ང་ཚོས་བསམ་བློ་ཡག་པོར་གཏོང་དགོས།

རི་སྔོན་བླ་མ་ཐར།        2012-07-16

ང་ལ་མཚོན་ན།བོད་ཀྱི་རྩོམ་རིག་གསར་བ་དང་ལྷག་པར་སྙན་ངག་གི་མི་ལོ་ཉི་ཤུ་འདིར་བསམ་གཞིག་རེ་གཏོང་དུས།དགའ་བ་ཞིག་སྐྱེས་པས་མི་ཚད་སྐྱོ་སྣང་རེ་ཡང་ངང་གིས་འཁོར་ཡོང་།དགའ་བ་སྐྱེས་དོན་ནི་དུས་རབས་གོང་མའི་ལོ་རབས་80པའི་སྟོད་ཙམ་ལ་བོད་ཀྱི་གསར་བུ་དཔྱོད་ཤེས་པ་དང་མིག་རྒྱང་རིང་བ།སྤོབས་པ་ལྡན་པ་ཉུང་ཤས་དག་གིས་བོད་ཀྱི་སྤྱི་ཚོགས་འཚོ་བའི་དངོས་ཡོད་དུས་བབ་ལ་རྐང་བཙུགས་ཤིང་རྩོམ་རིག་ནི་དགོས་མཁོ་ཞིག་ཡིན་ཅེས་པ་ལྟར་ད་ལྟའི་སྙན་ངག་གི་ལམ་བུ་གསར་བ་འདིའི་སྲོལ་བཏོད་པ་རེད།སྲོལ་བཏོད་པར་མ་ཟད་སྐབས་དེར་སྙན་ངག་གསར་བའི་འཕེལ་རྒྱས་ཀྱི་གོམ་ཁ་མགྱོགས་ཤིང་དུས་ཡུན་ཐུང་ངུའི་ནང་དུ་མཐོ་རླབས་ཤིག་ཀྱང་འཕྱུར་པས་མི་རབསཤིག་ལ་བསམ་བློའི་བཅིངས་འགྲོལ་ཐོབ།དེ་ནི་རང་རེའི་བོད་ཀྱི་སྙན་ངག་ལ་མཚན་ན་གྲུབ་འབྲས་ཤིག་ཡིན་པར་མ་ཟད།རླབས་ཆེན་གྱི་བྱ་བ་ཞིག་གི་མགོ་ཡང་དངོས་སུ་བརྩམས་པ་ཡིན་པས།ང་དགའ་སྤྲོ་སྐྱེས་དོན་ཡང་དེ་ཡིན།དེ་ནས་སྐྱོ་བ་སྐྱེས་དོན་ནི་དུས་རབས་གོང་མའི་ལོ་རབས་90པའི་སྨད་ཅིག་ནས་བཟུང་སྟེ་བོད་ཀྱི་སྙན་ངག་གསར་བའི་ཚ་རླབས་དེ་ཡང་ཅུང་ཙམ་ཞི་འཇགས་སོང་བའི་ཚོར་སྣང་ཞིག་སྟེར།དེ་ནི་ལོ་རབས་80པའི་ནང་གི་སྙན་ངག་པ་ཚོས་མུ་མཐུད་དུ་རྒྱུན་མ་བཟུང་བའམ་ཡང་ན་མཚམས་སུ་རེ་གཉིས་ཤིག་འབྲི་བ་མ་གཏོགས་སྤྱིར་ཆེ་ས་ནས་རྩོམ་རིག་ལ་ཁ་བྲལ་པ་དེ་གཅིག་ཡིན།གཉིས་ནས་ན་གཞོན་གསར་སྐྱེས་སྐོར་ཞིག་སྙན་ངག་གསར་བའི་ཐེམ་སྐས་སུ་བུད་མོད།དེ་དག་ཀྱང་དགའ་ཕྱོགས་ཤིག་དང་དམིགས་ཡུལ་གསལ་བོ་མེད་པའི་བརྩེ་ཞེན་ཞིག་ལ་བརྟེན་ནས་ལམ་དུ་ཆས་པ་ཡིན་པས་རང་མི་རིགས་ཀྱི་རིག་གནས་ཀྱི་རྐང་བརྟན་པོ་ཆགས་མེད་པ་དང་།གཞན་གྱི་སྙན་ངག་གསར་བའི་ལེགས་ཆ་ལེན་པའི་བློ་མིག་ཞན་པ་བཅས་ཀྱི་དབང་གིས་རང་རེའི་སྙན་ངག་གསར་བ་འདི་དུས་དང་མཐུན་པའི་སྒོ་ནས་བསམ་བློའི་རང་བཞིན་དང་སྒྱུ་རྩལ་གྱི་རང་བཞིན།གསར་གཏོད་ཀྱི་རང་བཞིན།ཐོད་རྒལ་གྱི་རང་བཞིན་ལྡན་པའི་སྙན་ངག་པ་དང་སྙན་ངག་གི་བརྩམས་ཆོས་ཡག་པོ་ཞིག་ཐོན་མ་ཐུབ་པ་འདྲ།ད་དུང་རང་རེའི་སྙན་ངག་གསར་བ་འདི་མི་རིགས་གཞན་དག་གི་རིག་གནས་ཀྱི་མཁའ་དབུགས་ཆེན་པོའི་ནང་དུ་འཐིམ་ཉེན་དང་འཇིག་ཉེན་ཡང་ཧ་ཅང་ཆེ།ངའི་བསམ་ཚུལ་ཞིག་ལ་འདི་ནི་ད་ལྟའི་བོད་ཀྱི་སྙན་ངག་གསར་བའི་གནས་བབ་ཀྱི་རྣམ་པ་ཞིག་རེད་སེམས་ཀྱིན་ཡོད།ང་སྐྱོ་བ་སྐྱེས་དོན་ཡང་དེ་ཡིན།དེས་ན་དངོས་ཡོད་ཀྱི་རྣམ་པ་འདི་བསྒྱུར་དགོས་ན།སྙན་ངག་འདི་གཙོ་བོ་ན་གཞོན་ལ་ཁ་ཕྱོགས་དགོས་ཤིང་རང་གི་དངོས་ཡོད་ཀྱི་གནས་བབ་སྟེང་ནས་འཛམ་གླིང་དང་དུས་རབས་ལ་ཁ་ཕྱོགས་པ་དེ་དག་གལ་ཆེ་བར་འདོད།རྒྱུ་མཚན་ཡང་འཛམ་གླིང་དེང་རབས་རྩོམ་རིག་གི་ལོ་རྒྱུས་ལ་རགས་ཙམ་ཞིག་བལྟས་ན།ན་གཞོན་གཙོར་བྱས་ཏེ་དེང་རབས་རྩོམ་རིག་གི་གྲུབ་མཐའ་སྣ་ཚོགས་དར་ཅིང་བསྒྲགས་གཏམ་གང་མང་སྤེལ།ཚོགས་པ་བཙུགས།བྱ་འགུལ་སྣ་ཚོགས་སྤེལ་པས་རྩོམ་རིག་གི་མདུན་ལམ་ཡངས་ཤིང་རྒྱ་ཆེར་ཕྱེ་བས་རྩོམ་རིག་ལ་རྩོམ་རིག་གི་ཕན་ནུས་ཀྱང་བླ་ལྷག་ཏུ་ཐོན་ཡོད་པ་གསལ་བོ་རེད།གཞན་ལ་དཔེ་བལྟས་ནས་རང་ལའང་བཅོས་བསྒྱུར་རེ་འབྱུང་ཨེ་ཐུབ་སྙམ་པའི་བློ་དེ་དུས་རྒྱུན་དུ་སྐྱེས་དང་སྐྱེ་བཞིན་ཡོད།དེ་བས་ན་ང་ཚོའི་སྙན་ངག་གསར་བ་སྟེ་སྲོལ་རྒྱུན་དང་དེང་རབས་ཀྱི་བར་ན་ཉམ་ཆུང་གིས་ལུས་ཡོད་པ་འདིར་དེང་རབས་ཀྱི་རང་ལ་འཚམ་པའི་ཐབས་ལམ་རེ་འཚོལ་བ་ཡིན་ན།ང་ཚོའི་སྙན་ངག་གསར་བའི་མདུན་ལམ་དང་ཕན་ནུས་ཀྱང་ཆེན་པོ་ཡིན་མི་སྲིད་པའི་ངེས་པ་མེད་སྣམ།སྤྱིར་རྒྱལ་ཁབ་དང་མི་རིགས།ཁེ་ལས།རྩོམ་རིག་གང་ལ་མཚོན་ན་ཡང་ཕན་ཚུན་འགྲོ་འོང་དང་བརྗེ་རེས།འགྲན་རྩོད།མཉམ་ལས་བཅས་བྱེད་རྒྱུ་དེ་ཧ་ཅང་གལ་ཆེ་ཞིང་དེ་དག་ཕན་ཚུན་རྟེན་ཅིང་འབྲེལ་བར་གནས་ཡོད་སྙམ།དེ་དག་གི་སྟོབས་ཤུགས་ཀྱིས་ཡོད་ཚད་ལ་གསོན་ཤུགས་རྒྱས་སུ་འཇུག་ཐུབ་པས།སྙན་ངག་གི་ལས་ཀ་འདི་མི་ཉུང་ཤས་ཤིག་གི་དགའ་ཁ་འཁྱེར་ཕྱོགས་ཙམ་ཞིག་མ་ཡིན་པར་ང་ཚོའི་ཐུན་མོང་གི་ལས་ཀ་ཞིག་ཏུ་འགྱུར་ཐུབ་ན་ཅི་མ་རུང་སྙམ་ཞིང་།རྗེས་སུ་རིམ་བཞིན་དེ་ལྟ་བུ་ཞིག་ཏུ་འགྱུར་ཐུབ་པར་ཡིད་ཆེས་ཀྱང་ཡོད།མཇུག་མཐར་བདག་གི་རེ་བ་ནི་བོད་ཀྱི་སྙན་ངག་གསར་བ་འདི་ཉེ་རིང་ཆགས་སྡང་དང་བསྟོད་སྨད།རྙིང་ཞེན།བག་འཁུམས།མཁྲེགས་འཛིན།ལམ་ལོག་བཅས་དང་གཏན་ནས་གཏན་དུ་གྱེས་པར་ཤོག་ཅེས་སྨོན་པའོ།།
  • ལེ་ཚན་སྔོན་མ།:དཔེ་དོན་གྱི་ཁྱད་ཆོས་བསྡུར་ཚུལ།
  • ལེ་ཚན་རྗེས་མ།:རྩོམ་པའི་ཁོར་ཡུག་ན་གྲག་པའི་ན་ཟུག་གི་འཁུན་སྒྲ།
  • དོ་སྣང་ཆེ་བའི་རྩོམ།