སྒེའུ་ཁུང་དང་གྱང་གི་ཕྲན་དཔྱད།
རེ་རྐང་གླིང་། དགེ་འདུན་ཆོས་འཕེལ་དྲ་བ། 2011-08-10
སྒེའུ་ཁུང་དང་གྱང་།
སྒེའུ་ཁུང་ལས་ཁྱོད་ལ་འཇིག་རྟེན་ཞིག་གི་རྒྱབ་ལྗོངས་ཐོབ
སྒེའུ་ཁུང་ལས་ཁྱོད་ལ་རྒྱུ་སྐར་ཞིག་གི་དགོད་སྒྲ་ཐོབ
སྒེའུ་ཁུང་ལས་ཁྱོད་ལ ཆར་བ་མྱོང་འདོད་ཀྱི་ཆགས་སྲེད་ཐོབ
བར་གསེང་མེད་པར་སྲ་མོར་གྲུབ་པའི་དུས་སུ
སྒེའུ་ཁུང་ནི་ཁྱོད་ཀྱི་མིག་ཟུང་ཡིན་ཆོག
དེས་འཛིན་དཀའ་བ་ནི་སྦྲང་མའམ་དུས་ཚོད་ཡིན
ཕྱིར་གཏོང་ཐབས་བྲལ་བའི་དབུགས་ཤིག སྡུག་བསྔལ་དང་འདྲ
ཉེ་རིང་གང་རུང་ནས་བལྟས་ཀྱང
སྒེའུ་ཁུང་ལ་ཁྱོད་རང་གི་ཁྱད་ཆོས་མཆིས
སྐོམ་གྱིན་པའི ཁྱོད་ཀྱི་རྣ་བ་དང་སྙིང་གི་ཁྱད་ཆོས་མཆིས
དེའི་ཕྱིར ཁྱོད་ཀྱིས་རང་སྲོག་མ་བཅད་པའི་སྔོན་དུ་སྒེའུ་ཁུང་ཕྱེས
ལྕགས་ཆས་ཀྱིས་གྲུབ་པའི་རླུང་བུས འཚུབ་ཆ་དང་བཅས
ཁྱོད་ཀྱི་སྒྲོན་མེ་གཟིམ ཁྱོད་ཀྱི་མིག་ཟུང་གཟིམ
སྐབས་རེར ཁྱོད་ནི་འགུལ་གྱིན་པའི་ལྡེབས་རིས་ཤིག
གྱང་ནི་མེ་ལོང་སྟེ དེའི་ནང་དུ་གྱང་ལས་གཞན་ཅི་ཡང་ཤར་མེད
ཞིབ་ཏུ་བསམ་ན ཁྱོད་ཀྱང་མེ་ལོང་སྟེ
དེའི་ནང་དུ་ཁྱོད་ཀྱི་ཀེང་རུས་དང་དཀའ་ཚེགས
གཡོ་སྒྱུ་དང་རྣག་ཁྲག་ཤར་ཡོད
དེའི་ཕྱིར ཁྱོད་ཀྱིས་རང་སྲོག་མ་བཅད་པའི་སྔོན་དུ་གྱང་ཡང་བསྒྱེལ
གྱང་གི་ནང་དུ་གསལ་བའི གྱང་གི་གཟུགས་བཪྙན་བསུབས
མེ་ལོང་གཉིས་དུས་མཉམ་དུ་འཇིག
ཕྱིས་སུ
མི་རྣམས་ཀྱིས་ལྡེབས་རིས་ཤིག་མ་གཏོགས་ཅི་ཡང་མི་གླེང
1999ལོའི་ཟླ་2པའི་ཚེས་6ཉིན་གྱི་《མཚོ་སྔོན་བོད་ཡིག་གསར་འགྱུར》ལས་བདམས།
༼ཕྲན་དཔྱད། རེ་རྐང་གླིང་།༽ སྐྱབས་ཆེན་བདེ་གྲོལ་གྱི་སྙན་ངག་དེ་བོད་ཀྱི་སྙན་ངག་གསར་བའི་ལོ་རྒྱུས་ཁྲོད་དབང་བོར་སྐྲག་སློང་མཁན་གྱི་སྙན་ངག་ཅིག་ཏུ་ཤོད་ཀྱིན་ཡོད་པ་ནི། བལྟས་མ་ཐག་མཛེས་ཚོར་གྱི་འདེགས་ཤུགས་ཤིག་གིས་མགོ་ནས་མཇུག་བར་དུ་ཀློག་སྤྲོ་བོ་ཞིག་ཡིན་ནའང་། བཀླགས་ཏེ་མཐའ་ལ་ཐོན་དུས་སུ་རང་གི་ཀླད་པའི་རྒྱུད་ལ་འབྱམས་པའི་བག་ཆགས་དེ་སྣང་མིན་གསལ་མིན་དུ་ནག་ཐོམ་སེར་འགྱུར་བ་དེ་རེད་ལ། གཞུང་ཤུགས་དེས་བསྐྱེད་པའི་ངམ་ནག་གི་ཧམ་སེམས་ཀྱིས་སྙན་ངག་དེ་ཡང་བསྐྱར་ཀློག་དུས་སུ་ད་གཟོད་སྙན་ངག་རང་སྟེང་གི་ཁྱད་ཆོས་དེ་གཙོ་བོ་བརྩམས་ཆོས་སྤྱི་བམ་གྱི་རང་ངོས་ནས་བསྟན་པ་མ་གཏོགས་ཚིག་གི་ཞུན་བརྡར་དང་མཚོན་བྱེད་ཀྱི་སྡེབ་བརྩེགས་ཁྲོད་དུ་མངོན་མེད་པ་ཞིག་ཏུ་གྱུར་འགྲོ་མོད། སྣང་ཚུལ་དེའི་རིགས་གཙོ་བོ་ཀློག་པ་པོ་རང་གི་མིག་དབང་གི་ཤེས་ཚད་དང་རྣ་དབང་གིས་ཟིན་ཚད་ཅིག་ལ་རག་ལས་པ་མ་གཏོགས་སྙན་ངག་རང་སྟེང་གི་སྐྱོན་དུ་བལྟ་མི་རུང་བར་སེམས། དེ་བས་ན་གོང་གསལ་སྙན་ངག་《སྒེའུ་ཁུང་དང་གྱང》ཞེས་པ་ལྟ་བུའི་ཁོང་གི་གསར་རྩོམ་ཐོག་མའི་དུས་ཀྱི་བརྩམས་ཆོས་དག་བཀླགས་པ་ཡིན་ན་ཧ་གོ་ཡོང་ངེས་ཏེ། གཅིག་ནས་ཕྱི་ཡུལ་དང་རང་སྣང་གི་དབྱེ་བ་དགར་དུ་ཡོད་པ་ནས་ཤུགས་མཚོན་གྱི་ཡིད་བཪྙན་དག་ལ་བརྡ་བྱེད་ཀྱི་གསལ་ཁ་རང་བཞིན་ཅུང་ཕྱེས་ཡོད་པས་ན་གོ་བ་རྒྱག་སླ་ཞིང་། གཉིས་ནས་གཟུགས་ཅན་དང་གཟུགས་མེད་ཀྱི་བསྡུར་བའི་གསལ་བཤད་དེས་དོན་གྱི་རྒྱབ་ལྗོངས་ཧྲིལ་བོ་ཨེན་ཙམ་གོ་ཡོང་གིན་རེད་བསམ།
སྤྱིར་ན་སྒྱུ་རྩལ་གྱི་བླ་གནས་མཐོ་བའི་སྙན་ངག་བརྩམས་ཆོས་གང་དང་གང་ཞིག་ཡིན་པས་ཀྱང་གཙོ་བོ་སྙན་ངག་པ་གང་དེའི་འཇིག་རྟེན་ལྟ་ཚུལ་དང་ཉེ་བར་འབྲེལ་ནས་ཡོད་ཅིང་། དགའ་སྐྱོ་ཆགས་སྡང་གི་འཕོས་ཚུལ་ལྟར་ཚོར་བས་ཟིན་ས་དེ་གཞན་དང་ཐུན་མོང་མ་ཡིན་པ་ཞིག་ཏུ་སྟོན་གྱིན་ཡོད་ལ། སྨྲ་བསམ་བརྗོད་འདས་ཀྱི་སེམས་དོན་མང་པོ་ཞིག་གིས་ཐ་སྙད་ཀྱི་ཕྲེང་རིམ་དེ་བསྡུས་གཟུགས་ཅན་དང་། སྤྱི་མཚན་ཅན་གྱི་གསར་བཏོད་ཀྱི་ལམ་ཁ་ཞིག་ལ་ཚོད་ལྟ་བྱེད་ཀྱིན་ཡོད་པ་དེ་བཞིན་སྙན་ངག་བརྩམས་ཆོས་འདིས་ཀྱང་འཇིག་རྟེན་ཀྱི་བྱ་དངོས་ཡོད་དོ་ཅོག་ཟིན་ཚད་དུ་རང་གིས་མེ་ལོང་ལ་བལྟ་བའི་གཟུགས་ཤེས་ལྟར་མཛེས་ཚོར་གྱི་སེམས་ཁམས་དེ་ནམ་དུ་ཡང་རང་གི་རྣམ་རྟོག་ཅིག་ལ་ངེས་བཟུང་པ་ནས་ཆོས་དང་བདག་ཉིད་གཞི་གཅིག་ཏུ་འབྲེལ་བའི་ཡག་སྣང་གི་འབྲེལ་བ་དེ་མཚོན་ནས་ཡོད་འདུག
ཡིད་བཪྙན་གྱི་མཛེས་པ་དེ་སྤྱི་ཚོགས་ཀྱི་མཛེས་པའི་ངོ་བོར་འཐིམ་གྱིན་པ་ལ་ཡག་སྣང་རིག་པའི་རྩ་བར་སྙན་ངག་གསར་བའི་ལས་འགུལ་དེ་དོན་གྱི་རྒྱབ་ལྗོངས་འདྲེན་པའི་ལོ་རྒྱུས་ཀྱི་འཕེལ་རིམ་ཞིག་ཏུ་བཤད་ཀྱིན་པ་དེ་བཞིན་སྙན་ངག་འདིས་ཀྱང་ལྷིང་གཟུགས་དབྱིབས་ཀྱི་སྤྱི་ཁོག་གི་མཛེས་པ་ཞིག་གིས་ཕྱི་ཡུལ་དང་རང་སྣང་གི་བར་ཐག་དེ་ལ་ཐོལ་བརྒལ་གྱི་ལམ་གསར་ཞིག་ཕྱེས་ནས་ཡོད་པ་ནི། སྙན་རྩོམ་མགོ་བརྩམས་མ་ཐག་ཏུ་སྒེའུ་ཁུང་ལས་འཇིག་རྟེན་ཞིག་གི་རྒྱབ་ལྗོངས་དང་རྒྱུ་སྐར་གྱི་དགོད་སྒྲ། ཆར་བ་མྱོང་འདོད་ཀྱི་ཆགས་སྲེད་བཅས་བཀླགས་ན་འདེགས་ཤུགས་ལྡན་ཡང་བསམ་ན་འདྲེས་འཛིང་ཆེ་བའི་ཡིད་བཪྙན་གྱི་ཚོགས་པ་ཞིག་གྲུབ་ནས་ཡོད་ཅིང་། དེ་དག་ལ་དངོས་དོན་གྱི་གསལ་ཁ་གང་ཡང་མི་འབྱེད་པར་བློ་སྟོབས་ཆེན་པོས་སྦྲང་མ་དང་དུས་ཚོད། སྡུག་བསྔལ་སོགས་ཐ་སྙད་རང་སྟེང་གི་ཁྱད་ཆོས་མི་མཚུངས་པའི་མིང་བརྡ་འགའ་ཕྱོགས་གཅིག་ཏུ་བསྡུས་པ་འདིས། སེམས་ཁམས་ཀྱི་ཡིད་བཪྙན་དེ་འདུ་ཤེས་འཛིན་སྟངས་རིགས་ཤིག་གི་སྐས་རིམ་དུ་འཕར་བའི་ཆོས་ཉིད་མཚོན་ཡོད་ཅིང་། འདུ་ཤེས་དེས་བསྐྱེད་པའི་ཀུན་རྟོག་གིས་སྒེའུ་ཁུང་དེ་སྔར་གྱི་མིག་ཟུང་ལྟ་བུ་ཞིག་ཏུའང་མི་སེམས་པར་དེ་ཉིད་གཤིས་ཀ་ཅན་གྱི་སེམས་ཅན་ཞིག་ཏུ་འཕྲུལ་བའི་བསྡུར་བ་དེ་ད་གཟོད་འདུ་ཤེས་སྤྱི་མཚན་པའི་ངོ་བོ་དེ་ཤེར་རྟོག་གི་སྒྱུ་རྩལ་ཁྲོད་བསྐྱོད་ཟིན་པའི་གོམ་པ་དང་པོ་རེད་ལ། དེ་ལས་རླུང་དང་སྒྲོན་མེ། ལྡེབས་རིས་སོགས་རྟེན་འབྲེལ་གྱི་ལུང་ཚིག་མང་པོ་བཀོད་པ་དེས་མཚོན་དོན་གྱི་གབ་སྦས་དེ་སྣང་མིན་གསལ་མིན་དུ་ཕྱིར་སྟོན་གྱིན་ཡོད་ཅིང་། རང་ཉིད་ཀྱི་ཆགས་སྡང་དེ་དངོས་པོའི་ལྷུམས་སུ་བཅུག་ནས་དངོས་པོའི་ཚེ་སྲོག་གི་རིན་ཐང་ལྟ་ཚུལ་དེས་རང་གི་ནང་སེམས་ཀྱི་འགལ་འདུ་དེ་མཚོན་ནས་ཡོད།
རྒྱ་ཆེན་གཏིང་ཟབ་ཀྱི་ཡིད་བཪྙན་ཚོགས་པ་དེས་ཀློག་པ་པོར་ལྗིད་ཏིག་ཏིག་གི་མྱོང་སྣང་ཞིག་སྟེར་ངེས་ལ། སྙན་ངག་གི་བྲོ་བ་དེ་ཡང་ཕུན་སུམ་ཇེ་ཚོགས་སུ་འགྱུར་བས་ན་ཁྱབ་ཁོངས་ཇེ་ཆེ་དང་བསྟན་དོན་ཇེ་སྟུག་ཏུ་འགྱུར་བས། བླ་གནས་ཀྱི་ཟིན་ཚད་དེ་ཡང་ཁ་ཇེ་དམ་དང་ཚགས་ཇེ་ལྷོད་དུ་འགྱུར་བ་ནི་སྙན་ངག་བརྩམས་ཆོས་འདིའི་ཉམས་འགྱུར་སྣང་མཚོན་གྱི་ཡིད་བཪྙན་ལ་སྲོག་ཞུགས་པའི་བར་བརྒལ་དེ་ཡིན་པར་འདོད།
ཚན་པ་བཞི་བའི་ཡིད་འགྱུའི་འདེགས་ཤུགས་དེས་གོང་གི་ཡིད་བཪྙན་དེ་འདུ་ཤེས་འཛིན་སྟངས་རིགས་ཤིག་གི་སྐས་རིམ་དུ་འཕར་བ་ནས་འདུ་ཤེས་སྤྱི་མཚན་པའི་ངོ་བོ་དེ་ཤེར་རྟོག་གི་སྒྱུ་རྩལ་ཁྲོད་བསྐྱོད་ཟིན་པར་དངོས་གཟུགས་ཀྱིས་གསལ་ཁ་བཏོན་པ་ནི་སྒེའུ་ཁུང་དང་འབྲེལ་ནས་ཡོད་ཅིང་སྒེའུ་ཁུང་དང་འབྲེལ་བ་ཅི་ཡང་མེད་པའི་གྱང་གི་ངོ་བོ་དེ་འགྲེལ་བརྗོད་ཀྱིས་དེ་ཉིད་སྐམ་ཞིང་གྱོ ང་ལ་འགུལ་སྐྱོད་ཀྱི་ནུས་པ་ཅི་ཡང་མེད་པའི་ཕུང་གསོག་ཅིག་ཏུ་བཤད་དེ་རང་བཞིན་ཁ་ནང་གཏད་ཀྱི་མེ་ལོང་ཞིག་ལྟར་དུས་ཚོད་ཀྱི་སྤྱོད་སྒོ་མེད་པའི་ཕམ་ཁ་དེས་གཡོ་སྒྱུ་དང་རྣག་ཁྲག་གསོག་བཞིན་ཡོད་པས་ན། རང་གིས་རང་ལ་བློ་གསལ་རྒྱག་དགོས་པའི་ཚད་དུ་བལྟས་ཡོད་ཅིང་། མི་དགའ་བའི་རྣམ་འགྱུར་མཚོན་སྟེང་དེ་སྙན་ངག་པའི་རྩོལ་བའི་སྦྱོར་བ་ལྟར་སིམ་ནུབ་ཏུ་བྱས་ནའང་། འཇིག་རྟེན་གྱི་བྱ་དངོས་མཐའ་དག་རྟེན་ཅིང་འབྲེལ་བའི་གནས་ལུགས་ཟབ་མོ་ཞིག་གིས་ཡོངས་སུ་བཅིངས་ནས་ཡོད་པས། དབུགས་དབྱུང་གི་གོ་སྐབས་དེ་རེག་ཐབས་མ་བྱུང་བ་ནི་མེ་ལོང་གི་ཆགས་འཇིག་ལས་གསལ་བོར་མཚོན་ཡོད་པ་རེད།
སྙན་ཚིག་འདི་གོང་འོག་བསྡུར་བའམ་ཡང་ན་སྒེའུ་ཁུང་དང་གྱང་གི་སྣང་མཚོན་ལྟར་འགལ་འདུའི་སེམས་ཁམས་ཞིག་གིས་ཕུགས་ཀྱི་ཡང་ཏིག་སྙིང་བོར་གཅར་འདོད་པའི་སེམས་ཁ་ཅན་ཞིག་ཡིན་ནའང་། སྒེའུ་ཁུང་ཕྱེ་བ་དང་གྱང་བསྒྱེལ་བ་གཉིས་གང་ཡིན་ཡང་རང་རྒྱུད་ལ་བཞག་པའི་དགེ་བའི་ཁྱབ་ཁུངས་མི་འདྲ་ནའང་། ཕྱི་རོལ་གྱི་ཤུགས་རྐྱེན་ངན་པའི་ཁ་རླུང་དང་ནང་གི་རྫོབ་ཅིང་སྟུག་པའི་བག་ཆགས་ངན་པ་དེས་སྙན་ངག་པའི་དྭངས་གཤིས་ཀྱི་ཀློང་དུ་འཚོལ་གྱིན་པའི་མཐར་ཐུག་ཅིག་ལ་ཐོན་རྒྱུ་མེད་པ་དེས་ཀློག་པ་པོ་དག་ལ་དབུགས་འགག་པར་བྱེད་པའི་དངངས་སྐྲག་སློང་ཞིང་། སྙན་ངག་གི་བླ་ན་མེད་པའི་གབ་སྦས་ཀྱི་སྒྱུ་རྩལ་འཚོལ་སྙེགས་དེ་ཕྱོགས་ཙམ་བསྟན་ནས་ཡོད་དོ།།