་རྣམ་གསུམ་གྱི་གཏམ་རྒྱུད། རྩོམ་པ་པོ་ནི་ཆོས་བཞིན་ཡིན།
རྩོམ་ཡིག་དེའི་ཐོག་མཐའ་བར་གསུམ་དུ་རྩོམ་པ་པོས་འགན་འཁྲིའི་བསམ་བློ་དང་།སེམས་ཁུར་གྱི་འདུ་ཤེས།བརྩོན་ལེན་དང་འཚོལ་སྙེགས་སོགས་ཀྱི་རེ་འདུན་གྱིས་ཀུན་ནས་བཅིངས་ཏེ་ང་དང་མིང་སྲིང་རྣམ་གསུམ་གྱི་གཏམ་རྒྱུད་བརྗོད་སྙིང་དུ་བཟུང་ནས་བྱི་ཕྲུག་བུ་ཆུང་འཇམ་དབྱངས་བཀྲ་ཤིས་མ་བུ་གཉིས་ལ་ཕན་ཚུན་འབྲལ་མི་ཕོད་པའི་བརྩེ་དུང་ཅི་ཡང་མེད་པ་དང་། ཨ་མ་དེར་བུ་ཆུང་འཇམ་དབྱངས་བཀྲ་ཤིས་རང་གི་བུ་ཁེར་མ་ཡིན་པའི་བརྩེ་བ་དང་དུངས་སེམས་ཅི་ཡང་མེད་ཅིང་སྔོན་ལྟར་ཕ་སེམས་བུ་དང་བུ་སེམས་རྡོ་ལྟར་མིན་པར་མ་སེམས་རྡོ་དང་བུ་སེམས་ཀྱང་རྡོ་ཡིན་པའི་ཡིད་སྐྱོ་བའི་རྣམ་པ་དེ་མངོན་འདུག   དེ་ལས་བུ་ཆུང་འཇམ་དབྱངས་བཀྲ་ཤིས་དེ་ཞང་བོ་ཞིག་གིས་གཉོར་སྐྱོང་འོག་ནས་ཅུང་ཟད་ལག་ཆགས་ཏེ་པྲ་ཚག་གི་བྱིས་པའི་སྣང་བརྙན་གསལ་བོར་མཚོན་འདུག་པ་མ་ཟད་རྩོམ་པ་པོར་པྲ་ཚག་གི་བུ་ཆུང་འཇམ་དབྱངས་བཀྲ་ཤིས་ནར་སོན་ཐུབ་བམ་སྙམ་པའི་སེམས་ཁྲལ་གྱིས་ཀུན་ནས་བཅིངས་འདུག   བུ་མོ་ཚེ་རིང་སྐྱིད་ཀྱང་གོང་ལྟར་བུ་ཆུང་འཇམ་བཀྲ་ཤིས་བཞིན་ཨ་མ་དང་བྲལ་ཏེ་ཞང་བོ་དེའི་ལག་འོག་ནས་འཚོ་བ་རོལ་བཞིན་ཡོད་པ་དང་།མཐར་ཐུག་གི་སྐྱབས་ཡུལ་དང་རྟེན་ས་ཡང་ཞང་བོ་ལས་མེད་པས་ཞང་རྒན་དྲིན་ཆེན་དེ་ལ་དྲིན་ལན་རེ་གསབ་དགོས་པའི་བརྡ་དེ་དངོས་ཤུགས་གང་རུང་ནས་བསྟན་འདུག ཨ་ཅེ་དངོས་གྲུབ་ལྷ་མོ་ནི་གོང་གི་མིང་སྲིང་གཉིས་པོ་དང་མི་མཚུངས་པར་ཨ་མའི་ལག་ཟས་ཀྱིས་བསྐྱངས་ཏེ་ནར་སོན་པའི་བུ་མོ་ཁེར་མ་བོ་དེ་ཡིན་ཞིང་། མཇུག་མཐར་ཕུ་བོ་ཞིག་གི་བློ་འདོད་བཞིན་འབྲོག་ཁྱིམ་དཀྱུས་མ་ཞིག་ཏུ་གནས་ལ་ཕྱིན་པ་དང་།མནའ་མ་ཞག་གསུམ་སྐྱིད་ཀྱང་ཚེ་གཅིག་སྡུག་ཟེར་བ་བཞིན་རྩོམ་པ་པོས་གནས་ཡུལ་མུན་ནག་ཅིག་ལ་དཔེ་བླངས་ཏེ་དེར་ཅི་ལྟར་ཐོབ་འདོད་ཀྱིས་ལག་པ་བསྐྱངས་རུང་ཐོབ་འོང་བ་ནི་མི་ཁ་དང་དམོད་ལས་མེད་པའི་བོད་ཀྱི་མནའ་མ་སྤྱིའི་ལས་དབང་དང་གནས་བབས་མཚོན་ཡོད་ལ། རྩོམ་ཡིག་ཧྲིལ་པོར་བུ་ཆུང་འཇམ་དབྱངས་བཀྲ་ཤིས་དང་བུ་མོ་ཚེ་རིང་སྐྱིད།ཨ་ཅེ་དངོས་གྲུབ་ལྷ་མོ་སོགས་མི་རེ་རེའི་སྣང་བརྙན་ཡིག་ཚོགས་ཉུང་ཞིང་བརྗོད་བྱ་འབུར་དུ་ཐོན་པ་དང་།ཚིག་གི་ཕྲེང་བ་ཕུན་སུམ་ཚོགས་ཤིང་གསོན་ཉམས་ལྡན་པའི་སྒོ་ནས་མཚོན་པར་བྱས་ཏེ་མཇུག་མཐར་རྩོམ་པ་པོར་བདེ་སྐྱིད་ཀྱི་འཚོ་བ་ཞིག་དང་ལྷན་འཛོམས་ཀྱི་སྤྲོ་དགའི་དུས་ཤིག་ཡོད་པ་ཡིད་ཆེས་དང་རེ་བས་ཀུན་ནས་ཁེངས་འདུག་སྙམ་མོ། ། 
 

ཁམས་པའི་འཛུམ་མདངས་འདོན་ཐེངས་བརྒྱ་ལོན་པར་བདམས་ཐོན་བྱུང་བའི་ཕུལ་བྱུང་གི་བརྩམས་ཆོས་འགའི་དཔྱད་པ་ཐུང་ངུ།
 

༄༅།།ཁམས་པའི་འཛུམ་མདངས་འདོན་ཐེངས་དོན་དྲུག་པའི་པར་ངོས་གསུམ་པར་བཀོད་པའི་རྨོན་མཛོའི་དམ་བཅའ།རྩོམ་པ་པོ་ནི་ཁུལ་སྤྱི་བདེ་ཅུས་ཀྱི་ཕྱག་ཕྲེང་རྣམ་རྒྱལ་ཡིན། དཔྱད་བརྗོད།སྙན་རྩོམ་འདི་ནི་རྣམ་རྒྱལ་གྱི་གསར་རྩོམ་སྙན་ངག་ནང་ལས་བསྟན་དོན་བསམ་བློ་དང་རྩོམ་ཐབས་སྒྱུ་རྩལ་གཉིས་ཀའི་ཐད་ནས་ཅུང་བརྗོད་རིན་ཡོད་པ་ཞིག་རེད།རྩོམ་པ་པོས་ང་ཚོའི་མཐོང་ཐོས་རེག་གསུམ་དུ་གྱུར་པའི་དེ་སྔོན་བོད་པའི་ཞིང་ལས་རིག་གནས་ལ་མེད་དུ་མི་རུང་བའི་རྨོན་མཛོ་ཞིག་ཡིད་བརྙན་དུ་སློང་བསྐྲུན་བྱས་ཏེ་ནང་སེམས་ཀྱི་དགའ་སྐྱོ་ཆགས་སྡང་གཅིག་ཐོག་གཉིས་བརྩེགས་ཀྱིས་མཚོན་པར་བྱས་ཡོད་པས་ཚིག་རེ་རེ་ལས་དུངས་ཞེན་ར་འཕྱུར་ཡོང་གིན་འདུག སྤྱིར་རྩོམ་རིག་ལ་རང་གི་འདོད་པ་ལྟར་འགྲེལ་པ་བྱེད་པ་ནི་ཨུ་ཚུགས་ཀྱི་བྱ་བ་ཞིག་རེད་མོད།ཁོ་བོས་བསམ་ན་རྨོན་མཛོའི་དམ་བཅའ་ཞེས་པའི་སྙན་རྩོམ་ནང་དུ་རྨོ་འདེབས་ཀྱིས་དབང་དུ་བསྒྱུར་ཡང་བསྐོས་པའི་ལས་ལ་ཧུར་བརྩོན་བགྱིས་པའི་རྨོན་མཛོ་ཞིག་གིས་གསོ་དབུགས་གསར་པ་ཧབ་རྔུབ་བྱས་ཏེ་སུག་བཞི་སྤོ་སའི་ཞིང་དུ་སྐྱིད་སྡུག་གི་རི་མོ་བྲིས་པས་ཤུལ་དུ་སྦས་པའི་ས་བོན་རེ་རེ་ཡིས་མིའི་རིགས་ལ་འཛུམ་མདངས་བསྟན་ཞིང་རེ་འདུན་བསྩལ་བ་ནི་རྨོན་མཛོ་དང་ལས་དབང་མཐུན་པ་རྣམས་ཀྱིས་མིའི་རིགས་ལ་བཞག་པའི་བདེན་དགེ་མཛེས་གསུམ་ཡིན་ལ་རྩོམ་པ་པོས་བསྒོམ་རྒྱུ་དང་བསྟོད་རྒྱུ་ཡང་དེ་རེད།འོན་ཀྱང་།གསར་རྙིང་གི་གདུང་ཐུག་དང་འཕེལ་རྒྱས་ཀྱི་ཆོས་ཉིད་ཀྱིས་ཕྱི་ནང་གི་ཡུལ་ལ་ཁྱད་པར་སོང་སྟེ་རྨོན་མཛོ་ཡི་ལས་སྐལ་ལའང་བརྡབ་གསིག་བཏང་བས་ཚོང་པ་ལ་ངོ་ཚ་མེད་པས་བོང་བུ་བཙོས་ནས་ཟོས་ཞེས་པ་ལྟར་ཤ་ཨེ་ཚོས་ལྟ་བཞིན་གྲི་ཆུང་བརྡར་མཁན་ནི་དྲིན་བྱས་དྲིན་དུ་མི་གོ་བའི་རྨོན་བོ་དག་རེད།རེད་དེ།ཡོད་ཚད་ཞོ་ལྟར་ཆགས་ཏེ་གྲགས་མེད་འགུལ་མེད་ཀྱི་འཚོ་གནས་ནི་རྩོམ་པ་པོ་ཡི་ཡིད་ཡུལ་དུ་མ་འཐད་པས་རྗེས་ལུས་ལ་འཕྱ་སྨོད་བྱེད་པའི་སྙིང་སྟོབས་ཀྱི་གཟི་བྱིན་དང་རྔོ་མི་ཐོགས་པའི་རྙིང་པ་ལ་རྫོགས་ཚིག་འགོད་རྒྱུ་སོགས་ནི་མིའི་རིགས་ཀྱི་བློ་གྲོས་ཀྱི་བྱེད་ནུས་དང་འགྲོགས་ནས་འོངས་སྲིད་པ་དེ་ནི་མཛོ་ཞིག་གི་དམ་བཅའ་ཡིན་ཞེས་པ་ཡིས་ཀློག་པ་པོ་ལ་བསམ་གཞིག་གི་བར་སྟོང་ཆེན་པོ་ཞིག་ཕྱེས་ནས་ཡོད་པས་ང་ཚོ་རང་རང་སོ་སོས་དཔྱོད་ཤེས་ཀྱིས་བཤད་པ་རེ་རྒྱག་ན་མི་ཆོག་རྒྱུ་མེད་སྙམ་མོ།།
བཀྲ་ཤིས།
 

ཁམས་པའི་འཛུམ་མདངས་འདོན་ཐེངས་བརྒྱ་ལོན་པར་བདམས་ཐོན་བྱུང་བའི་ཕུལ་བྱུང་གི་བརྩམས་ཆོས་འགའི་དཔྱད་པ་ཐུང་ངུ།
 

ཁམས་པའི་འཛུམ་མདངས་འདོན་ཐེངས་གྱ་གཉིས་པའི་པར་ངོས་གསུམ་པར་བཀོད་པའི་སྙན་རྩོམ་ངེས་དོན་རིག་པའི་དཔའ་བོ།རྩོམ་པ་པོ་ནི་རྫོགས་ཆེན་སློབ་གྲྭའི་དགེ་རྒན་ཞོ་ར་བློ་བཟང་བཀྲ་ཤིས་ཡིན།  སྤྱིར་ཞོ་ར་བློ་བཟང་བཀྲ་ཤིས་གསར་རྩོམ་གྱི་ལམ་དུ་ཞུགས་པ་ནས་བཟུང་ཤ་གསེང་རུས་གསེང་ནས་ཐོན་པའི་སྙན་རྩོམ་ཁ་གྲངས་ལོངས་པ་ཞིག་བརྩམས་འདུག་ལ་དེའི་ནང་ལས་ཉུང་ཤས་ཤིག་ཁམས་པའི་འཛུམ་མདངས་ཐོག་བཀོད་ཟིན་པས་རྩོམ་པ་པོ་དང་སྒྲིག་པ་པོ།ཀློག་པ་པོ་གསུམ་བར་ལ་གསེར་ཟམ་ལྟ་བུའི་སྦྲེལ་མཐུད་ཀྱི་ནུས་པ་མི་དམན་པ་ཞིག་ཐོན་ཡོད་པ་ནི་གོར་མ་ཆག རྩོམ་དེ་དག་ནི་ཚིགས་བཅད་ཀྱི་ལུས་ལ་བརྟེན་ནས་གསར་རྩོམ་གནང་བ་ཞིག་ཡིན་མོད།བརྗོད་བྱ་བསྟོད་པ་ཁོ་ནའི་སྲོག་གིས་བཟུང་བ་མ་ཡིན་ལ་རྗོད་བྱེད་མངོན་བརྗོད་དང་ཐ་སྙད་གྱོ ང་པོས་བཅིངས་མེད་པར་གསོན་ཉམས་ལྡན་པའི་ཕལ་སྐད་ཀྱིས་གང་སྟོན་པར་འདོད་པའི་སེམས་ཀྱི་རི་མོ་རྣམས་རྫ་ཆུ་གཙང་མ་བཞིན་དུ།དཔྱིད་རླུང་བསིལ་མ་ལྟར་དུ་ལྷུག་ལྷུག་ཏུ་བརྗོད་པས་ལྷོད་ཆགས་བག་ལྡན་གྱི་རྩོམ་གཤིས་ཤིག་ཆགས་འདུག ཁོང་གི་སྙན་རྩོམ་ལ་མྱོང་རོལ་བྱེད་དུས་དབྱངས་ཀྱི་འགྱུར་ཁུག་གསལ་བ་གླུ་དབྱངས་ཀྱི་ཆ་དང་དོན་གྱི་འབྲས་བུ་སྨིན་པར་སེམས་ཀྱིས་མྱོང་རྒྱུ་ཞིག་ཡོད།ཚིགས་བཅད་སྙན་རྩོམ་ངེས་དོན་རིག་པའི་དཔའ་བོ་ཞེས་པའང་དེ་ལས་མ་འདས།རྩོམ་པ་པོས་ཐ་སྙད་ཀྱི་བཀོད་སྒྲིག་དང་སྐད་ཆའི་རྗོད་ཐབས་ལ་བཙོ་སྦྱངས་ཡང་ཡང་བྱས་ཏེ་ཤོ་ལོ་ཀ་བཅུ་ཙམ་གྱིས་ངེས་དོན་རིག་པའི་དཔའ་བོ་དགེ་ཆོས་ལགས་བོད་མི་རྣམས་ཀྱི་བསོད་ནམས་སྐལ་བར་འཁྲུངས་པ་ནས་རྨོངས་མུན་ལ་རྒྱབ་གཏད་དེ་རིག་གསར་གྱི་སྒོར་ཞུགས་ནས་དགག་སྒྲུབ་ཀྱི་སྙིང་སྟོབས་དང་བདེན་འཚོལ་གྱི་སྤོབས་པ་ཡིས་བོད་ཀྱི་ལོ་རྒྱུས་དང་རིག་གནས་སེམས་ཁམས་བཅས་ལ་རང་དོན་དུ་ཐོས་བསམ་སྒོམ་གསུམ་དང་གཞན་དོན་དུ་འཆད་རྩོད་རྩོམ་གསུམ་གྱིས་རང་རིགས་སྟོབས་འབྱོར་སྤེལ་བའི་མཐའ་འབྲས་སུ་མ་ཉེས་ཁག་གཡོགས་ཀྱིས་བཙོན་དུ་ལྷུང་སྟེ་མི་ཚེའི་སྒྲོན་མེ་གཟིམ་ཚུལ་བཅས་མི་ཚེ་ཧྲིལ་པོའི་བརྒྱུད་རིམ་ནི་ཕྲེང་རྡོག་རེ་རེ་ཕྲེང་ཐག་ལ་བརྒྱུས་པ་ལྟར་མཐར་ཆགས་སུ་བཀྲམ་པས་ཀློག་པ་པོ་རྣམས་ལ་གནད་འདུས་ཤིང་དོན་བརྗིད་པའི་བག་ཆགས་ཟབ་མོ་ཞིག་བཞག་པ་མ་ཚད་ཁ་ནས་ཅི་བཤད་མེད་པའི་བོད་མི་རྣམས་ཀྱིས་བེདྲུ་ཡི་བུམ་པ་ཞིག་རྡོ་ལ་བརྡབས་པའི་སྐྱོ་གར་ལ་སླར་ཡང་ཕྱིར་རྟོག་དང་བསམ་གཞིག་བྱེད་དགོས་པའི་འབོད་སྐུལ་བཏང་འདུག དེ་ཡང་བདེན་ཏེ།རྩོམ་པ་པོ་གྲགས་ཅན་ཡུས་ཏ་ཧྥུ་ཡིས་རླབས་ཆེན་གྱི་མི་སྣ་བྱུང་མ་མྱོང་བའི་མི་རིགས་ནི་འཛམ་གླིང་སྟེང་ཆེས་སྙིང་རྗེ་བའི་སྐྱེ་འགྲོའི་ཚོགས་ཤིག་རེད་ལ།རབས་ཆེན་གྱི་མི་སྣ་བྱུང་ཡང་དེར་བརྩི་བཀུར་དང་དགའ་ཞེན།ཡིད་སྨོན་བཅས་མི་བྱེད་པའི་མི་རིགས་ནི་རེ་བ་མེད་པའི་བྲན་གཡོག་གི་མི་རིགས་ཤིག་རེད་ཅེས་གསུངས་པ་ལྟར།ང་ཚོས་ཀྱང་རྩོམ་པ་པོའི་རེ་འབོད་ལྟར་ཕ་ཡི་འདས་ལོ་མི་ཤེས་པའི་བུ་རུས་ངན་ཅན་བྱེད་མི་རུང་ལ་ཟླ་བས་རེ་ཞིག་ལ་མོ་བརྒྱབ་ཀྱང་རི་ལུང་ཐང་གསུམ་དུ་འཕྲོས་མྱོང་བའི་འོད་མདངས་དེ་ནམ་ཡང་སེམས་ངོས་སུ་ཉར་དགོས་པ་མིན་ནམ།
བཀྲ་ཤིས།

ཁམས་པའི་འཛུམ་མདངས་འདོན་ཐེངས་བརྒྱ་ལོན་པར་བདམས་ཐོན་བྱུང་བའི་ཕུལ་བྱུང་གི་བརྩམས་ཆོས་འགའི་དཔྱད་པ་ཐུང་ངུ།

ཁམས་པའི་འཛུམ་མདངས་འདོན་ཐེངས་དྲུག་ཅུ་པའི་པར་ངོས་གསུམ་པར་བཀོད་པའི་ལྷུག་རྩོམ་ཤ་ཚ་ལ་སྙིང་རྗེ་བའི་བྱིས་པ།རྩོམ་པ་པོ་ནི་བྲག་འགོའི་ཏྲེ་ཧོར་ཉི་ཆུང་ཡིན།
སྤྱིར་བོད་ཡིག་གསར་རྩོམ་ནང་ལྷུག་རྩོམ་ལ་བློ་ཁ་ཕྱོགས་པའི་རྩོམ་པ་པོ་ཉུང་ལ་ནང་སྒོས་སུ་ཡུལ་འདི་གར་དེ་བས་ཀྱང་ཉུང་པས་ངེས་པ་དོན་གྱི་ལྷུག་རྩོམ་ཞིག་འདི་རེད་ཅེས་ལྟད་མོར་སྟོན་རྒྱུ་མེད་མོད།ཁོ་བོའི་བློ་ཡིས་དཔག་ཚོད་ལྟར་ན་ཉི་ཆུང་གི་ཤ་ཚ་ལ་སྙིང་རྗེ་་བའི་བྱིས་པ་ཞེས་པའི་རྩོམ་འདི་ནི་རྗོད་བྱེད་ཀྱི་ཚིག་གི་འགྲོས་དང་བརྗོད་བྱའི་དོན་གྱི་བཅུད་བཅས་ཀྱི་ཐད་ནས་ནད་མེད་འཁུན་སྒྲ་དང་གཡོ་ཟོལ་བཅོས་མ་མ་ཡིན་པར་སེམས་ཁོང་རུས་པའི་གཏིང་ནས་སྐྱ་རེངས་དང་མཉམ་དུ་སད་པའི་བྱིས་པ་ཞིག་གསར་བཞེངས་བྱས་པའི་ལྷུག་རྩོམ་ཡག་གྲས་ཤིག་རེད་བསམ། རྩོམ་པ་པོས་དུམ་མཚམས་ཐུང་ཐུང་བཞི་ཙམ་གྱི་སྒོ་ནས་ཤ་ཚ་ལ་སྙིང་རྗེ་བའི་བྱིས་པ་ཞིག་བཀོད་འབྲི་བྱས་འདུག་སྟེ།སྲོག་ཆགས་ཕལ་ཆེར་རྨི་ལམ་གྱི་ཞིང་ཁམས་ནས་ད་དུང་ཕྱིར་སླེབས་མ་ཐུབ་པ་འདྲ་ཡང་ནག་ཡོར་ཡོར་གྱི་ནང་ནས་སྙན་ཞིང་འཇེབས་པའི་སྒྲ་གདངས་ཤིག་རྣ་ལམ་དུ་ཐོས་པ་དེ་ནི་མུན་ནག་དང་དམར་འཛིང་བྱས་ཏེ་མཚན་མོའི་ལྷིང་འཇགས་དཀྲོགས་པའི་ཀློག་གི་སྒྲ་གདངས་ཡིན་ལ་རང་ཚུགས་མེད་ལ་གཞན་རྗེས་འབྲངས་ཏེ་ཀུ་ཅོ་འདོན་ལ་དགའ་བའི་ཁྱི་ཡིས་ཀྱང་ཉན་བསམ་ལ་ཀློག་འདོད་པའི་སྒྲ་གདངས་ཤིག་རེད།ཡིན་ན་ཡང་།མུན་ནག་རྔམ་མཐུག་པས་ཀློག་གི་སྒྲ་གདངས་དེ་ཡང་རེ་ཞིག་གྲགས་མེད་ཚོར་མེད་དུ་གྱུར་ཡང་སྐྱ་རེངས་ཀྱིས་དེད་ན་ཉི་གཞོན་ཤར་བ་ནི་དངོས་པོའི་འཕེལ་རྒྱས་ཀྱི་ཆོས་ཉིད་ལགས་པས་ཕྱོགས་རིས་མེད་པའི་རྟ་བདུན་གྱི་འོད་ཟེར་ཤར་བ་ནས་བཟུང་སྒྲ་གདངས་དེ་ཡང་སྔར་ལྟར་དུས་ཐོག་ཏུ་གྲགས་གིན་ཡོད། དེ་ནི་གཉིད་ལས་སད་པའི་བྱིས་པ་དེས་ཀ་མད་ཀློག་པའི་འགྱུར་ཁུག་ཡིན་ལ་ཁོ་ཡིས་ཁུར་པོ་ཡོད་ཚད་ཕྱི་ལ་བཏང་སྟེ་ལུས་སེམས་ཡང་མོས་སྔོན་དང་མི་འདྲ་བར་སྤོབས་པ་ལྡབ་འགྱུར་གྱིས་བཀླགས་པའི་སྒྲ་གདངས་ཆུ་བཞུར་བ་ལྟ་བུ་དེ་ནི་དཔྱིད་ཀྱི་ཕོ་ཉ་བསུས་བའི་དབྱངས་དང་འདྲེས་པར་གྱུར་པས་ང་ཚོས་གསོ་དགོས་རྒྱུ་ནི་ཤ་ཚ་བའི་བྱིས་པ་དེ་ཡིན་ལ་ང་ཚོས་བསྐྱང་དགོས་རྒྱུའང་སྙིང་རྗེ་བའི་བྱིས་པ་དེ་མིན་ནམ།དེ་ཡང་རྩོམ་གྱི་གབ་སྦེད་ཀྱི་རང་བཞིན་ལྟར་ཀློག་པ་པོ་རེ་ལ་བསམ་བློ་རེ་ཡོད་སྲིད་མོད་གོང་གི་ཚིག་དུམ་དེ་ནི་ཁོ་བོས་ལྷུག་རྩོམ་དེ་ལས་སྔོག་འདོན་བྱེད་པའི་གཏེར་ཁ་རྡོག་རྡོག་ཅིག་ལགས།བཀྲ་ཤིས།

 


 

  • ལེ་ཚན་སྔོན་མ།:འགྲོ་ཞོར་དུ་བཤད་པའི་གཏམ།
  • ལེ་ཚན་རྗེས་མ།:གོ་དཀའ་བ་སྙན་ངག་གི་ཡོན་ཏན་ཡིན་ནམ།
  • དོ་སྣང་ཆེ་བའི་རྩོམ།