ལོ་རབས80པ་ལ་ལྟོས་ཏེ་བཤད་ན། ལོ་འདི་དག་ལ་སྙན་ངག་གསར་བའི་བབ་སྐབས་ནི་ངོ་མ་དེ་འདྲ་མི་བཟང་། སྙན་ངག་གི་མིག་སྔའི་གནས་ཚུལ་དོན་དངོས་སུ་དཔྱད་འཇོག་ཇི་ལྟར་བྱས་ན་འགྲིག་པ་ནི་མི་མང་པོ་ཞིག་གིས་བསམ་གཞིག་བྱེད་བཞིན་ཡོད་པའི་གནད་དོན་ཞིག་རེད། སྙན་ངག་གི་སྐབས་བབ་གནས་ཚུལ་ལ་བསྔགས་བརྗོད་མཐོན་པོར་བྱེད་ཅིང་། སྙན་ངག་ནི་ད་ལྟ་ཇི་འདྲ་ཡིན་ཚུལ་དང་། ལྷག་པར་དུ་ཇི་ལྟར་འགྱུར་ཚུལ་སོགས་འཆད་པ་ནི་ཡིད་ཆེས་ཀྱིས་ཁེངས་པའི་ཚོད་དཔག་ཅིག་རེད། འོན་ཀྱང་ཁོ་བོས་ནི་དེ་ལས་ཀྱང་དངོས་ཡོད་དུ་མངོན་པའི་གནས་ཚུལ་ཏེ། སྙན་ངག་གི་ཚོང་ལམ་ཇེ་དོག་ཏུ་འགྲོ་བ་དང་། དུས་དེབ་ལ་ལར་སྙན་ངག་འགོད་པའི་གྲངས་ཀ་ཇེ་ཉུང་དུ་འགྲོ་བ། སྙན་ངག་ཕྱོགས་བསྒྲིགས་དཔར་སྐྲུན་བྱེད་རྒྱུ་ཧ་ཅང་དཀའ་བ་སོགས་ཁས་ལེན་འོས་སྙམ། དེ་ལ་ངོ་མ་དཀའ་སྡུག་མང་བོ་ཞིག་ཡོད་དེ། ངས་བློ་མཐུན་འགའ་རེས་སྙན་ངག་ཕྱོགས་བསྒྲིགས་པར་སྐྲུན་བྱས་པའི་བརྒྱུད་རིམ་ལ་ཉན་མྱོང་ཞིང་། དཀའ་སྡུག་ཧ་ཅང་ཆེ་བ་ཤེས། སྤྱིར་ཡིན་ན་སྙན་ངག་ནི་སྒྱུ་རྩལ་གྱི་ཆེས་མཐོ་བའི་ཆ་དང་། རྩོམ་རིག་གི་ཡང་རྩེ་ཡིན་དགོས། ང་ཚོས་སྒྱུ་རྩལ་གྱི་རྣམ་གྲངས་ཡོད་ཚད་ལ་དཔྱད་གཏམ་བརྗོད་སྐབས། གློག་བཪྙན་ནམ། ཡང་ན་ཟློས་གར། སྒྲུང་སོགས་གང་ཡང་རུང་སྟེ། ང་ཚོས་དེ་ལེགས་པར་བརྗོད་པ་ནི། དེ་ལ་སྙན་ངག་ཡིན་པར་བརྗོད་པའོ། དེ་ལ་སྙན་ངག་གི་རོ་ཉམས་ལྡན་པར་བརྗོད་པ་དང་། དེ་སྙན་ངག་ཡིན་པར་བརྗོད་པའོ། །གལ་ཏེ་སྙན་ངག་རྒྱལ་ཁབ་ཅིག་ཏུ་རིམ་གྱིས་རྒུད་པར་གྱུར་ན། དེ་ནི་སྒྱུ་རྩལ་གྱི་སྐྱ་གདུང་ཡིན་པར་མ་ཟད། རྒྱལ་ཁབ་དེའི་རིག་གནས་ཀྱི་སྐྱོ་གདུང་ཡང་རེད། བློ་མཐུན་ཅང་ཙེ་མེན་གྱིས་རིག་གནས་ནི་ཕྱོགས་བསྡུས་རྒྱལ་ཤུགས་ཀྱི་གྲུབ་ཆ་ཞིག་ཏུ་བརྩིས་ཡོད་པ་དེ་ནི་ཧ་ཅང་ཡང་དག་པ་ཞིག་གོ རྒྱལ་ཁབ་ཅིག་གི་རྒྱལ་ཤུགས་ནི་དེའི་དཔལ་འབྱོར་ཁོ་ན་ལ་ལྟ་བ་མིན་ཏེ། དེ་ནི་ཕྱོགས་གཅིག་ཙམ་རེད། ཕྱོགསགཞན་ཞིག་སྟེ། དཔལ་འབྱོར་ལས་ཅུང་ཟད་ཀྱང་མི་དམན་པ་ནི་རྒྱལ་ཁབ་ཅིག་གི་རིག་གནས་ཆུ་ཚད་དང་རིག་གནས་རྒྱུ་སྤུས་ཡིན་ལ། རང་ཉིད་ཀྱི་རིག་གནས་འཚོལ་སྙེག་དང་རིག་གསན་གནས་འཛུགས་སྐྲུན་ཡིན། མིག་སྔར་ལོ་རྒྱུས་ཀྱི་འགྲོ་ལམ་དཀྱོགས་པའི་དུས་རིམ་འདིར། རིག་གནས་ལ་དངོས་གནས་བགྲོ་གླེང་བྱེད་འོས་པའི་གནད་དོན་མང་པོ་ཞིག་ཡོད། སྙན་ངག་གིས་དེའི་ཁྲོད་དུ་ཇི་ལྟར་འཚོ་གནས་དང་། འཕེལ་རྒྱས་ལ་བརྩོན་ལེན་བྱེད་རྒྱུ་ནི། སྙན་ངག་གར་སྟེགས་ཀྱི་ཕྱི་ནང་ཀུན་ན་ཡོད་པའི་བློ་ལྡན་རྣམས་ཀྱིས་ནན་ཏན་གྱིས་གདོང་ཕྱོགས་འོས་པའི་དངོས་དོན་ཞིག་རེད། འདིར་ཁོ་བོས་སྙན་ངག་གི་ཡིད་འགྱུར་གྱི་དུངས་ཀའི་གནད་དོན་ཅུང་ཟད་ཅིག་སྤྲོ་བར་འདོད་དོ།།
དུངས་ཀ་རྣལ་མ་ནི་སྒྱུ་རྩལ་ཡོད་ཚད་ཀྱི་ཐོག་མ་དང་གཞི་རྩའི་རྒྱུ་ཆ་རེད། སེམས་ཀྱི་འཕྲོ་འདུ་ཐད་ཀར་བརྗོད་པའི་སྙན་ངག་ཅེས་པའི་སྒྱུ་རྩལ་གྱི་རྣམཔ་འདི་ལ་མཚོན་ན་ལྷག་པར་དེ་ལྟར་རེད། སྙན་ངག་པ་ལ་དངོས་ཡོད་འཚོ་བའི་ཁྲོད་དུ་མྱོང་ཚོར་ཟབ་མོ་ཞིག་སྐྱེས་པ་དང་། གནས་ཚུལ་འགའ་ཞིག་གིས་ཡིད་སེམས་གཡོ་བར་བྱས་པ་ལ་བརྟེན་ནས། རྩོམ་འདོད་ཀྱི་འདུན་པ་ཤུགས་དྲག་པོ་ཞིག་སྐྱེ་བ་རེད། ཁོ་བོས་འདི་ལྟར་བརྗོད་མྱོང་སྟེ། “སྙན་ངག་པས་སེམས་ཤུགས་ཡོད་ཚད་ལ་རྣོ་འདོན་ཞིང་། བསམ་བློ་ཆེས་ཆེར་གཅིག་སྡུད་བྱས་ཏེ། བརྩམས་ཀྱིན་བརྩམས་ཀྱིན་སྙན་ངག་པ་དེ་རིམ་གྱིས་སྤྲོ་དགས་མྱོས་པའི་ངང་ཚུལ་ཞིག་ཏུ་བསླེབ་པར་འགྱུར། ······རང་ཉིད་ཀྱི་བླ་སྲོག་བགྲུང་ཞིང་། རང་གི་ཚོར་འདུ་དྲག་པོའི་རླབས་ཕྲེང་གིས་སིམ་པར་བྱེད་ལ། རང་ཉིང་རང་གི་ཚོར་འདུའི་རླབས་ལ་བཞོན་ནས་རྩེན་པར་བྱེད། སྒྱུ་རྩལ་གྱི་རྒྱ་མཚོའི་གཏིང་ལ་བྱིང་ནས་དངོས་ཡོད་ལས་བྱུང་བའི་གསར་རྩོམ་གྱི་མུ་ཏིག་འཐོབ་པར་བྱེད། འོན་ཀྱང་། དེ་ལ་སྙན་ངག་པའི་ཚོར་འདུས་སྤྲས་འདུག་པས། འཚོལ་སྙེག་དང་ཀུན་རྟོགས་དེ་དག་ནི་དངོས་ཡོད་དང་མི་འདྲ་སྟེ། དེ་ནི་སྣང་བཪྙན་གསར་བ་དང་ཞིང་ཁམས་གསར་བ་ཞིག་རེད། དེ་ལྟ་བུའི་གསར་རྩོམ་གྱི་བརྒྱུད་རིམ་བརྒྱུད་ཡོད་མེད་ཀྱིས་སྙན་ངག་ཅིག་ལ་ཚེ་སྲོག་དངོས་མ་ལྡན་མིན་ཐག་གིས་གཅོད་ལ། དེ་ལྟ་བུའི་གསར་རྩོམ་གྱི་བརྒྱུད་རིམ་བརྒྱུད་ཐུབ་མིན་གྱིས་རྟག་པར་སྙན་ངག་པ་ལ་ཉམས་སད་ནན་མོ་བྱེད”ཅེས་སོ། སྙན་ངག་ཅིག་ཏུ། རིག་པ་སྐྱེན་པོའི་ཚིག་དང་། གྲུང་པོའི་ཀུན་རྟོག འཕྱོར་བའི་མིང་བརྡ་སོགས་ཇི་ལྟར་ཡོད་ཀྱང་། གལ་ཏེ་ནང་ན་ཡིད་འགྱུར་གྱི་ཐིག་ལེ་མེད་ན། ཀློག་མཁན་ལ་རང་ག་བའི་རྩེ་དགའ་ཙམ་ལས། ནང་སེམས་གྱི་གཡོ་འགུལ་དྲག་པོ་བསླངས་ནས་མཛེས་སྡུག་གི་དགའ་བདེ་ཉམས་སུ་མྱོང་བར་བྱེད་པའི་ནུས་པ་ནི་ཐོན་དཀའ་འོ༎
སྙན་ངག་གི་རྣམཔ་ལ་གཙིགས་འཛིན་བྱེད་དགོས་པ་ནི་སྨྲ་མ་དགོས་པ་ཞིག་རེད།འོན་ཀྱང་རྣམ་པ་ནི་ནང་དོན་ལ་ཞབས་འདེགས་ཞུ་བྱེད་ཡིན་པའི་རྩ་དོན་དེ་ངེས་པར་དུ་སྲུང་འཛིན་བྱེད་དགོས། ཚིག་ལ་བཙོ་སྦྱང་བྱེད་པ་ནི་ངག་ཚིག་གིས་ཡིད་འགྱུར་མཚོན་པའི་ཆེད་དུ་དང་། སྙན་ངག་གི་མཚམས་ཚིགས་དང་། འགྱུར་ཁུགས། རྐང་བ་སོགས་ལ་གཙིགས་འཛིན་བྱེད་པ་ནི་ཡིད་འགྱུར་གྱི་གཡོ་འགུལ་དང་། ཡིད་འགྱུར་གྱི་ཤུགས་ཚད་དང་ཟབ་ཚད་སོགས་བླ་ལྷག་གིས་མཚོན་པའི་ཆེན་དུ་རེད། ནང་དོན་གྱི་མཁོ་བ་དང་ཁ་བྲལ་ནས་ཚོར་བ་འཕོ་བའི་ཐབས་རྩལ་གྱ་ཚོམ་དུ་སྤྱོད་པ་དང་། རང་བཟོའི་ཚིག་སྡེབ་སྤེལ་བ། རྣམ་པ་འཚོལ་སྙེག་བྱེད་པ་ལ་སོགས་ལས་བྱུང་བའི་གསར་བ་ཡིན་ཁུལ་དང་མཚར་མཚར་པོ་དག་ནི་གསོག་གསོབ་ཀྱི་ལྦུ་བ་ཙམ་ལས་མ་འདས་སོ༎
ཀློག་མཁན་གྱི་ཡིད་འགུལ་བར་བྱེད་པ་དང་། ཀློག་མཁན་དང་རང་གི་ནང་སེམས་ཀྱི་འགྱུར་བའི་འོ་ཆུ་སྲེ་སྡེབ་བྱས་ནས། ཅིས་ཀྱང་ཀློག་མཁན་རང་ཉིད་རང་ཤུགས་ཀྱིས་སྙན་ངག་དེ་རོལ་མྱོང་བྱེད་ཐུབ་བྱེད་དགོས། ཆེད་དུ་གོ་དཀའ་བར་བཟོ་བ་ནི། དོན་དུ་ཀློག་མཁན་དང་རྩོམ་མཁན་རང་གི་ཉམས་སྣང་བརྗེ་རེས་བྱེད་པར་ཆེད་དུ་ལམ་གེགས་བཟོ་བར་བྱེད་པའོ། སྙན་ངག་འགའ་རེ་ཞིག་ལ་བལྟས་ཚོད་ཀྱིས“ངོ་མཚར་ལྡན་པའི་ཉམས”ལྡན་པ་ལྟར་སྣང་ཞིང་། ཟབ་ཁྱད་ལྡན་པ་ལྟར་སྣང་བ་ནི་། ཡིད་འགྱུར་གྱི་བརྩེ་དུངས་ཟབ་མོ་མེད་པ་དང་ནང་གི་དེ་ཉིད་ཟོག་པོ་དེ་བསྒྲིབ་པའི་ཕྱིར་ཆེད་དུ་དེ་ལྟར་བྱས་པ་རེད། གལ་ཏེ་ངོ་མ་སེམས་ཁོང་ནས་བརྡོལ་བ་ཞིག་ཡིན་ན། ཅུང་ཟད་ཅིག་རབ་རིབ་ཏུ་བརྩམས་ཀྱང་། ཀློག་མཁན་གྱིས་སྙན་ངག་པའི་སྙིང་གི་འཕར་ལྡིང་ཚོར་ཐུབ།
སྙན་ངག་ནི་ཡིད་འགྱུར་ཕུན་སུམ་ཚོགས་ཤིང་། ཆགས་སྡང་ཤུགས་དྲག་པའི་མི་ཞིག་ཡིན་དགོས། དེར་མ་ཟད། སྙན་ངག་པ་ངོ་མའི་ཡིད་འགྱུར་ནི་ལྷད་མེད་ཀྱི་ཡིད་འགྱུར་ཞིག་དང་། རྣམ་དག་གི་ཡིད་འགྱུར་ཞིག་དང་། ཁ་མིག་ཡར་ཕྱོགས་ཀྱི་ཡིད་འགྱུར་ཞིག་བཅས་ཡིན་དགོས། ཀློག་མཁན་གྱིས་སྙན་ངག་ལས་མཛེས་སྡུག་ཅིག་ཉམས་སུ་མྱོང་ཐུབ་པར་མ་ཟད། སྟོབས་ཤུགས་ཤིག་ཀྱང་ཉམས་སུ་མྱོང་ཐུབ་པར་གྱུར་ནས། སེམས་ཁམས་དྲི་མས་གཏོང་བ་དང་། མི་ཚེ་ལ་གོ་རྟོགས་ཤིག་ཀྱང་ཪྙེད་དེ། འཚོ་བ་ལ་དགའ་སྤྲོ་སློང་ཐུབ།
སྙན་ངག་པས་ནི་མི་ཚེ་ལ་ཞེན་འཛིན་གྱིས་སྙན་ངག་འབྲི་བ་ཡིན་པས། སྙན་ངག་གི་འཚོལ་སྙེག་ལས་མི་ཚེ་ཡི་འཚོལ་སྙེག་གསལ་བར་བྱེད། དེས་ཚང་སྡོད་བྱེའུ་ཀྱུར་ཀྱུར་བྱེད་པ་ལྟ་བུའི་འདུ་ལོང་གིས་ཆོག་ཤེས་མི་བྱེད་ལ། རྣམ་པ་མཚར་ཙམ་གཉེར་བ་གཙོ་བོར་མི་བྱེད་པ་དང་། དུས་དང་བསྟུན་ཐབས་ཀྱིས་ཨ་གསར་ལ་མི་སྙེག་ཅིང་། སྙན་ངག་ཅི་དགའ་རུ་འདོར་བའི་ལས་ནི་དེ་བས་ཀྱང་མི་བྱེད་དེ། སྙན་ངག་ནི་དེའི་ཚེ་སྲོག་གི་གནས་སྟངས་ཕྱི་ལ་མངོན་པ་ཞིག་ཡིན་པས་སོ།།
གོང་དུ་སྨྲས་པ་དག་ནི་མི་འགའ་རེས་ཀུན་གྱིས་ཡང་ཡང་བཤད་ཟིན་པའི་གཏམ་ཪྙིང་དག་བསྐྱར་ཟློས་བྱས་པར་འདོད་ངེས་པ་ཁོ་བོས་ཅི་སྟེ་མི་ཤེས། འོན་ཀྱང་ང་རང་ཉིད་ལ་མཚོན་ན། ཇི་ལྟར་སྨྲས་པ་བཞིན་ལག་བསྟར་དུ་དགོད་རྒྱུ་མ་བྱུང་ཡང་། རང་གི་ཉམས་རྟོགས་རྣལ་མ་ཞིག་ཡིན་པ་ནི་བསྙོན་དུ་མེད། དེར་མ་ཟད། མིག་སྔའི་སྙན་ངག་གསར་བ་རྩོམ་འབྲི་བྱེད་པའི་ཁྲོད་ཀྱི་སྣང་ཚུལ་འགའ་ཞིག་ལ་དམིགས་ནས་རང་གི་དྲན་འཆར་བརྗོད་པ་སྟེ། འདི་ཡིས་ཀློག་མཁན་སྐོར་ཞིག་གི་བསམ་འཆར་གྱི་ཚབ་བྱེད་ཐུབ་ནའང་ཐང་། སྔོན་ཆད་སྙན་ངག་ལ་དགའ་ཞིང་ད་ལྟ་སྙན་ངག་ཀློག་རྒྱུར་དེ་འདྲ་མི་དགའ་བའི་གྲོགས་པོ་ཞིག་གིས“ང་ཚོ་སྙན་ངག་ལ་དགའ་བ་གློད་པ་མིན་ལ། སྙན་ངག་རང་ང་ཚོ་ལ་དགའ་བ་དེ་ལྷོད་འདུག”ཟེར། གལ་ཏེ་སྙན་ངག་པས་རང་ཉིད་བསྐྱབ་པར་འདོད་ན། ཐོག་མར་རང་ཉིད་ཀྱིས་སྙན་ངག་ལ་རྣམ་དག་གི་བསམ་པ་སྟོན་དགོས་ཤིང་། རྣམ་དག་གི་རྣམ་འགྱུར་གྱིས་སྙན་ངག་འབྲི་བ་དང་། རྣམ་དག་གི་སྐད་ཆ་འཆད་པར་བྱེད་པ་ནི་རྩ་བ་རེད། རྨང་གཞི་དེ་ཁོ་ནའི་སྟེང་དུ་ད་གཟོད་མཚོན་ཐབས་དང་སྒྱུ་རྩལ་གྱི་ཐབས་འཕྲུལ་སོགས་ལ་རྟོག་ཞིབ་བྱེད་པའི་མགོ་བརྩམ་དུ་རུང་། རྣམ་དག་གི་ཡིད་འགྱུར་ནི་སྙན་ངག་ཁོ་ན་ལ་ཡོད་པ་ཙམ་མ་ཡིན་ཏེ། སྒྱུ་རྩལ་མཐའ་དག་ལ་ངེས་པར་དུ་ཡོད་དགོས་མོད། སྙན་ངག་གིས་ནི་ལྷག་པར་དེ་ཉིད་ལ་གཙིགས་འཛིན་བྱེད་དགོས། སྙན་ངག་པས་སྙན་ངག་ལ་འཐུམ་འཁྱུད་བྱས་ཡོད་མེད་དང་། སྙན་ངག་འབྲི་དུས་ཡིད་འགྱུར་གྱི་བར་ཐག་བཀྱེད་ཡོད་མེད་ནི། ལྟ་མཁན་ཞིག་གིས་དེ་མ་ཐག་གསལ་ལེར་ཤེས་ཐུབ། སྙན་ངག་པ་དང་སྙན་ངག་གི་བར་ཐག་གིས་ཀློག་མཁན་དང་སྙན་གི་བར་ཐག་ཀྱང་ཆེ་བ་གྲུབ་པར་བྱས་ལ། ཀློག་མཁན་སྙན་ངག་ལ་དགའ་བ་ལྷོད་པའང་དེ་ལས་བྱུང་། སྙན་ངག་པས་རང་ཉིད་བསྐྱབ་པར་བྱ་ན། སྙན་ངག་ལ་བཅངས་པའི་རྣམ་འགྱུར་དྲང་བོར་བསྲང་དགོས་ཤིང་། རྣམ་དག་གི་ཡིད་འགྱུར་གྱིས་སྙན་ངག་འབྲི་དགོས།
དུས་མཚུངས་སུ། སྙན་ངག་པ་ལ་གང་འཛོམས་པར་བྱ་བའི་རྣམ་དག་ཅེས་པ་དེ་ཡང་གོ་དོན་ཡངས་པ་ཞིག་སྟེ། ཡིད་འགྱུར་རྣམ་དག་གིས་སྙན་ངག་འབྲི་དགོས་པ་ཙམ་དུ་མ་ཟད། འཚོ་བ་དང་སྒྱུ་རྩལ་ལ་རྣམ་དག་གི་རྣམ་འགྱུར་བཅང་དགོས་པའོ། །གང་ཞིག་ཐོག་མར་ཅིས་ཀྱང་རྣམ་དག་གི་སྐྱེ་བོར་གྱུར་ན། དེ་ནས་ད་གཟོད་རྣམ་དག་གི་སྙན་ངག་པ་ཞིག་ཏུ་འགྱུར་བར་སྲིད་དོ།།
མིག་སྔར། སྙན་ངག་ནི་གར་འགྲོའི་གཏོལ་མེད་པའི་སྐབས་ཤིག་ལ་བསླེབས་འདུག་པ་སྨྲ་མ་དགོས་པ་ཞིག་རེད། ང་ཚོའི་སྙན་ངག་པ་ལ་ལ་ཞིག་གིས་ཉམས་དམའ་བའི་རྒྱུ་མཚན་གྱིས་སྙན་ངག་དོར་ནས་ལམ་གཞན་པ་ལ་འགྲོ་བར་བྱེད་དེ། སྒྲུང་གཏམ་འབྲི་བའམ་ཚོང་རྒྱག་པ་སོགས་ཡོད། འོན་ཀྱང་དེ་ཡིས་སྙན་ངག་འཆི་ལམ་དུ་ཞུགས་པ་ག་ལ་མཚོན། ང་ཚོས་ངེས་པར་དུ་རྩོམ་པ་པོ་མང་བོ་ཞིག་སྟེ། ལྷག་པར་ལས་ཞོར་རྩོམ་པ་པོ་སྐོར་ཞིག་སྙན་ངག་ལ་སྤྲོ་སྣང་ཆེན་པོ་ཡོད་པ་མཚོན་གྱིན་ཡོད་པ་མཐོང་དགོས། ཉེ་ཆར་ང་ཧོ་པེའེ་ན་གཞོན་སྙན་ངག་པ་ཞིན་ཆའོ་ཡི་སྙན་ངག་དཔྱད་གླེང་ཚོགས་འདུར་ཞུགས་ཤིང་། ཁོས་ལོ་ངོ་བཅུ་ལྷག་གི་ནང་དུ་དཀའ་སྡུག་ཧ་ཅང་ཆེ་བའི་ཁོར་ཡུག་ཁྲོད་ལས་ཞོར་རྩོམ་འབྲི་རྒྱུན་འཁྱོངས་བྱས་ནས། བློ་མཐུན་འགས“རྣམ་དག་དང་། བབ་བརླིང་ལྡན་ལ། ཡིད་འོང་དང་ཡར་ཐོན་ཡིན་པར”བསྔགས་པའི་བརྩམས་ཆོས་སྐོར་ཞིག་བརྩམས་ཡོད་པ་མཐོང་ཞིང་། ང་ཚོའི་མི་རབས་འདིས་སྙན་ངག་ལ་བཅངས་པའི་བརྩེ་དུངས་ཟབ་མོ་ཉམས་སུ་མྱངས་པར་བྱས། སྙན་ངག་མེད་པར་མི་འགྱུར་བའང་ང་ལ་ཡིད་ཆས་ཡོད་དེ། ད་དུང་མི་མང་བོ་ཞིག་ནི་རྣམ་དག་གིས་སྙན་ངག་ལ་དགའ་བའི་ཕྱིར་རོ། སྔོན་ཆད་མི་རྣམས་ཀྱིས་རྟག་པར་ཁོང་ཁྲོ་ལས་སྙན་ངག་པ་འབྱུང་ཟེར་ཞིང་། ད་ལྟ་ཁོ་བོས་ནི་སྐྱོ་སྣང་ལས་སྙན་ངག་པ་འབྱུང་ཞེས་བརྗོད་པར་འདོད། ངས་བདག་ཅག་གི་སྙན་ངག་པ་ཚོས་སྙན་ངག་གི་གར་སྟེགས་ཅུང་ཟད་སྐྱོ་ཐིང་ངེ་བའི་གནས་སྐབས་འདིར་སྐྱོ་སྣང་གིས་མི་ཚུགས་པར་བྱས་ཏེ། ནན་ཏན་གྱིས་དཀའ་སྡུག་གི་ལ་ལུང་བརྒལ་ནས་རང་ཉིད་ཀྱི་འགྲོ་ལམ་འཚོལ་ཞིང་། ཀྲུང་གོའི་སྙན་ངག་གསར་བའི་འགྲོ་ལམ་ཡང་འཚོལ་བར་རེ་བ་བྱེད་ཀྱིན་ཡོད།