ཨ་རྡོར། 2012-10-08
ལོ་ངོ་འདི་དག་ལ་བདག་གིས་མུ་མཐུད་དུ་སྙན་ངག་འབྲི་བཞིན་ཡོད་ནའང་། ངས་སྙན་ངག་དེ་དག་ཅི་ཞིག་གི་ཆེད་དུ་བྲིས་པ་དང་། ཇི་ལྟར་བྲིས་པ། ཐ་ན་སྙན་ངག་ནི་ཅི་ཞིག་ཡིན་པ་སོགས་ལ་བསམ་བློ་ཡེ་ནས་བཏང་མ་མྱོང་། སྙན་ངག་དཔྱད་པ་དང་སྙན་ངག་པ་ཁ་ཤས་གླེང་མོལ་བྱས་པ་བརྒྱུད། ཁོ་ཚོའི་འདོད་ཚུལ་ཁ་ཤས་རྒྱུས་ལོན་བྱས་པ་ནི་འདི་འདྲ་སྟེ། མི་ཁ་ཤས་ཀྱིས་ང་ཚོ་ནི་མེ་རི་ལྟ་བུའི་དུས་ལ་བབས་ན་མི་རིགས་ཀྱི་ཕྱིར་དུ་འཕྱུར་དགོས་ཟེར། ཡང་ཁ་ཤས་ཀྱིས་བུས་མེད་ནི་ང་ཚོའི་ཚེ་སྲོག་གི་དོན་སྙིང་ཡིན་པས་ང་ཚོས་ནམ་ཡང་བུད་མེད་ལ་བཀུར་བསྟི་དང་ཡིད་ཆེས་བྱ་དགོས་ཟེར། ཡང་ཁ་ཤས་ཀྱིས་བུད་མེད་ནི་ང་ཚོའི་ཚེ་གི་སྲོག་དོན་སྙིང་ཡིན་པས་ང་ཚོས་ནམ་ཡང་བུས་མེད་ལ་བཀུར་བསྟི་དང་ཡིད་ཆེས་བྱ་དགོས་ཟེར། ཡང་འགའ་ཞིག་གིས་དེ་ལས་ལྡོག་སྟེ། ང་ཚོས་རུས་རྒྱུད་ཀྱི་ལྷམ་གོག་ཙམ་གོན་ནས་རྩོམ་རིག་གི་བྱང་ཐང་ཡངས་པོ་གཅོད་ག་ལ་ཐུབ་ཟེར། ཡིན་ནའང་། ཁོ་ཚོ་ཚང་མར་མཐུན་ཕྱོགས་ཤིག་ཡོད་པ་ནི་མུ་མཐུད་དུ་སྙན་ངག་འབྲི་རྒྱུ་དེ་ཡིན་འདུག གང་ལྟར་རང་ཉིད་ཀྱིས་འདི་དག་གང་ལའང་བསམ་གཞིགས་མི་གཏོང་བར་སྙན་ངག་དང་མཚམས་པའི་བསྒྲགས་གཏམ་དང་རྒྱབ་རྟེན་གྱི་གཞུང་ལུགས་གང་ཡང་ཪྙེད་མ་ཐུབ་པ་མ་ཟད། རང་ཉིད་སུ་ཞིག་གི་གཏམ་ལ་རློམ་དགོས་པའང་ཐག་ཆོད་པར་ཐེ་ཚོམ་དུ་ལུས་ཡོད་པས་ན(ཡང་ན་སུ་ལའང་མ་རློམ་ཀྱང་ཆོག)། གཏམ་འདི་དག་གླེང་རིན་ཅི་ཡང་མེད་པ་ལྟ་བུ་ཞིག་ཏུ་སྣང་ནའང་། ཐེ་ཚོམ་འདི་ནི་བདག་གིས་ཡུན་རིང་ལ་བསགས་པའི་ཤེས་བྱའི་འབྲས་བུ་ལྟ་བུ་ཞིག་ཏུའང་ངོས་འཛིན་ཆོག གང་ལྟར་ཁོ་བོའི་བསམ་ཚོད་ལ་སེམས་པ་འཛད་ན་སྙན་ངག་མི་འཛད་པར་འདོད་ལ། ཡང་ན། སྙན་ངག་ནི་མི་དང་སྲོག་ཆགས་གོ་འབྱེད་བྱེད་ཀྱི་རྟགས་མཚན་གལ་ཆེན་ཞིག་མིན་ནམ་སྙམ། རྒྱུ་མཚན་མི་ཁོ་ནས་ད་གཟོད་སྙན་ངག་གི་རྣམ་པས་འཚོ་བ་རོལ་བཞིན་ཡོད་པས་ཡིན་ནམ། ཁོ་བོའི་བསམ་ཚོད་ལ་སྙན་ངག་པ་ཞིག་ཏུ་འགྱུར་རྒྱུ་དེ་ཚགས་པར་དང་དུས་དེབ་ཏུ་སྙན་ངག་མང་པོ་འཁོད་ཐུབ་མིན་དང་མི་རྣམས་ཀྱི་ཁྲོད་དུ་མིང་ཤེས་མཁན་མང་པོ་ཡོད་མེད་སོགས་ཀྱི་ཆ་རྐྱེན་འདི་དག་ལ་ཐད་ཀར་འབྲེལ་བ་ཡོད་ཞིག་མིན་སྙམ་པ་དང་། ཡང་ན། རྒྱལ་ཁབ་རིམ་པའམ་ཞིང་ཆེན་རིམ་པ་ནས་བྱ་དགའ་ཐོབ་པ་ནས་བཟུང་རང་ཉིད་སྙན་ངག་པར་གྱུར་སོང་བའང་མིན་སྙམ། ཉེ་ལམ་གྲོགས་པོ་ཞིག་གིས་ཡི་གེ་བསྐུར་བཤད་རྒྱུར། ང་ཚོས་རྩོམ་ཉོག་ཁ་ཤས་བྲིས་ནས་ཉི་མ་སྐྱེལ་བ་ལས་མི་རིགས་ལ་དངོས་སུ་ཕན་ཐོགས་པའི་དོན་ཞིག་སྒྲུབ་ན་མི་ལེགས་སམ་ཟེར། དཔེར་ན། གོང་རིམ་ལ་སྒོར་མོ་བསླངས་ནས་ཕ་ཡུལ་གྱི་ཆུ་ཕྲན་ལ་ཟམ་པ་འཛུགས་པ་ལྟ་བུ། ཁོས་ད་དུང་དེའི་སྐོར་གྱི་སྒྲུབ་བྱེད་ཀྱང་མི་ཉུང་བ་ཞིག་བཀོད་ཡོད་ལ། གཙོ་བོ་རབས་འདི་འདྲ་ཞིག་ལ་བབ་དུས་ང་ཚོས་དབྱིན་ཇིའི་ཡི་གེའམ་གློག་ཀླད་ལྟ་བུའི་བེད་སྤྱོད་དངོས་སུ་ཡོད་པའི་རིག་གནས་མ་སྦྱང་ན་རང་མི་རིགས་ཀྱི་དཔལ་འབྱོར་དར་རྒྱས་གཏོང་བར་ནུས་པ་མི་ཐོན་ཞེས་ཟེར། དྲང་མོར་བཤད་ན། སྒྱུ་རྩལ་རྩོམ་རིག་ནི་མི་རིགས་ཤིག་གི་བློ་གྲོས་གཏིང་ཚད་མཚོན་པའི་མེ་ལོང་ལྟ་བུ་ཡིན་ལ། བློ་འདུན་གྱི་ཆ་ནས་མི་རིགས་འཕེལ་རྒྱས་གཏོང་བྱེད་ཀྱི་ལག་ཆ་གཙོ་བོའང་ཤེས་རབ་ཅིག་ལ་བརྟེན་དགོས་པ་ནི་ཧ་ཅང་གསལ་བོ་ཡིན་སྙམ། རང་རེའི་མི་རིགས་འདི་འདམ་རྫབ་ཁྲོད་བྱིངས་ཤིང་སྲོག་ཆགས་ལྟར་འཚོ་བ་རོལ་བཞིན་པའི་སྐབས་འདིར། སྙན་ངག་གི་ཤེས་རབ་ནི་ང་ཚོ་སྐྱོབ་ཐུབ་པའི་གྲུ་གཟིངས་ཤིག་ཏུ་བལྟས་ཆོག ཡང་ན། སྙན་ངག་ནི་རང་སེམས་ལ་བཏང་བའི་གཞས་ཆུང་ཞིག་གམ། རང་ཉིད་ལ་ཕུབ་པའི་སྒྱུ་རྩལ་གྱི་གུར་ཆུང་ཞིག་ཏུའང་བསམ་ཆོག་སྟེ། དེས་ཁྱོད་ཉིད་ཀྱི་ཪྙོག་འཛིང་གི་འཚོ་བའི་སྐྱོ་ངལ་སེལ་བར་བྱེད་ལ། དེས་སྤྱི་ཚོགས་ཀྱི་ཚ་གདུང་ཀྱང་སེལ་ནུས་ཕྱིར། ད་སྐབས་རྩོམ་པ་པོ་ཁ་ཤས་ཡིད་ཆད་ཀྱིས་རྨས་ཏེ། ཆང་ལ་རོལ་བར་བཤད་ལ། ཡང་ཁ་ཤས་ཀྱིས་འཚོ་བ་ཡིད་འབྱུང་སྐྱེས་ཤིང་མིའི་སྐྱུག་བྲོ་བའི་རང་གཤིས་ལ་རྒོལ་ལན་སྤྲོད་ཕྱིར་རང་སྲོག་གཅོད་བཞིན་ཡོད། ཁོ་བོའི་བསམ་ཚོད་ལ་འཇིག་རྟེན་ནི་གཡུལ་ས་ཞིག་མ་ཡིན་ལ། སྤྱི་ཚོགས་དང་མིའི་བར་གྱི་འབྲེལ་བ་འདིའང་འཐབ་འཁྲུག་ཅིག་མིན་པར་སྙམ། དེའི་ཕྱིར་མི་ཞིག་སྐྱེས་པ་ནས་འཇིག་རྟེན་ནས་འཚོ་བ་རོལ་རྒྱུ་ནི་འོས་འགན་ཡིན་ལ། འཚོ་བ་ལ་དགའ་སྣང་དང་མ་འོངས་པར་ཡིད་ཆེས་བཅིངས་པའང་ང་ཚོའི་དམིགས་ཡུལ་ཡིན་སྙམ། ཡིན་ནའང་ང་ཚོའི་བོད་ཀྱི་སྙན་ངག་པ་མང་པོར་ཐུན་མོང་གི་ཁྱད་ཆོས་ཤིག་ཡོད་པ་ནི་གང་ལའང་སྙིང་བོ་གཏན་ནས་མི་འདུག་པའི་འདུ་ཤེས་འཛིན་སྟངས་འདི་ཡིན་སྙམ། བསམ་ཚུལ་འདིང་ཚོར་ཆོས་ལུགས་ཀྱིས་བཞག་པའི་བག་ཆགས་ཡིན་ནམ། ཡང་ན་རང་གཤིས་སུ་གདོད་མ་ནས་གྲུབ་པ་གང་ཡིན་མི་ཤེས།
ང་རང་གཙོས་བོད་རིགས་འབྲིང་རིམ་ཆེད་གཉེར་སློབ་གྲྭ་ནས་མཐར་ཕྱིན་ལ་ཉེ་བའི་དུས་དེར་སློབ་གྲོགས་སྙན་ངག་པ་ཞིག་གིས་ངའི་སྙན་ངག་འབྲི་དེབ་ཅིག་ལ་མཇུག་བྱང་བྲིས་པར། ཨ་རྡོར་གྱི་སྤྱི་ཚོགས་ལ་རྒོལ་ལན་སྤྲོད་བྱེད་ཀྱི་ལག་ཆའམ་དཔང་རྟགས་ནི་ཁོའི་སྙན་ངག་ལས་གཞན་ཅི་ཞེས་བཤད་འདུག་མོད། ད་ལྟ་ཞིབ་ཏུ་འདང་ཞིག་བརྒྱབ་ན། བདག་གིས་སྤྱི་ཚོགས་ལ་དགྲ་བོ་ལྟ་བུའི་འདུ་ཤེས་བཟུང་ནས་གཡུལ་སྤྲོད་མི་སྲིད་ལ། དེ་ལས་ཀྱང་སྡུག་བསྔལ་ལ་བདེ་སྐྱིད་འཇོམས་བྱེད་ཀྱི་མཚོན་ཆ་ལྟ་བུའི་སེམས་པ་ཡང་འཆང་མི་སྲིད། སྤྱི་ཚོགས་ནི་ང་ཚོའི་མིའི་རིགས་མཉམ་དུ་འདུ་སའི་ལྡུམ་ར་ཞིག་ཡིན་ལ། དེའི་ནང་དུ་ཚེར་མའི་མེ་ཏོག་ཁ་ཤས་ཡོད་པ་ལ་ང་ཚོས་ལྡུམ་ར་ཧྲིལ་བོར་ཚེར་མའི་ལྡུམ་རར་འབོད་ག་ལ་འོས་སྙམ། དེའི་ཕྱིར་མི་དང་མིའི་བར་གྱི་འགལ་ཟླ་དང་ཟོལ་བཅོས་དང་གཡོ་སྒྱུ་ཚང་མ་སྤྱི་ཚོགས་ཀྱི་ངོ་བོ་མ་ཡིན་ལ། དེ་ནི་མིའི་ངོ་བོ་དང་རང་བཞིན་བཅོས་སུ་མེད་པ་དེ་བས་ཀྱང་མ་ཡིན་སྙམ། དེའི་ཕྱིར་ང་ཚོས་སྙན་ངག་པ་དག་གིས་མཐོང་ཞིང་རིག་པའི་འགལ་འདུ་འདི་དག་ནི་ང་ཚོའི་འབད་བརྩོན་ལ་བརྟེན་ནས་བཅོས་སུ་རུང་བ་ཞིག་མིན་ན། དེ་དག་ཡང་དང་བསྐྱར་དུ་གླེང་བར་དགོས་པ་ཡང་མེད་པར་སྣང་། ང་ཚོས་འགལ་འདུ་འདི་དག་ལ་དམོད་མོ་དང་ཚིག་མདའ་འཕེན་པའམ་དེ་དག་གི་ཕྱིར་དུ་རང་སྲོག་གཅོད་པ་ལས་དེ་དག་ཆེ་བ་ནས་ཆུང་ངུ་དང་ཡོད་པ་ནས་མེད་པར་བཟོ་བའི་ཐབས་ལ་འབད་ན་ཅིའི་མི་ལེགས།
མི་ཡུལ་འདི་ནས་ང་ཚོ་མཉམ་དུ་འདུས་ཤིང་གནས་གང་རུང་ཞིག་ནས་སོ་ཚིས་ལ་ལྷུར་བརྩོན་བྱེད་སྐབས། འཇིག་རྟེན་འདི་ནི་ངོས་རྐྱང་བ་ཞིག་དང་དེ་འདྲའི་སྟབས་བདེ་ཞིག་མིན་པ་ཤེས་ལ། ཞར་ལ་ང་ཚོའི་ནང་སེམས་ནི་ཕྱི་སྣོད་ཀྱི་འཇིག་རྟེན་ལས་ཀྱང་ཪྙོག་འཛིང་ཞིག་དང་གསང་བ་ཞིག་ཡིན་པ་རྟོགས་ཐུབ། དེའི་ཕྱིར་སྙན་ངག་ནི་ང་ཚོ་རང་ཉིད་ཀྱི་སེམས་པའི་ངོ་བོ་རྟོགས་པའི་ཐབས་ལམ་ཞིག་ཡིན་ལ། དེས་ནི་མཚན་ཉིད་རིག་པ་ལས་ཀྱང་བརྩེ་དུང་ཡོད་པའི་སྒོ་ནས་མི་རང་ཉིད་ཞིབ་པར་བརྗོད་ཐུབ་པས། སྙན་ངག་བྱུང་བ་ནི་མིའི་ཤེས་རབ་ལ་སྔ་ན་མེད་པའི་འགྱུར་བ་ཆེན་པོ་ཞིག་བྱུང་བ་ཡིན་པ་རྗེས་སུ་དཔོག་ཐུབ།
ཞིབ་ཏུ་བསམ་ན། ཁོ་བོས་སྙན་ངག་ནི་གཉེན་འབྲེལ་དང་རྩེད་རོགས། མཛའ་མོ་དག་གི་ཕྱིར། ད་དུང་རང་ཉིད་ཀྱི་མ་འོངས་པའི་ཕུགས་བསམ་ལ་རྒྱང་འབོད་བྱེད་ཕྱིར་བྲིས་པ་ཞིག་མིན་ལ། དེ་ལས་ཀྱང་གྲུབ་མཐའ་དང་རུས་རྒྱུད་ཀྱི་ཕྱི་རམ། ཞི་བདེ་དང་རང་དབང་ལ་འབོད་སྐུལ་གཏོང་ཕྱིར་བླངས་པའི་གླུ་དབྱངས་ལྟ་བུའི་གཟི་བརྗིད་ཀྱིས་ཕྱུག་པ་ཞིག་ཀྱང་མིན་སྙམ། འོན་ཀྱང་། འཚོ་བ་འདིས་མི་སེམས་ལ་བཞག་པའི་ཆགས་སྡང་ནི་བརྗོད་འདས་ཤིག་ཡིན་ལ། དེ་ནི་དགའ་བའམ་སྐྱོ་བ་ལྟ་བུའི་སྟབས་བདེ་ཞིག་མ་ཡིན་པར། ཟབ་པ་དང་ཪྙོག་འཛིང་ཞིག་ཡིན་པས། དེ་དག་ནི་སྙན་ངག་མ་བྲིས་ཐབས་མེད་ཀྱི་རྒྱུ་རྐྱེན་གཙོ་བོ་ཞིག་ཀྱང་ཡིན་འདུག ཡིན་ནའང་ཁོ་བོའི་སེམས་པ་འདི་ནི་འཚོ་བ་གསལ་བར་འཆར་བྱེད་ཀྱི་མེ་ལོང་རྐྱང་རྐྱང་ཞིག་མིན་པས། བདག་གིས་སེམས་པ་འདིར་འཚོ་བའི་མཛེས་སྡུག་ཁོ་ན་མི་འཆར་བ། དེའི་ཕྱི་རོལ་ཏུ་སྦས་སྐུང་གི་རྣམ་པར་ཡོད་པའི་གསང་བ་དང་མི་འདུག་པའི་རྣམ་པ་ཤར་ལ། རང་བྱུང་ཁམས་ཀྱི་ཡིད་དུ་འོངས་པའི་ལང་ཚོ་སྟེ་མེ་ཏོག་དང་ཆུ་ཕྲན། བྱ་བྱེའུ་དང་རི་དྭགས་སོགས་ལྟ་ན་སྡུག་པའི་ཚུལ་མི་མཐོང་བར། རི་བོའི་སྐྱི་གཉེར་གྱིས་བཅིངས་པའི་རྒས་ཤིང་འཁོག་པའི་ངོ་གདོང་། ཆུ་བོ་བྲག་ལ་བརྡབས་པའི་ཉ་སྲམ་གྱི་འཇིགས་པ། དྲག་ཆར་དང་ཤ་འོད་ཀྱིས་འདབ་ཆགས་རྨེག་མེད་དུ་བཏང་ཚུལ་ཤར་བས། འདི་ནི་སྒྱུ་འཕྲུལ་དང་ཤེས་རབ་ཀྱིས་ཕྱུག་པའི་མེ་ལོང་ཞིག་ཀྱང་མིན་ག་ལ་སྲིད།
ཧྥ་རན་སིའི་སྙན་ངག་པ་བྷོ་དྷི་ལིར་གྱིས་སྙན་ངག་ཅིག་ཏུ། ང་རང་གསེར་དངུལ་ལ་སྡང་སྟེ། དེ་ནི་ཁྱོད་ཉིད་ལྷ་དབང་ལ་སྡང་བ་ཇི་བཞིན་ཟེར། ཚིག་དེ་ནི་ལོ་ངོ་བརྒྱའི་སྔ་རོལ་གྱི་ཧྥ་རན་སིའི་སྤྱི་ཚོགས་ལ་དམིགས་ནས་བཤད་པ་ཞིག་ཡིན་མོད། དེ་ནི་ད་ལྟ་ང་ཚོ་བོད་ཀྱི་སྤྱི་ཚོགས་དང་འབྲེལ་ནས་བཤད་ནའང་བར་ཐག་ཆེས་ཆེར་མི་རིང་སྟེ། གཟིག་སྲམ་གཡུ་བྱུར་མིག་ལ་ཧ་ཅང་མཛེས་པའི་ང་ཚོར་མཚོན་ན་བགྲོད་ལམ་ག་ཚོད་ཅིག་ལ་སླེབས་ཡོད་པ་དེ་ནི་རྗེས་སུ་དཔོག་དཀའ་བ་ཞིག་མ་ཡིན། ཡིན་ནའང་། འདི་དག་ན་ལོ་ངོ་སྟོང་ཕྲག་གི་ཡར་སྔོན་ལ་ང་ཚོའི་མེས་པོས་བཞག་པའི་ཡག་སྣང་གི་ལྟ་བ་ཡིན་པས། མི་རིགས་རིག་པ་མཁན་ཞིག་ལ་མཚོན་ན་ཇི་འདྲའི་ཞིབ་འཇུག་གི་རིན་ཐང་ཞིག་ཡོད་པ་རེད་ཨང་།
ང་ཚོ་གོ་ལ་འདིའི་སྟེང་ནས་དར་ཅིག་གནས་མལ་བཅས་ཏེ་མཐའ་མར་ལམ་ལ་ཆས་དགོས་པའི་མགྲོན་པོ་ཞིག་དང་སྔོན་ལ་སོ་ཚིས་བསམ་ཞིང་རྗེས་སུ་སྒང་གི་བཀའ་དྲིན་བསམ་པའི་ཚོ་ཁག་ཅིག་ཀྱང་ཡིན་ངེས། དེའི་ཕྱིར། དུས་རབས་འདིར་ང་ཚོའི་སྙན་ངག་པ་ཚོའི་མདུན་དུ་བབས་པའི་དཀའ་ཁག་ནི། འཚོ་གནས་སྐྱིད་ཙམ་ལ་ཁེག་ཐག་མེད་པས་མ་འོངས་པར་མུ་མཐུད་དུ་སྙན་ངག་འབྲི་ཐུབ་མིན་གྱི་ཉེན་ཁ་ལ་ཐུག་ཡོད་པ་དེ་རེད། སྙན་ངག་ངག་པ་ཞིག་ལ་མཚོན་ན་སྙན་ངག་འབྲི་མཚམས་ཆད་པ་ནི་ཁོའི་ཚེ་སྲོག་གི་འཕར་རྩ་ཆད་པ་ལྟ་བུ་ཡིན་པས། ང་ཚོ་བོད་ཀྱི་སྙན་ངག་པ་ཚོས་རང་ཉིད་ཀྱི་འཚོ་གནས་ལ་འདང་རྒྱག་འོས།
དྲང་མོར་བཤད་ན་སྙན་ངག་གི་གདམ་གསེས་འདི་ཧ་ཅང་ཉེན་ཁ་ཆེ་བའི་གདམ་གསེས་ཤིག་སྟེ། དེས་རང་ཉིད་ལ་ཐོབ་དང་གོ་ས་ཡང་ན་སྒོར་མོ་སོགས་འཚོལ་བའི་གོ་སྐབས་མང་པོ་ཤོར་དུ་འཇུག་ཀྱང་སྲིད་ལ། དེས་ནི་རང་ཉིད་ཀྱི་མི་ཚེ་དེ་སྐྱོ་གར(སྙན་ངག་པ་ངོ་མ་ཞིག་གིས་ལོངས་སྤྱོད་དུ་ལྟ་ཡང་སྲིད)ཞིག་ཏུ་གཏོང་ཡང་སྲིད། སྙན་ངག་པ་ལྗང་བུས་ཁོ་རང་སྙན་ངག་གི་ལས་ཀར་འཇུས་པ་ནི་ནོར་འཁྲུལ་གྱི་གདམ་གསེས་ཤིག་ཡིན་ཡང་སྲིད། ད་ནི་ནོར་འཁྲུལ་དང་བཅས་པའི་གདམ་གསེས་འདིའི་རྔ་མར་མི་འཇུ་ཐབས་མེད་ཡིན་ཞེས་པ་ལྟར་རེད། སྙན་ངག་པ་ཞིག་ཏུ་འགྱུར་རྒྱུའི་སེམས་ཐག་བཅད་པ་ནི་ཉེན་ཁ་དང་ཐབས་རྡུགས་ཀྱི་གདམ་གསེས་ཤིག་ཀྱང་ཡིན་སྲིད། མིག་སྔར་བདག་གིས་ཚགས་པར་ཞིག་ཏུ་བཀོད་པ་མཐོང་བ་ནི། འཛམ་གླིང་དུ་མིའི་ཚེ་ཐུང་གྲས་ནི་སྙན་ངག་པ་དག་ཡིན་པར་བཤད་འདུག་ལ། ལོ་རབས་བརྒྱད་ཅུ་བར་རྒྱའི་སྙན་ངག་པ་ཧེ་ཙི་དང་གོའུ་ཁྲིན་སོགས་སྙན་ངག་པ་བཅུ་གསུམ་གྱིས་མུ་མཐུད་དུ་རང་སྲོག་བཅད་པར་བཤད། ཡང་དཔེ་གཞན་ཞིག་ནི། དུས་རབས་བཅོ་བརྒྱད་པའི་མཇུག་དང་དུས་རབས་བཅུ་དགུ་པའི་སྟོད་ལ་ཡོ་རོབ་གླིང་དུ་དར་བའི་རྟོག་པ་འཆར་ཡན་རིང་ལུགས་པ་རྣམས་ལ་མཚོན་ནའང་། ཀི་ཏི་དང་ཨུ་ཀོ་མ་གཏོགས་པའི་སྙན་ངག་པ་གཞན་རྣམས་ཀྱི་ཚེ་ཚད་ཧ་ཅང་ཐུང་སྟེ། དཔེར་ན། པེ་རོན་ལོ34ལ་འཚོ་ཞིང་། ཞེ་ལེ་ལོ30དང་ནོ་ཧ་རིས་དི་ལོ29། ཕོར་ཁིན་དང་རེ་མི་ཐོ་ཧྥེ་ལོ37 ། ཧྥེ་ཐོ་ཧྥན་དང་ཅི་ཚི་ལོ24ལས་འཚོ་མ་ཐུབ་པ་འདིས་ཀྱང་སྙན་ངག་པའི་གདམ་གསེས་ནི་ཧ་ཅང་ཉེན་ཁ་ཆེ་བ་ཞིག་ཡིན་པར་བཤད་ཆོག་སྙམ།
ད་དུང་སྙན་ངག་པའི་ནང་དུ་ཆབ་སྲིད་དང་དམག་འཁྲུག་ལ་ཞུགས་མཁན་མེད་པ་མིན་ནའང་། ཧྥ་རན་སི་ལྟ་བུ་ལ་མཚོན་ན་ཆབ་སྲིད་ཀྱི་གོ་ས་ཡོད་པའི་སྙན་ངག་པ་ཚོར་ཟུར་ཟ་བྱེད་སྲོལ་ཡོད་ལ། བོད་ཀྱི་གཏམ་རྒྱུད་ཡིན་ནམ་རྒྱ་གར་བའི་གཏམ་རྒྱུད་ཡིན་པ་མི་ཤེས་མོད། གཏམ་རྒྱུད་དེ་རུ། ལྷ་མོ་ནོར་རྒྱུན་མ་དང་དབྱངས་ཅན་མ་གཉིས་དགྲ་བོ་ཡིན་ཚུལ་བཤད་པ་འདིས་ཀྱང་རིག་གནས་སྣང་ཚུལ་ཞིག་མཚོན་ཡོད་དམ་སྙམ། ད་ལྟ་དུས་རབས་ཉེར་གཅིག་པ་ནི་ཨང་རྟགས་ཀྱི་འཇིག་རྟེན་དུ་སླེབས་ཤིང་། འཛམ་གླིང་ཧྲིལ་བོར་ཉོ་འཚོང་དང་ཁེ་སྤོགས་ཀྱི་རྦ་རླབས་མཐོ་རུ་འཕྱུར་བཞིན་པའི་དུས་འདིར། སྙན་ངག་ནི་མུན་པའི་གནས་སུ་གཟབ་འཆོར་སྤྲས་པའི་ལྷ་མོ་ཞིག་དང་མཚུངས་པར་ང་ཚོ་ལ་ཡང་ཡང་དུ་ཟུར་མིག་འཕེན་བཞིན་ཡོད་ནའང་། མུན་པའི་ཟབ་ཚད་འདིས་ང་ཚོ་ལ་ལྷ་མོ་དེ་ལོངས་སུ་སྤྱོད་པའི་སྐལ་བ་མ་བྱིན་པ་ཨེ་ཡིན་སྙམ།
དྲང་མོར་བཤད་ན་སྙན་ངག་ནི་རང་ཉིད་ཀྱི་ཕྱིར་མངོན་སྟངས་ཤིག་དང་། འཇིག་རྟེན་གྱི་ཆགས་འཇིག་སྣ་ཚོགས་ཀྱི་མདུན་དུ་རང་ཉིད་འགེབ་སྲུང་བྱེད་སྤྱད་ཅིག་མིན་པའི་ངེས་པ་མེད། རང་ཉིད་ལ་མཚོན་ན། སྙན་ངག་དེ་སྤྱི་ཚོགས་ཤིག་གི་མི་ལེགས་པའི་སྣང་ཚུལ་སུན་འབྱིན་ཕྱིར་བྲིས་པ་ཞིག་མིན་ལ། བཟོད་ཐབས་མེད་པའི་སྡུག་བསྔལ་དེ་ཕྱི་ལ་གཏོང་ཚུལ་གྱི་རྣམ་པ་ཞིག་ཀྱང་མིན་སྙམ། སྙན་ངག་ནི་སྒྱུ་རྩལ་གྱི་ལམ་ནས་རང་ཉིད་ཀྱི་མི་ཚེ་ལྟ་བ་དང་རིན་ཐང་གི་ལྟ་བ། རང་ཉིད་ཀྱི་འཚོ་བར་བཟུང་བའི་འདུ་ཤེས། རང་ཉིད་དང་མཐའ་འཁོར་གྱི་མིའི་བར་གྱི་འབྲེལ་བ་སོགས་གཞན་དང་མཉམ་དུ་རོལ་བའི་གོ་རིམ་ཞིག་ཡིན་པར་འདོད་ལ། དེ་ནི་ཁོ་བོའི་བསམ་ཚོད་ལ་སྙན་ངག་ནི་ཅི་ཞིག་ལ་ངོ་རྒོལ་བྱེད་སྤྱད་ཀྱི་ལག་ཆ་ཞིག་མིན་པར། དེ་ནི་གཞན་དག་རང་གི་གྲོགས་སུ་འགུགས་བྱེད་ལྟ་བུ་ཞིག་དེ་ལས་ཀྱང་མ་ཡིན་སྙམ།
རང་ལོ་ཉེ་བཞིར་བུད་པའི་དེ་རིང་བདག་གིས་སྔར་བཞིན་སྙན་ངག་འབྲི་བཞིན་ཡོད་ལ། ལོ་འདི་དག་གི་རིང་བདག་གིས་འབད་བརྩོན་གྱིས་སྙན་ངག་བྲིས་ནའང་། དེ་དང་འཚམས་པའི་གྲུབ་འབྲས་དང་ཁེ་སྤོགས་སོགས་གང་ཡང་ཐོབ་མེད། ཡིན་ནའང་། དེ་ནི་ངས་སྙན་ངག་གི་རིན་ཐང་གཙོ་བོའང་མ་ཡིན། གང་ལྟར་རང་ཉིད་ལ་ལོ་འདི་འདྲ་ཞིག་ལ་སྙན་ངག་འབྲི་བའི་སྙིང་སྟོབས་ཉམས་མེད་པ་ནི་ང་རྒྱལ་སྐྱེ་དགོས་པའི་གནས་གཙོ་བོ་ཡིན། རང་ཉིད་ཀྱི་ལས་ཀ་འདིས་རང་ཉིད་ཀྱི་མི་ཚེ་ལ་དོན་སྙིང་ཞིག་འཚོལ་ཐུབ་པ་ནི་ཁོ་བོའི་སྙན་ངག་འབྲི་བའི་སྒུལ་ཤུགས་གཙོ་བོ་ཡིན།
སྙན་ངག་པ་ཞིག་ལ་མཚོན་ན། ཆེས་ཆེ་བའི་གྲུབ་འབྲས་ནི་ནོ་པེར་རྩོམ་རིག་བྱ་དགའ་མ་ཡིན་པར་སྙན་ངག་ཅིག་ལེགས་འགྲུབ་བྱུང་བའི་སྐབས་ཀྱི་སེམས་ཁམས་ཡིན་དགོས། དེའི་ཕྱིར། གོ་བརྒྱད་ལོར་ནོ་པེར་རྩོམ་རིག་བྱ་དགའ་ཐོབ་མཁན་ཕོ་ཐུ་གལ་གྱི་རྩོམ་པ་པོ་ཟ་མ་གྷ་ལ་གྲོགས་པོ་ཚོས་ཁོའི་གྲུབ་འབྲས་ལ་ཡི་རང་དང་རྟེན་འབྲེལ་ཡང་ཡང་ཞུས་པའི་ལན་དུ། ཁོས་ད་ནི་ནོ་པེར་བྱ་དགའ་མི་གླེང་བར་ཞུ་བདག་གིས་གསར་རྩོམ་བྱེད་དགོས་ཟེར།
བོད་དུ་སྙན་ངག་གསར་བ་འདི་དར་ནས་དུས་ཡུན་རིང་པོ་ཞིག་འགོར་མེད་ལ། ལོ་འདི་དག་གི་རིང་ལ་གཞན་ཡང་ངོམ་ཆོག་པའི་གྲུབ་འབྲས་ཤིག་ཀྱང་ལོན་མེད། བོད་ཀྱི་རྩོམ་རིག་ལོ་རྒྱུས་སུ་ནམ་ཡང་གླེང་བཞིན་པའི་སྔ་མ་དག་གི་སྙན་ངག་ནི་ཚིག་གི་སྒྱུ་རྩལ་ཙམ་ལས་དོན་གྱི་ཆ་ནས་ཁྱད་པར་ཆེན་པོ་མེད། ད་སྐབས་ཀྱི་སྙན་ངག་དང་བསྡུར་ན་ཧ་ཅང་སྟབས་བདེ་བ་ཞིག་དང་རགས་པ་ཞིག་ཡིན་པས་དེ་འདྲའི་གླེང་རིན་ཡོད་པ་ཞིག་མིན་སྙམ་ལ། བོད་ཀྱི་རྩོམ་རིག་ཟེར་བ་དེ་གང་ཞིག་ལ་ངོས་འཛིན་དགོས་པ་བཤད་དཀའ་བའི་དུས་འདིར། ང་ཚོའི་ན་གཞོན་སྙན་ངག་པ་ཚོར་གཡོལ་དུ་མེད་པའི་འོས་འགན་ཞིག་ཡོད་པ་ནི། བོད་རང་གི་ཐུན་མོང་མ་ཡིན་པའི་རྩོམ་རིག་ཅིག་འབྱུང་བར་རང་གིས་འཚོལ་སྙེག་བྱེད་རྒྱུ་དེ་རེད།
ཡོ་རོབ་པའི་ངག་རྒྱུན་དུ། སྙན་ངག་པ་ཞིག་སྐྱེས་པ་ལས་དམག་སྤྱི་ཆེན་མོ་ཞིག་འཁྲུངས་པས་དགའ་སྟེ། དམག་སྤྱི་དེས་ཚོ་ཁག་དང་རང་ཉིད་ཀྱི་མངའ་ཐང་སྲུང་ཕྱིར་རང་གི་འདོད་བློ་དང་རྒྱབ་འགལ་བྱེད་མཁན་རྣམས་དྲག་པོའི་དཔུང་གིས་འདུལ་ཆོག་མོད། སྙན་ངག་པ་ཞིག་གིས་མུན་པའམ་ཁུང་བུར་འཛུལ་ནས་ཁ་རོག་གེར་ཤོག་དཀར་ངོས་སུ་རང་གི་འདོད་ཚུལ་འབྲི་བ་ལས་ཐབས་གཞན་ཅི་ཡོད།
གོ་བདུན་ལོའི་སྟོན་ཀའི་མཚན་མོ་ཞིག་ལ། གྲོགས་པོ་ཚོ་ཆང་འཐུང་ནས་ར་བཟི་བར་གྱུར་འདུག་ལ། ང་རང་ཡང་ཁོ་ཚོའི་གྲས་སུ་ཅི་ཡིན་འདི་ཡིན་མེད་པར་བསྡད་ཡོད། རླུང་བུ་བསིལ་མོ་ཞིག་མཚམས་རེ་མཚམས་རེར་གཡུགས་ལ། ལྕང་ལྡོང་གི་ལོ་མ་ཆད་དེ་གཅིག་རེ་གཉིས་རེ་ཐང་ལ་ལྷུང་བཞིན་ཡོད། གྲོགས་པོ་ཚོས་ཆང་དཀར་ཞབས་དག་རྒྱག་པའི་སྒྲ་ཇེ་མཐོ་ནས་ཇེ་མཐོར་འགྲོ་བཞིན་འདུག མཚན་དཀྱིལ་ཞིག་ལ་ཚང་མས་གཅིག་གིས་གཅིག་ལ་བལྟས་ཏེ་ངུས་བྱུང་། དེ་ནི་ང་རང་འབྲིང་རིམ་སློབ་གྲྭ་ནས་མཐར་ཕྱིན་ཁའི་མཚན་མོ་ཞིག་སྟེ། ཁ་བྲལ་བའི་སྡུག་བསྔལ་གྱིས་མི་སེམས་ལ་འཇིགས་སྣང་བསྐུལ་བས་མ་ཡིན་ནམ། སྐབས་དེར་སློབ་གྲོགས་མང་པོ་ཞིག་གིས་ཕན་ཚུན་ལ་ང་ཚོའི་མགྲིན་པ་ནི་སྤྱི་ཚོགས་ཞེས་པའི་གཡུལ་ས་དེར་བསྐྱོད་བྱེད་ཀྱི་ལག་ཆ་དང་པོ་ཡིན། ང་ཚོས་ངེས་པར་དུ་ལག་ཆ་འདི་ལ་བརྟེན་ནས་རང་ཉིད་དམ་པོར་བསྲུང་དགོས་ཚུལ་སོགས་མང་པོ་བཤད། བདག་གི་མིག་ཟུང་ནང་ཧ་ཅང་བསིལ་བའི་མཆི་མ་རྡོག་པོ་གཉིས་འདྲིལ་སོང་ལ། སྤྱི་ཚོགས་དེ་འདྲའི་འཇིགས་སུ་རུང་བ་ཞིག་ཡིན་ནམ་སྙམ་པའི་བྲེད་ཤ་ཞིག་ཀྱང་ལངས་འོངས། ལོ་འགའ་འགོར་རྗེས། ཁོ་ཚོ་ཚང་མར་བཅོས་མིན་གྱི་ངེས་འབྱུང་ཞིག་སྐྱེས་ཡོད་པ་ནི། སྒོར་མོ་མེད་ན་ཅི་ཡང་བྱེད་མི་ཐུབ་ཟེར་བ་དེ་རེད། མང་ཤོས་ཆུང་མ་དང་བུ་ཕྲུག་གི་བདག་པོར་གྱུར་པས་རང་ཉིད་རྒས་སོང་བ་མ་ཡིན་ནམ་ཟེར།
གང་ལྟར་ངས་མུ་མཐུད་དུ་སྙན་ངག་འབྲི་བཞིན་ཡོད། རྒྱུ་མཚན་གཞན་ཅི་ཡང་མེད་དེ། རང་ཉིད་ཕྱིར་མངོན་སྟངས་ཤིག་དང་འཚོ་བ་རོལ་སྟངས་ཤིག་མ་ཡིན་ནམ། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10