གོ་དཀའ་བ་སྙན་ངག་གི་ཡོན་ཏན་ཡིན་ནམ།

གངས་ཞུན།        2012-11-07

ད་ལྟ་བོད་ཀྱི་སྙན་ངག་ལ་གནད་དོན་མང་པོ་ཞིག་བྱུང་དང་འབྱུང་བཞིན་ཡོད་མོད། གནད་དོན་དེ་དག་གི་ནང་ནས་ཆེས་ཁ་ཚ་གདོས་གཏུགས་དང་ཆེས་མྱུར་དུ་ཐག་གཅོད་དགོས་པ་ནི་ཀློག་པ་པོས་སྙན་ངག་ལ་ཇི་ལྟར་བལྟས་ཤིང་ཡང་ཡང་དཔྱད་ཀྱང་དོན་ཅི་ཡང་རྟོགས་མི་ཐུབ་པ་དེ་རེད། གནད་དོན་འདི་སྙན་ངག་འཕེལ་རྒྱས་ཀྱི་ལས་དབང་དང་འབྲེལ་ཞིང་། མ་འོངས་པའི་སྙན་ངག་གི་མདུན་ལམ་ལ་རག་ལས་ཡོད་པར་མ་ཟད། མི་རབས་རྗེས་མའི་སྙན་ངག་གི་མྱོང་གོམས་བག་ཆགས་སམ་མཛེས་དཔྱོད་སེམས་ཁམས་ལ་ཐག་གཅོད་ཀྱི་ནུས་པ་ཐོན་པའི་གནད་དོན་གལ་ཆེན་ཞིག་ཀྱང་རེད། ད་ལྟ་མི་མང་བོ་ཞིག་གིས་སེམས་ཁྲལ་གྱི་ཚུལ་གྱིས“ཅི་ཞིག་རེད། དེང་སང་གི་སྙན་ངག་པ་འདི་ཚོ། རང་ཁོ་ནས་མ་གཏོགས་མི་གོ་བའི་སྐད་ཆ་ལྡབ་ལྡིབ་ཏག་ཏག་སྨྲ་བཞིན་འདུག”ཟེར་བ་དང་སྤོབས་པ་ཅུང་ཟད་ལྡན་པ་ཁ་ཅིག་གིས“འདིས་ཅི་ཞིག་བཤད་རྩིས་རེད། ཡང་ན་ཅི་ཞིག་བཤད་ཡོད། ང་ཁོ་ལ་ཐུག་ཚེ་འདྲི་ཁོ་ཐག་ཡིན”ཟེར་བ་སོགས་བོད་ཀྱི་སྙན་ངག་གི་གནས་ཚུལ་དངོས་ལ་ཐེ་ཚོམ་དང་སེམས་ཁྲལ་བྱེད་བཞིན་ཡོད་ལ། ཟུར་ཟ་དང་འཕ་སྨོད། ཐ་ན་ཡིད་ཆད་བློ་ཕམ་གྱི་རྣམ་འགྱུར་འཛིན་པ་ཡང་ཉུང་ཉུང་མ་རེད།
ངོ་མ། ཉེ་བའི་ལོ་འགའི་རིང་ལ“མཁས་བརྒྱ་འགྲན་གླེང”བསྐལ་བཟང་མངོན་དུ་ཤར་པས་བོད་ཀྱི་རྩོམ་སྟེགས་སུ་ཕོ་དཔའ་བོ་རྩི་རྩི་གྲངས་མེད་དང་སྨན་མཛངས་མ་ང་ཡིན་ཁོ་ཡིན་ཟེར་བ་གནམ་གྱི་སྐར་མ་བཞིན་འཚུབས། ལྷག་པར་དུ་སྲིད་ཇུས་བཟང་བོའི་བཀའ་དྲིན་གྱིས་སྐྱེ་བོའི་སྨྲ་བར་འདྲ་མཉམ་དང་རང་དབང་གི་གནང་བ་ཐོབ་སྟེ་རང་རང་སོ་སོའི་ཤེས་རབ་ཀྱི་རྩལ་ཁ་ཅི་དགར་ངོམ་ཆོག་པའི་གོ་སྐབས་བཟང་པོར་འཕྲད་པས། རྒན་དར་གཞོན་གསུམ་གྱི་དྲག་ཞན་བར་མའི་སྙན་ངག་རྩོམ་པ་རྣམས་ཀྱིས་ཀྱང་གོ་སྐབས་འདི་དམ་དུ་བཟུང་ནས་སོ་སོར་རང་གི་བློ་སྦྱོང་དང་ཡོན་ཚད་སོགས་ལ་མཐུན་པའི་སྙན་ངག་སྣ་ཚོགས་བྲིས་ཏེ། བོད་ཀྱི་སྙན་ངག་ཕུན་སུམ་ཚོགས་པར་བཏང་། དེ་ལས་ཀྱང་སྙན་ངག་པ་ངག་གི་བདག་པོར་དབང་བ་ཚོས《ལང་ཚོའི་རྦབ་ཆུ》སོགས་རང་མོས་སྙན་ངག་དང་། 《དཔྱིད་ཀྱི་བདག་མོ་ལྷ་ལས་བབས་པ》སོགས་ཚིག་བཅད་སྙན་ངག 《རྐང་རྗེས》སོགས་མགུར་མའི་སྙན་ངག 《རྐང་ལམ་ཕྲ་མོ》སོགས་ཚིགས་ལྷུག་སྙན་ངག་གམ་གཞན་ད་དུང་གབ་ཚིག་སྙན་ངག་ལ་སོགས་ཕྱི་ལུས་ཀྱི་རྣམཔ་མང་དག་བཀོལ་ནས་ཁྱབ་ཆེ་བའི་བརྗོད་བྱ་སྐབས་བབ་ཀྱི་གནད་དང་འབྲེལ་ནས་བསྟན་ཅིང་། སྒྱུ་རྩལ་གྱི་བྱེད་ཐབས་ཀྱང་དྲང་ཕྱོགས་དང་ལྡོག་ཕྱོགས། དངོས་བརྗོད་དང་བསྡུས་བརྗོད། རྐྱང་བ་དང་སྤེལ་མ་སོགས་དུས་རབས་ཀྱི་ཁྱད་ཆོས་ལྡན་པ་དག་བཀོལ་སྤྱོད་ལེགས་པོ་བྱས་ཡོད་པ་འདིས་བོད་ཀྱི་སྙན་ངག་དར་སྤེལ་བྱེད་ན་སྲོལ་རྒྱུན་ལ་རྐང་ཚུགས་ཤིང་འཛམ་གླིང་ལ་མིག་ཕྱོགས་ནས། བོད་མང་ཚོགས་ཀྱི་འདོད་མོས་སྐོང་བའི་འགྲོ་ལམ་བསྟན་ཡོད་པར་མ་ཟད། སྙན་ངག་པས་ངེས་པར་དུ་ཚིག་དང་དོན་ཟུང་འཇུག རྣམ་པ་དང་བསྟན་དོན་ཟུང་འཇུག བསམ་བློ་དང་སྒྱུ་རྩལ་ཟུང་འཇུག་བྱེད་དགོས་པའི་སྙན་ངག་ལག་ལེན་ཁྲོད་ཀྱི་བསླབ་བྱ་དང་མིག་དཔེ་ཡང་བཞག་ཡོད་པ་རེད།
     དེ་ལྟར་སྤྱིའི་ཁ་ཕྱོགས་ཀྱི་ཆ་ནས་བོད་ཀྱི་སྙན་ངག་བདེ་ཐང་དང་འཐུས་ཚང་གི་ཕྱོགས་སུ་འཕེལ་རྒྱས་འགྲོ་བཞིན་ཡོད་ལ། རྩོམ་པ་པོའི་དཔུང་ཁག་ཀྱང་འཇོན་ཐང་ཅན་དང་ཁྱབ་མཉམ་ཅན་གྱི་ཚད་དུ་གསོ་སྐྱོང་དང་འཚར་ལོངས་བྱུང་ཡོད་པའི་རྣམ་པ་བཟང་པོར་གདའ། ཡིན་ན་ཡང་། དེ་དང་མཉམ་དུ་ཅུང་ཟད་དོགས་ཟོན་བྱེད་དགོས་པའི་སྙན་ངག་ལམ་ལོག་གི་གནས་ཚུལ་ངན་པ་ཁ་ཤས་བྱུང་དང་འབྱུང་བཞིན་པ་ཡང་བསྙོན་དུ་མེད་དེ། སྤྱིར་ན་རང་རེའི་སྙན་ངག་གསར་བའི་དར་ཡུན་ཐུང་ཞིང་དར་ཚད་མགྱོ གས་དྲག་པ་དང་། མཛུབ་སྟོན་གྱི་གཞུང་ལུགས་ཆ་ཚང་ཞིག་ཀྱང་མེད་ལ། ཕྱི་གླིང་རིག་གནས་ལ་སྨོན་སེམས་དང་ཚུར་ལེན་གྱི་འགྲམ་ཆུ་ལྡང་ཡང་ཆ་རྒྱུས་ཟབ་མོ་ལོན་མ་ཐུབ་པ། ལམ་ལོག་གི་གནས་ཚུལ་བྱུང་ཡང་བོད་རང་གི་ནང་དུ་དེ་མྱུར་དུ་ཡོ་བསྲང་དག་ཐེར་བྱེད་པའི་ཤེས་ལྡན་དམ་པ་དཀོན་པ་སོགས་ཀྱི་རྒྱུ་དང་རྐྱེན་དུ་མའི་དབང་གིས་གངས་ཅན་ལྗོངས་ཀྱི་རྩོམ་སྟེགས་སུ“《སྙན་ངག་མེ་ལོང》གི་མཇུག་རྫོགས་སོང”དང“《སྙན་ངག་མེ་ལོང》གི་སྒྲོག་ཏུ་ཚུད་མི་རུང་།” “སྲོལ་རྒྱུན་གྱི་འཆིང་རྒྱ་ལས་གྲོལ་དགོས།” “ཪྙིང་ཞེན་བག་འཁུམས(འདིར་བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་གོ)ཀྱི་གཡོ་འོག་ནས་ཐར་དགོས།”“སྙན་ངག་ཟེར་བ་གོ་དཀའ་ལ་འགྲེལ་རྒྱག་མི་ཐུབ་པ་ཞིག་ཡིན་དགོས།”“གོ་ན་སྙན་ངག་མིན”ལ་སོགས་པའི་འཆལ་གཏམ་དང་ཅ་ཅོ་གསེང་མཐོར་བསྒྲགས་པས“མི་གོ་བ་ནི་ཆོག་གོ”སྙམ་པའི་ལྟ་ངན་སྲོལ་ངན་སྤྱོད་ངན་ཞིག་ཁ་བའི་ཡུལ་འདིར་ན་བུན་དུག་གི་རྫོང་ཅན་བཞིན་དུ་འཐིབས་ཤིང་། སྙན་ངག་ལ་དགའ་བའི་གཅེས་ཕྲུག་ལས་དང་པོ་བ་དང་ལྟ་བརྟན་པོ་མེད་ཅིང་རང་ཚུགས་བྲལ་བའི་སྙན་རྩོམ་པ། ཐ་ན་དཔེ་དེབ་དུས་དེབ་ཁག་གི་རྩོམ་སྒྲིག་པ་ཁ་ཤས་ཀྱང་དེའི་གཡོ་འོག་ཏུ་ཚུད་ནས། དེ་དག་གི་རྗེས་སུ་འདེད་ཅི་ཐུབ་དང་དེ་ཚོ་ལ་གཞོགས་འདེགས་ཅི་ནུས། མཐུན་རྐྱེན་ཅི་དགར་སྐྲུན་པའི་སྐྱོ་ལྷང་ལྷང་གི་དུས་ཞིག་བྱུང་བར་གདའ་འོ༎
གཤམ་དུ་བདག་གིས་སྙན་ངག་གི་དགོས་པ་དང་ནུས་པ། དམིགས་ཡུལ་སོགས་དང་འབྲེལ་ཏེ“བརྗོད་བྱ་མེད་པའི་སྙན་ངག”གམ“གོ་རྒྱུ་མེད་པའི་སྙན་ངག”ལ་དཔྱད་གཏམ་ཉུང་ངུ་ཞིག་སྨྲ་བར་བྱའོ༎
       དང་པོ་སྙན་ངག་དེ་དག་ལ“བརྗོད་བྱ་མེད་པའི་སྙན་ངག”དང“གོ་རྒྱུ་མེད་པའི”རྒྱུ་དང་རྐྱེན་གྱི་སྟེང་ནས་བཤད་ན། ཐོག་མར་དེ་དག་གི་རྗོད་བྱེད་ཀྱི་ཚིག་ལ་གོ་རྒྱུ་ནི་ཡང་མེད་པས་ད་གཟོད་བརྗོད་བྱ་མེད་པར་གྱུར་པ་དང་བརྗོད་བྱའི་སྙིང་བོ་རྡོག་རྡོག་གསལ་གྱི་ལེ་བ་ཞིག་བསྟན་དུ་མེད་པས་བརྗོད་བྱེད་ཀྱི་ཚིག་ནུས་མེད་ཅལ་ཅོལ་གྱི་གནས་སུ་ལྷུང་བ་སྟེ། དེ་ཡང་གསལ་བོར་བཤད་ན། འབྲི་པ་པོ་དེ་བོད་སྐད་རྣལ་མ་ལ་ཆ་རྒྱུས་མེད་པ་དང་གཅིག བོད་ཀྱི་ཚིག་རྒྱན་རིག་པ་སྟེ《སྙན་ངག་མེ་ལོང》དང་དེའི་ལུགས་ཀྱི་སྲོལ་རྒྱུན་སྙན་རྩོམ་དག་ལ་གསལ་ཁ་དོད་པའི་སྦྱངས་པ་མེད་པ་དང་གཉིས། བོད་མི་རིགས་ཀྱི་ཐུན་མོང་གི་འཚོ་བའི་གོམས་སྲོལ་དང་། འདུ་ཤེས་འཛིན་སྟངས། མཛེས་དཔྱོད་སེམས་ཁམས། དགའ་ཁ་ཁྱེར་ཕྱོགས། རིག་པའི་ཐབས་ལམ་སོགས་ལ་མ་མཐའི་བག་ཆགས་ཙམ་ཡང་མེད་པའམ་བག་ཆགས་ཡོད་ཀྱང་དེ་ལ་མཐུང་ཆེན་མི་བྱེད་པར་སྣང་མེད་དུ་བསྐྱུར་པ་དང་གསུམ། བོད་རང་གི་སྲོལ་རྒྱུན་རིག་གནས་ཀྱི་རྨང་གཞི་ཆེས་ཞན་པའམ་དེའི་དགོསངས་པའི་ཟུར་ཙམ་མམ། དེའི་ཉིང་བཅུད་ནི་ཏིལ་ཙམ་ཡང་མྱོང་ཐུབ་མེད་པ་དང་བཞི་བཅས་སྙན་ངག་འབྲི་པ་པོ་རང་ངོས་ཆུ་ཚད་སྟེང་གི་མི་འདང་བ་བཞི་དང་། གསར་གཏོད་ལ་བློ་ཁ་ནང་དུ་མི་སྐོར་བར་ཕྱི་གླིང་རིག་པའི་གསེབ་དུ་ངེས་མེད་མུན་སྙོབ་བྱེད་པ་དང་གཅིག ཕྱི་གླིང་མཆོག་ཏུ་འཛིན་ཡང་དེ་ལ་ཕྱོགས་ཡོངས་ནས་རྒྱུས་ལོན་གཏིང་ཟབ་མེད་པར་གནས་སྐབས་རྒྱུགས་ཆེ་བའི་ཟེར་སྒྲོས་ལ་ཁུངས་བཅོལ་བ་དང་གཉིས་ཏེ་གསར་གཏོད་ལ་འཛིན་པའི་རྣམ་འགྱུར་ངན་པ་གཉིས་བཅས་སློབ་གསོའི་སྒྲིག་སྲོལ་བསྒྱུར་བཅོས་སྔ་ཕྱི་བསྡོམས་པའི་རྐྱེན་དྲུག་པོའི་རྒྱུ་ངན་ལ་བརྟེན་ནས“གོ་རྒྱུ་མེད་པའི་སྙན་ངག”ཅེས་པ་འབྲས་བུ་ངན་པ་འདི་བྱུང་བར་གདའ་འོ༎ དེ་ལྟ་བུའི་སྙན་ངག་གམ་གང་གིས་མཇུག་མཐར། ཀློག་པ་པོ་རྣམས་མགོ་འཁོར་ཏེ་ནང་དོན་ཅི་ཡང་མ་གོ་བས་སྙན་ངག་ལ་ལྟ་མི་འདོད་པར་གྱུར་ཏེ་སྙན་ངག་གི་ནུས་པ་ཤོར་པ་དང་། བྲིས་ཀྱིན་བྲིས་ཀྱིན་འབྲི་པ་པོ་རང་ཡང་མགོ་འཁོར་ཏེ་རྟོག་པ་བན་བུན་དང་སྣང་བ་ཟ་ཟི། དྲན་པ་རབ་རིབ་དང་རིག་ལམ་མག་མོག ཐ་ན་རང་གིས་བྲིས་པ་རང་གིས་ཀྱང་མི་གོ་བའི་ཚད་ལ་བསླེབས་པས“སྙན་ངག་ལ་འགྲེལ་རྒྱག་ཐུབ་ན་སྙན་ངག་མིན།” “ངའི་སྙན་ངག་ད་ལྟའི་མིས་ལྟ་མི་ཤེས་ཏེ་ལོ་སུམ་བརྒྱའི་རྗེས་ཀྱི་མི་རྣམས་ཀྱི་ཆེད་དུ་བྲིས་པ་ཡིན”སོགས་རང་མཚང་སྦས་འགེབས་དང་གཞན་དག་མགོ་སྐོར་གྱི་གཏམ་འདི་མི་བཤད་ཀ་མེད་བྱུང་ངོ༎
གོང་གི་རྒྱུ་རྐྱེན་དེ་དག་ལ་དམིགས་ཏེ་སྐབས་སུ་ངས“བརྗོད་བྱ་མེད་པའི་སྙན་ངག”འབྲི་པ་པོ་དང་དེ་དག་གི་རྗེས་འཇུག་པ་རྣམས་ལ་ཁ་བརྡ་ཚིག་ཀ་བཞི་ཞུ་རྒྱ་ཡོད།
1. སྙན་ངག་གི་མང་ཚོགས་རང་བཞིན་ལ་མཉམ་འཇོག་བྱ་དགོས། ང་ཚོས་སྙན་ངག་འབྲི་བ་ནི་མི་དམངས་མང་ཚོགས་ལ་བལྟ་རུ་འཇུག་པ་ལས་རང་གིས་རང་ལ་འཕྲུལ་སྣང་སྐྱེད་བྱེད་ལ་མིན་པས། ཚིག་གི་ཐོག་ནས་བོད་སྤྱི་སྐད་དང་ཐུན་མོང་གི་བརྡ་སྤྲོད་ཀྱི་ལུགས་དང་བསྟུན་ཅི་ཐུབ་བྱེད་དགོས་ལ། དོན་གྱི་ཐོག་ནས་ཀྱང་དམངས་ཡོངས་ཀྱིས་དང་ལེན་བྱེད་སླ་བ་བརྗོད་བྱར་ལེན་ཅི་ཐུབ་བྱས་ཏེ་རང་གི་སྙན་ངག་གིས་བོད་ཡོངས་ལ་ཞབས་འདེགས་ཞུ་རུ་འཇུག་དགོས།
2. སྙན་ངག་གི་བསམ་བློའི་རང་བཞིན་ལ་མཉམ་འཇོག་བྱེད་དགོས། ང་ཚོས་ཕན་མེད་དགོས་མེད་ཀྱི་བྱ་བཞག་དག་བཏང་སྙོམས་སུ་བྱས་ཏེ། གདངས་མཐོ་ལ་འགྱུར་ཟབ་པ། སྤོབས་ཆེ་བ་རྣམས་བརྗོད་བྱར་བསྡེབས་ནས་མི་དམངས་ལ་སྔོན་ཐོན་དང་དཔལ་ཡོན། ཞི་བདེ་དང་འདྲ་མཉམ། ཧུར་བརྩོན་དང་དྲང་བདེན་སྐྱོང་བར་བྱེད་པའི་སློབ་གསོ་ཐོབ་པར་བྱེད་དགོས།
3. སྙན་ངག་གི་སྒྱུ་རྩལ་རང་བཞིན་ལ་མཉམ་འཇོག་བྱེད་དགོས། སྙན་ངག་ནི་མ་གཞི་ནས་སྒྱུ་རྩལ་གྱི་རིགས་ཤིག་ཡིན་པས་ང་ཚོས་དེ་ལ་མཐོང་ཆེན་བྱས་ཏེ་མཇུག་མཐར་ཚིག་དང་དོན་ཟུང་འཇུག རྣམ་པ་དང་བརྗོད་བྱ་ཟུང་འཇུག བསམ་བློ་དང་སྒྱུ་རྩལ་ཟུང་འཇུག་གི་གོ་འཕང་ལ་ཧུར་བརྩོན་བྱེད་དགོས་པ་སྙིང་གི་དཀྱིལ་དུ་བཟུང་ནས་གནའ་མིའི་གོ་སླ་རབ་དྭངས་ཀྱི་རྩོམ་གཤིས་རྒྱུན་འཛིན་བྱ་དགོས་ཏེ། སྔོན་བྱོན་གོང་མ་དག་གིས་རབ་དྭངས་པའི་ཆུ་ནང་གི་རྡེའུ་བཞིན་བཀླགས་པ་ཙམ་གྱི་དོན་བདེ་བླག་ཏུ་རྟོགས་ཐུབ་པ་རྩོམ་པའི་ཡོན་ཏན་དུ་བཟུང་ཕྱིར《ཆག་ལོའི་བདེ་སྨོན》ལྟ་བུ་སྙན་རྩོམ་གྱི་ཚད་དུ་བྱེད་ན་ང་ཚོས་ཀྱང“མི་གོ”བའི་སྐྱོན་ལས་ལྡོག་ནས་གོ་སླ་རབ་དྭངས་ཀྱི་རྩོམ《ལང་ཚོའི་རྦབ་ཆུ》ལྟ་བུའི་ཕྱོགས་སུ་འབད་དགོས།
4. ད་ལྟ་འཛམ་གླིང་ཐོག་བསམ་བློ་དང་གྲུབ་མཐའ་སྣ་ཚོགས་པ་ཞིག་དར་བ་དག་སྔོན་ཐོན་གྱི་ལག་ཐབས་ལ་བརྟེན་ནས། བདེ་བླག་ངང་ཁྱབ་སྤེལ་བྱེད་བཞིན་ཡོད་པ་ལས་ང་ཚོས་རིག་པ་ཞིབ་མོས་བླང་དོར་ནན་མོ་བྱས་ཏེ། བོད་རང་གི་རིག་གནས་འཕེལ་རྒྱས་ལ་ཕན་ཞིང་མིའི་རིགས་ཀྱི་སྐྱིད་སྡུག་སེམས་པའི་འཇིག་རྟེན་ལྟ་བ་ཚན་རིག་དང་མཐུན་པ་བསལ་ཅི་ཐུབ་བྱས་ནས་རང་རིགས་ཀྱི་བསམ་བློ་གཅིག་འགྱུར་ལ་འབད་བརྩོན་བྱེད་རྒྱུ་ལས། ལྟ་བ་འདྲ་མིན་སྣ་ཚོགས་འོལ་ཚོད་ཀྱིས་དང་ལེན་དང་ནང་འདྲེན་བྱེད་མི་རུང་ངོ།
    མདོར་ན་གོང་དུ་ཞུ་བ་བཞིན་བྱས་ན་རོམ་པ་པོ་རང་ཉིད་རྟོག་པ་བན་བུན་དང་སྣང་བ་ཟ་ཟི། དྲན་པ་རབ་རིབ་དང་རིག་པ་མག་མོག་གི་རྒྱ་ལས་ཐར་ཏེ“གོ་ན་སྙན་ངག་མིན་པའི”ལྟ་ཚུལ་ཡང་ནུབ་པར་འགྱུར་ལ། “བརྗོད་བྱ་མེད་པའི་སྙན་ངག”ཀྱང་ཆད་པར་གདོན་མི་ཟ། དེ་ལྟར་གྱུར་ན་རྩོམ་པ་པོ་རང་ཉིད་དང་ཀློག་པ་པོ་རྣམས་བསམ་པའི་འཁྱེར་སོ་གཅིག་ཏུ་འདྲེས་ཏེ། དམིགས་ཡུལ་གཅིག་ལ་ཧུར་བརྩོན་བྱེད་པའི་སྐུལ་འདེད་ཀྱི་ནས་པ་ཐོན་ངེས་པར་མ་ཟད། དམིགས་ཡུལ་དང་ཕུགས་བསམ་སྟེ། མཐར་ཐུག་གི་བརྩོན་ལེན་ཕྱོགས་ནས་འཛམ་གླིང་སྤྱི་དང་མིའི་རིགས་སྤྱིའི་གོམ་འགྲོས་དང་ཐད་ཀར་བསྡེབས་ཡོད་པས།
ང་ཚོས་འཛམ་གླིང་སྤྱིའི་རིག་གནས་དང་རྩོམ་རིག་གི་དཔུང་གྲལ་ཟིན་པ་དང་མིའི་རིགས་ཀྱི་དཔལ་ཡོན་ལ་བྱས་རྗེས་འཇོག་པར་སྟབས་ཇེ་བདེ་དང་ཐག་ཇེ་ཉེའི་སྔོན་འགྲོའི་ཆ་རྐྱེན་བསྐྲུན་ཡོད། །
  • ལེ་ཚན་སྔོན་མ།:ཁམས་པའི་འཛུམ་མདངས་འདོན་ཐེངས་བརྒྱ་ལོན་པར་བདམས་ཐོན་བྱུང་བའི་ཕུལ་བྱུང་གི་བརྩམས་ཆོས་འགའི་དཔྱད་པ་ཐུང་ངུ།
  • ལེ་ཚན་རྗེས་མ།:ཡིད་འགྱུར་གྱི་དུང་ཀ་མེད་ན་སྙན་ངག་མེད།
  • དོ་སྣང་ཆེ་བའི་རྩོམ།