རང་གྲོལ༽དུས་དེབ་ཀྱི་གླེང་གཞི། དང་པོ།
གངས་ཞུན། དགེ་འདུན་ཆོས་འཕེལ་དྲ་བ། 2011-08-10
མི་ནི་ཞབས་མེད་ཀྱི་ཆུ་བོ་ཞིག་གམ་མཐའ་མེད་ཀྱི་རི་བོ་ཞིག་ཡང་ན་ཞིག་མེད་ཀྱི་དགུ་མདུད་ཅིག་ཡིན་པའི་དབང་དུ་བཏང་ན། གནམ་འོག་འདི་ན་རང་ཉིད་ལས་བརྒལ་ཞིང་རང་ཉིད་ལས་ཐར་ནས་རང་ཉིད་གྲོལ་ཐུབ་མཁན་དུ་ཡོད་དམ། འཁོར་བའི་ཐང་རྒོད་དུ་ག་ལེར་བལྟས་ཏེ།དགུ་མདུད་སྟོང་གི་དཀྱིལ་འཁོར་ན།ཡ་ང་བའི་དཀའ་ཁག་གི་གཏམ་རྒྱུད་མང་བོ་དུམ་བུ་དུམ་བུར་ཆད་དེ་འགྲོ་བའི་མོས་པ་ཆེས་ཆེར་དཀྲུག་བཞིན་ལྟད་མོར་གཡེང་བའི་སྐབས་ཤིག་ན། ན། བཀའ་ནན་གང་ཞིག་སྤྱི་བོར་བབས་ཏེ༼རང་གྲོལ༽ཞེས་པའི་རྩོམ་རིག་ཆེད་དེབ་འདི་བསྒྲུབ་པའི་སྟ་གོན་བརྩམས་པ་ལགས་ཏེ། ཞིབ་ཏུ་བརྩིས་དུས་དེ་ནི་ཏག་ཏག་བདག་ཅག་གི་སྟོན་པ་ཐུབ་པའི་རྒྱལ་བོ་བྱས་དང་མ་བྱས་པའི་མདུད་པ་མཐའ་དག་ལས་རང་སར་གྲོལ་ནས་རང་དབང་ཆོས་ཉིད་ཀྱི་ཕ་ཡུལ་དུ་རྒོད་པོ་བཞིན་ཅི་དགར་ལྡིང་བའི་ཉིན་ལ་ཁེལ་བ་སྟེ་འདི་ནི་ཆེས་ཐོག་མའི་ངེད་ཅག་གི་རང་གྲོལ་ལགས།
ཡིད་ཕངས་པ་ཞིག་ལ། གྲུབ་འབྲས་ལ་ལོངས་སུ་སྤྱོད་པའི་དེ་རིང་། ས་བོན་འདེབས་མཁན་དང་ཞིང་རྨོ་མཁན། ལུད་འཇོག་མཁན།གཙང་སྦྲ་མཁན། གསོ་སྐྱོང་བྱེད་མཁན་གྱི་སྐྱེ་བོ་སྙིང་ཉེ་བ་དེ་དག་ང་ཚོ་དང་རིང་དུ་གྱེས་ནས་ཐག་རིང་དུ་བཞུད་ཟིན། ངས་དྲིན་དྲན་པའི་གདུང་སེམས་ཀྱི་མཆི་མ་དང་བཅས་ཏེ་སྤྲེའུ་བྲག་སྲིན་ནས་སྐུ་ཞབས་རང་གྲོལ་བར་གྱི་ངའི་མེས་པོ་ཡིད་དུ་འོང་བ་དེ་དག་རེ་རེའི་མིང་ནས་འབོད་བཞིན་གླེང་གཞི་འདི་ཤར་མར་བྲིས་པ་སྟེ། འདི་ནི་ལོ་རྒྱུས་ལ་ཐིམ་པའི་ངེད་ཅག་གི་རང་གྲོལ་རེད།
འདུས་བྱས་ཐམས་ཅད་མི་རྟག་པར་ཁས་འཆེས་ཤིང་། མི་རྟག་པ་ཡིན་ན་བཅོས་སུ་རུང་བར་འདོད་པ་ནི་ངེད་ཅག་གི་འཇིག་རྟེན་ལྟ་བ་སྟེ། རྒྭད་པ་སྐྱོབ་ཅིང་ནོར་བ་བཅོས་ཏེ་འཁྲུལ་མེད་རྨོངས་མེད་ཀྱི་ཞིང་ཁམས་གསར་བ་ཞིག་བསྐྲུན་རྒྱུ་ནི་ངེད་ཅག་གི་འོས་འགན་ལགས་པས། སྤྱི་ཚོགས་འཕེལ་རྒྱས་ཀྱི་རླུང་རླབས་སུ་ངར་གྱིས་བསྐྱོད་དུས།རང་ལ་ཆགས་པའི་རྙིང་ཞེན་གྱི་མདུད་པ་ལྷོད་ཀྱིས་ཞིག་ཅིང་གཞན་ལ་སྡང་བའི་བག་འཁུམས་ཀྱི་མདུད་པ་ཐག་གེར་བཅད་དེ་མིག་གིས་ཁམས་གསུམ་ལ་ལྟ་ཞིང་སེམས་ཀྱིས་འགྲོ་དྲུག་ཟ་བའི་ཐབས་འཕྲུལ་རིག་པའི་གཟེབ་རྒྱ་ཞིབ་མོར་བཀྲམ་ཞིང་། ཆུ་བོ་ཐམས་ཅད་རྒྱ་མཚོ་དང་བྱ་རིགས་ཡོད་ཚད་མཁའ་ལ་ཐིམ་པ་ཇི་བཞིན་ཆེ་ཆུང་དང་རིགས་སོགས་ཀྱི་ཁྱད་པར་མེད་པར་དང་ལེན་གྱིས་འཇིག་རྟེན་ན་ཆེས་མཚར་བའི་རང་གྲོལ་ཞིག་བསྐྲུན་པ་སྟེ་འདི་ནི་དེ་རིང་དང་སང་ཉིན་གྱི་ལག་ན་རྒྱུ་བའི་ངེད་ཅག་གི་རང་གྲོལ་ལོ།།
མདོར་ན། རང་གྲོལ་ནི་རང་གྲོལ་གྱི་ཆེད་དུ་སྟེ། རང་གྲོལ་ནི་རང་གྲོལ་ཁོ་ནའི་ཆེད་དུ་མ་ཡིན་ཏེ། ཆེས་མཐོ་ཞིང་ཆེས་ཟབ་ལ་ཆེས་རིང་བའི་རང་གྲོལ་ཞིག་གི་ཆེད་དུའོ།།
མཇུག་མཐར། དགྲ་དང་བཅས་པའི་ངེད་ཅག་གི་ལུས་ངག་ཡིད་གསུམ་གྱི་མདུད་པ་མཐའ་དག་རང་སར་ཞིག་ནས་རང་བཞིན་གནས་ལུགས་ཀྱི་ཕ་ཡུལ་དུ་གྲོལ་བར་ཤོག་ཅིག་ཅེས་སྨོན་ལམ་ཞིག་ཀྱང་འདེབས་པ་ལགས་སོ།།