རྩོམ་པའི་ཁོར་ཡུག་ན་གྲག་པའི་ན་ཟུག་གི་འཁུན་སྒྲ།

ཁྲོ་ནུར་བློ་སྦྱིན།    སྦྲང་ཆར།    2012-07-18

རྩོམ་པའི་ཁོར་ཡུག་ན་གྲག་པའི་ན་ཟུག་གི་འཁུན་སྒྲ།

དུས་རབས་འདི་ལྟ་བུར་རྩོམ་པའི་གནས་ལ་འཇུག་རྒྱུ་ནི་ཤེས་ལྡན་མི་སྣ་སུ་ཡིན་ཀྱང་འབྱོལ་དུ་མེད་པའི་སྤྱི་འགྲོས་ཀྱི་ལམ་བུ་ཞིག་རེད།རྒྱུ་མཚན་མཁས་དབང་དོན་གྲུབ་རྒྱལ་གྱི་གསུང་ལྟར།དེ་ལ་སྤྱི་འདུས་ཀྱི་རང་བཞིན་དང་ལག་ལེན་གྱི་རང་བཞིན་ཧ་ཅང་ཆེན་པོ་ཡོད་པ་རེད།རྩོམ་བཟང་བོ་ཞིག་འདྲི་འདོད་ན།ཐོག་མར་ལྟ་རྒྱ་མཐོང་རྒྱ་ཆེ་དགོས་ཤིང་།བསམ་བློའི་ཆུ་ཚད་དང་།འཚོ་བའི་ཉམས་མྱོང་།སྤང་བླང་གི་རྣམ་དཔྱོད།གོ་བརྡ་སྤྲོད་པའི་ནུས་པ་སོགས་ཕྱོགས་གང་ཅིའི་ཐད་ནས་ཡོན་ཏན་འཛོམ་དགོས་གསུངས་པ་ལྟར།ངེས་པར་ཡོན་ཏན་དེ་དག་གསོག་སྒྲུབ་ཀྱི་སློབ་སྦྱོང་གི་བརྒྱུད་རིམ་ངེས་ཅན་ཞིག་གཉེར་དགོས་པ་མ་ཟད།བསམ་བློའི་ལང་ཕྱོགས་ལའང་བཙོ་སྦྱང་གི་ནུས་པ་མི་དམན་པ་ཐོན་དགོས་པ་རེད།ཆེད་ལས་རྩོམ་པ་པོ་ཞིག་མིན་ནའང་ཁོའི་ཕྱོགས་གང་ཅིའི་ཐད་ཀྱི་ཡོན་ཚད་དེ་མ་མཐའ་ཡང་ཅུང་བཟང་བའི་གྲས་སུ་གཏོགས་དགོས།དེ་མིན་ཚེ་ཁོའི་རྩོམ་གྱི་རྒྱབ་ལྗོངས་སྟོང་བར་སོང་བས་སྤྲང་པོས་ཤོམ་བྱས་པ་ལྟ་བུར་གྱུར་ཡོད་པ་རེད།ད་དུང་དེ་ལས་ཀྱང་གལ་ཆེ་བ་ནི་རྩོམ་པ་པོ་ཞིག་ཡིན་ཕྱིན་ཁོའི་བརྩམས་ཆོས་ཀྱི་ཁ་ཕོ་དང་འཚམ་པའི་སེམས་ཁམས་དང་།མི་གཤིས།འགྲོ་སྟངས་སོགས་ངེས་པར་ཡོད་དགོས།དེ་མེད་ཚེ་སྡོམ་ཁྲིམས་མེད་པའི་གྲྭ་པས་ཆོས་བཤད་བྱས་པ་ལྟ་བུའི་ཕྱི་ནང་འགལ་པའི་ངོ་ཚ་ཆེན་པོ་ཞིག་རེད།ང་ཚོས་སྒེར་གཉེར་གྱི་སྙན་དེབ་མང་བོ་རླུང་རྟ་དཔར་དཔར་བྱེད་ཀྱིན་ཡོད་ནའང་རྩོམ་པ་པོ་མང་ཆེ་བའི་རྩོམ་པའི་ཆུ་ཚད་ནི་ལས་དང་པོ་བའི་ལད་ཟློས་ཀྱི་དཔེར་བརྗོད་ལྟ་བུ་ཞིག་ལས་ཐོན་མེད།དེ་བས་རྩོམ་པ་པོའི་བསམ་བློ་དང་འཚོ་བའི་ཉམས་མྱོང་སོགས་དེ་ལས་ཀྱང་ཞན་པ་བཤད་མི་དགོས།ཤེས་རབ་ཕྲ་མོའི་སྐད་ཆ་དེ་ལྟ་བུས་སྤྱི་ཚོགས་ཁོར་ཡུག་ལ་ཕན་པ་ཅི་ཡང་མི་འབྱུང་བའི་ཁར་ད་དུང་ལམ་ཕྱོགས་དང་མིག་ལྟོས་ངན་པའི་ཕུང་བོ་སྤུང་སྲིད་པར་མ་ཟད།རང་ཉིད་ལའང་བླུན་པོའི་ང་རྒྱལ་སྐྱེ་བྱེད་དང་ཆོག་ཤེས་ཀྱི་བཀག་རྡོ་བསླངས་པ་རེད།དེས་ན་རང་ཉིད་ཀྱིས་སློང་སྐྲུན་བྱས་པའི་ན་ཟུག་གི་གླུ་སྒྲ་མང་བོ་དུས་དེབ་དང་ཚགས་པར་སོགས་ནས་ལེན་རྐྱང་བྱས་ན་དེ་དག་གི་ཁོར་ཡུག་ན་ང་ཚོའི་ཡང་ལྕི་རྒྱ་མར་འཇལ་བའི་ཀློག་པ་པོ་གང་མང་ཞིག་ཡོད་པས།ནམ་ཞིག་ན་ང་ཚོའི་དོན་དངོས་ཀྱི་རིན་ཐང་དེ་ཁོ་ཚོས་དཔྱད་སྟོབས་དང་ང་ཚོའི་རྩོམ་ཡིག་ལས་ཤེས་ཡོང་ལ།རྩོམ་པ་པོའི་བསམ་བློ་དང་མི་གཤིས་སེམས་ཁམས་གཟི་བརྗིད་ཀྱི་འགྲོ་སྟངས་སོགས་ཀྱང་རང་ཉིད་གར་སོང་གི་རྐང་རྗེས་དང་མི་རྣམས་གླེང་ཕྱོགས་ཀྱིས་ཐག་བཅད་ཡོང་།དེང་སང་ས་ཆ་ལ་ལར་རྩོམ་པ་པོ་ཞིག་ཡིན་ཕྱིན་སྨྱོན་པ་མགོ་ཡང་མི་ངན་ཐ་ཤལ་ཞིག་ཡིན་པའི་ལྟ་བ་ཡོད།དེ་ནི་ཁ་ཕོ་མཐོ་ཡང་ལག་ལེན་དམན་པའི་རྩོམ་པ་པོའི་མིང་བྱང་འཛིན་མཁན་འགས་བཞག་པའི་ཡ་ང་བའི་རྐང་རྗེས་རེད།ང་ཚོ་ཤེས་རིག་གི་མངར་བཅུད་མྱངས་ནས་མི་རིགས་ཀྱི་བདེ་སྡུག་རྟོགས་ཤིང་གདོང་མཆོང་པར་ཁས་ལེན་པའི་གོ་ས་མཐོན་པོ་ན་འདུག་རྐྱང་བྱས་ཡོད་པའི་རང་ཉིད་ཀྱི་ལུས་ངག་ཡིད་གསུམ་ལ་ངེས་པར་གཞན་ལས་འཕགས་པའི་ཁྱད་ཆོས་ཡོད་དགོས།ང་ཕྲད་ཕྱོགས་དང་ངས་ལྟ་ཕྱོགས་ཡིན་ན།རང་ཉིད་ཀྱིས་སྙན་དེབ་དཔར་རྒྱུར་རྔམ་པའི་རྩོམ་པ་པོ་མང་ཆེ་བར་སེམས་རྒྱ་ཧ་ཅང་དོག་ལ་འཁུ་འཁྲིག་དེ་བས་ཆེ།དེ་ནི་སྙན་གྲགས་དང་ཟོལ་བསྟོད་ཁོ་ན་སྙིང་ཁོང་དུ་དམུར་རྐྱང་བྱས་པའི་རྟགས་མཚན་དུ་མཐོང་།ང་ཚོའི་དུས་རབས་འདིའི་གངས་ཅན་པའི་རྩོམ་སྟེགས་དེ་གཡུ་བྱུར་དང་སྲམ་སློག་གཡར་མས་རང་ཉིད་ངོམ་སོ་བྱེད་པའི་འཁྲབ་སྟོན་པའི་ཤོམ་སྟེགས་ལྟ་བུར་སོང་ཡོད་པ་ང་ཚོ་་རང་ཉིད་ལའང་ངོ་གནོང་དགོས་པའི་ནོར་འཁྲུབ་ཞིག་རེད།ང་ཚོས་ཁ་སང་དེ་རིང་གླེང་གིན་ཡོད་པའི་ལོ་རྒྱུས་ཀྱི་ནོར་འཁྲུལ་ནི་སྲོལ་རྒྱུན་འཛིན་པའི་གཞུང་སྒེར་གྱི་རུལ་སུངས་ཀྱི་དཔུང་སྡེ་ཞིག་རེད་ཟེར།འོ་ན་ང་ཚོའི་རྗེས་རབས་པ་ཚོའི་རྗེས་རབས་པས་གླེང་རྒྱུའི་ལོ་རྒྱུས་ཀྱི་ནོར་འཁྲུལ་དེ་ཅི་ཞིག་ཡིན་རྒྱུ་རེད།ཞིབ་ཏུ་བསམས་ན་ཡིད་སྐྱོ་དགོས་པའི་ཆ་རེ་མེད་དམ།སྐྱུག་བྲོ་ཞིང་ལད་པ་ཁོང་རུལ་གྱུར་པའི་མདུན་ལྗོངས་དེས་ཚད་ལྡན་གྱི་རྩོམ་པ་པོའི་ཞིག་བྱེད་པར་ཅི་འདྲའི་འགལ་རྐྱེན་བཟོས་ཡོད།སློབ་གྲྭའི་ཁོར་ཡུག་ནས་འཚར་ལོངས་བྱུང་བའི་རྩོམ་པ་པོའི་ཁྲོད་ན་ཐོབ་དང་གོ་སས་མ་བསླུས་པ་ག་ཙམ་ཡོད།དགོན་སྡེའི་ཁོར་ཡུག་ནས་འཚར་ལོངས་བྱུང་བའི་རྩོམ་པ་པོའི་ཁྲོད་ན་ཟང་ཟིང་དང་སྦྱིན་བདག་གི་འབྱོར་བས་མ་བསླུས་པ་ག་ཙམ་ཡོད།དེ་ལྟར་སྙན་གྲགས་དང་འབྱོར་ཕྱུགས་གི་བྲན་གཡོག་ཏུ་གྱུར་པའི་ཉམ་ཆུང་གི་དཔུང་སྡེ་དེས།འཇིག་རྟེན་ལ་མཛེས་སྡུག་གི་ལོངས་སྤྱོད་ཇི་ལྟར་བསྐྲུན།མི་རིགས་ཀྱི་བདེ་སྡུག་གླུ་རུ་ཇི་ལྟར་ལེན།ལོ་རྒྱུས་ཀྱི་ཉམས་རྒུད་ཇི་ལྟར་གསོ།དེའི་ཕྱིར།ཕྱི་རབས་པའི་ང་རྒྱལ་དུ་བརྩིས་ཆོག་པའི་ནོའུ་པེལ་བྱ་དགའ་ཡང་ང་ཚོ་ལ་མཚོན་ན་ལྷའམ་ཅི་ཞིག་གིས་སྤྱོད་བཞིན་པའི་བདུད་ཇི་བཞིན་ད་དུང་ཅི་འདྲའི་རྒྱང་རིང་།ང་ཚོས་དུས་རྒྱུས་གྲི་ཡི་རྣོ་དབལ་གྱིས་རང་ཉིད་ལ་བླ་སྲོག་སྩོལ་བའི་སྲོལ་རྒྱུན་ལ་གཤག་བཅོས་བྱེད་པ་ལས།རང་ཉིད་དང་རང་ཁོང་གི་མུན་པར་ཉལ་བའི་བསླུ་བྲིད་ཀྱི་ན་ཟུག་ལང་ས་དེ་ལ་གཤག་བཅོས་ཤིག་བྱེད་འོས།ཕྱི་རོལ་རྐྱང་རྐྱང་ལ་བསྲིངས་པའི་ལག་པ་དེ་རང་ཉིད་ཀྱི་དང་གར་ཞོག་དང་།ང་ཚོས་སྔོན་ཆད་བཙལ་མ་མྱོང་བའི་གསང་བ་སྣ་ནག་མ་ཞིག་གཅོམ་བཅག་པའི་ཚུལ་གྱིས་དེ་ན་བསྐུངས་ཡོད་ཀྱང་སྲིད།
༼དངོས་སྦྱོང་སློབ་མ་ཀརྨ་མཚོ།༽
  • ལེ་ཚན་སྔོན་མ།:ང་ཚོས་བསམ་བློ་ཡག་པོར་གཏོང་དགོས།
  • ལེ་ཚན་རྗེས་མ།:འཇུ་སྐལ་བཟང་གི་སྙན་ངག༼འདས་དོན༽དང་དེའི་ཕྲན་དཔྱད།
  • དོ་སྣང་ཆེ་བའི་རྩོམ།