གསར་དར་རྩོམ་རིག་སྐོར་གླེང་བ།

གཅན་མེ་སྟག    རང་གྲོལ་ལས་བཏུས།    2011-08-10

དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་བ་ནི་བོད་ཀྱི་རྩོམ་རིག་སྟེགས་བུ་འདི་ལ་མཚོན་ན་དོན་སྙིང་གིས་ཕྱུག་པའི་དཀྱོགས་མཚམས་ཤིག་རེད། ལོ་རབས་དེའི་ནང་དུ་སྙན་ངག་སྤྱིའི་སྒྲིག་གཞིའི་སྟེང་དུ་འགྱུར་ལྡོག་སྔ་ན་མེད་པ་ཞིག་བྱུང་སྟེ། ཕལ་སྐད་རང་བཞིན་གྱི་སྐད་ཆ་དང་རྟོག་བརྙན། རྐང་བས་མ་བཅད་པའི་ཚིག་འགྲོས་སོགས་འབོར་ཆེན་བྱུང་ལ། དེ་ཡང་རང་རེའི་རྩོམ་རིག་སྨྲ་བའི་མཆོག་གྱུར་སྐུ་ཞབས་དོན་གྲུབ་རྒྱལ་ནས་མགོ་བརྩམས་པ་ཞིག་ཡིན་པས་གཅིག་ན་རང་གྲོལ་དུས་དེབ་ཀྱི་ཁ་ཕྱོགས་ས་གཙོ་བོའང་རྩོམ་རིག་གསར་བའི་བརྩམས་ཆོས་ལེགས་ཤོས་དག་ཕྱོགས་བསྒྲིགས་བྱེད་པ་དང་། ལོ་རྒྱུས་རང་བཞིན་གྱི་བརྩམས་ཆོས་འདི་དག་གིས་བོད་ཀྱི་རྩོམ་རིག་གི་རིན་ཐང་དང་ཁྱད་ཆོས་འཛམ་གླིང་ལ་ངོ་སྤྲོད་བྱས་ཏེ། འཕེལ་ཕྱོགས་རང་བཞིན་གྱི་རྒྱུད་འཛིན་ཐད་དུ་ནུས་པ་ཤུགས་ཆེར་འདོན་པའི་དམིགས་ཡུལ་དང་། གཉིས་ན་རིག་གནས་འཆམ་མཐུན་གྱི་ཁོར་ཡུག་ཁྲོད་དུ་བོད་སྤྱིའི་རིག་གནས་ཀྱི་གོ་བབ་ལ་གཙིགས་ཆེན་བྱས་ཏེ་ལེགས་པ་རྒྱུད་འཛིན་དང་གསར་བ་སྐུལ་འདེད་ཀྱིས་བོད་རང་གི་ཐུན་མོང་མིན་པའི་རྩོམ་རིག་གི་བརྩམས་ཆོས་དག་འབྱུང་འགྱུར་གྱི་གནས་བབས་ཇེ་ཡངས་ཇེ་རྒྱས་སུ་འགྲོ་བའི་དམིགས་པ་ཆེ་རུ་ཕྱེས་ཡོད།
སྙན་ངག་དཔུང་སྡེ་ལ་མཚོན་ན། རང་གྲོལ་ལགས་ཀྱི་<<ལང་ཚོའི་རྦབ་ཆུ>>བྱུང་བ་ནས་དཔྱིད་ལ་ལྗང་མྱུག་འབུས་པ་བཞིན་དར་ཁྱབ་བྱུང་སྟེ། རྣམ་པ་གསར་བ་དང་། བློས་བསླངས་གསར་བ། མཚོན་སྟངས་གསར་བ། རིང་ལུགས་གསར་བ་ཞིག་གི་ངོས་ནས་བོད་ཀྱི་རྩོམ་རིག་གི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུརལ། དེ་ཡང་དེང་ག་ཤེས་ཡོན་ཅན་དག་གིས་འཛམ་གླིང་ལ་ངོམས་སུ་རི་བའི་ལེགས་སྐྱེས་དང་རང་སྡེའི་རིག་གནས་ཀྱི་ཁོངས་པར་བསྐྲུན་པའི་གསར་གྱི་ཕྱག་རྗེས་རྨ་མེད་པ་ཞིག་ཏུ་གྱུར་ཡོད། སྙན་ངག་གི་བརྩམས་ཆོས་འདི་དག་བཀླགས་ཤིང་མྱོང་རོལ་བྱེད་དུས་དེ་དག་གི་ངོ་མཚར་བའི་སྣང་བརྙན་དང་ཕུན་སུམ་ཚོགས་པའི་ཚིག་སྦྱོར། སྒྱུ་འཕྲུལ་བཞིན་རྟོག་ལྗོངས་དག་གིས་ཀློག་པ་པོའི་བསམ་གཞིག་གི་སྒོ་འཕར་ཡངས་པོར་བཟོ་ཞིང་། དག་གཙང་དྲི་མས་མ་གོས་པའི་སེམས་ཀྱི་ཞིང་ཁམས་གཡའ་དག་བྲལ་བ་ཞིག་འདྲེན་པར་བྱེད་དེ། སྙན་ངག་པའི་སེམས་གཏིང་རིམ་ནས་བརྡོལ་ཞིང་འོངས་པའི་ཚོར་རྟོག་གི་སྐད་ཆ་རེ་རེ་ཚིག་སྦྱོར་ཡིད་འོང་གི་རྣམ་པར་འཕོས་པའི་སྐད་ཅིག་ཉིད་ལ། བརྩམས་ཆོས་ཀྱི་རྟག་བརྟན་དང་རང་ཉིད་ཀྱི་རྟག་བརྟན། རིག་གནས་ཀྱི་རྟག་བརྟན་ཞིག་ཀྱང་མ་བཅོས་པར་ངང་གིས་ཐོན་ཡོད།
ཀློག་གིན་ཀློག་གིན་དུ་ང་ཚོས་རང་དབང་མེད་པར་སྙན་ངག་གསར་རྩོམ་གྱི་དམིགས་ཡུལ་ཅི་ཡིན་པ་དང་། དེ་ཉིད་ཁ་ཕྱོགས་གང་འདྲ་ཞིག་ཏུ་བགྲོད་དགོས་སྙམ་པའི་དོགས་ཚོམ་ཞིག་དང་དྲི་བ་ཞིག་ཡིད་ལ་འཆར་ངེས་མོད། དེ་ཡང་མི་རང་སྒེར་བའི་དགའ་ཕྱོགས་ཙམ་དང་འདེམ་གསེས་ཙམ། རྒྱན་སྤྲོས་ཙམ་ཞིག་གི་ཐག་མི་ཆོད་ལ། ཡང་དག་པའི་ཚན་རིག་གི་གདམ་གསེས་ཙམ་གྱིས་ཀྱང་ཐག་གཅོད་བྱེད་མི་ནུས། དེས་ན་ཇི་ལྟར་ངོས་འཛིན་སྙམ་ན། བརྩམས་ཆོས་གང་ཞིག་གི་ངོས་ཐད་ནས་རང་བབས་སུ་ཐོན་པའི་དུས་རབས་རང་བཞིན་དང་། གཉུག་གཤིས་རང་བཞིན། རང་བྱུང་རང་བཞིན། སྒྱུར་རྩལ་རང་བཞིན་བཅས་ཀྱིས་བརྩམས་ཆོས་རང་ཉིད་ཀྱི་རིན་ཐང་མངོན་པར་མཚོན་ཡོད་ལ། ཚན་རིག་དུས་རབས་སྙན་ངག་མ་ལག་དང་འདྲ་བའི་རང་བྱུང་གི་དབྱངས་འགྲོས་དང་། ཚིགས་སྡེབ། སྐད་ཆ་སོགས་ལ་རྟོག་དཔྱོད་ཀྱི་མཉེ་ཕུར་གྲངས་མེད་བརྒྱུད་ནའང་ཁ་དོག་མི་ཉམས་པའི་འོད་མདངས་དེ་ཉིད་ནི་ད་གཟོད་བརྩམས་ཆོས་རང་སྟེང་གི་དམིགས་ཡུལ་དང་ཁ་ཕྱོགས་ཡིན་པར་འདོད།
དུས་རབས་འདིའི་སྙན་ངག་གི་ཞིབ་འབྲིའི་དོན་སྙིང་ནི་རང་ཉིད་དེ། རང་གཤིས་དང་རང་བཞིན་དང་རང་རྟོགས་དང་རང་བྱུང་འབའ་ཞིག་ཡིན་ཏེ། དེ་ཡིས་དུས་རབས་ཀྱི་དངོས་ཡོད་རང་བཞིན་བཅོས་ཟོལ་མེད་པ་ཀློག་པ་པོའི་མིག་ལམ་དུ་མངོན་པར་བྱས་པས། རྟག་བརྟན་གྱི་བརྗོད་བྱ་འབའ་ཞིག་ཡིན་པའང་དོན་གྱིས་མཚོན་པར་བྱས་ཡོད། དེ་ནི་སྙན་ངག་སྟེ། འཆམ་མཐུན་དང་སྒྲིག་སྲོལ་ཁྲོད་ཀྱི་དེང་རབས་བོད་ཀྱི་སྙན་ངག་རེད། འཆམ་མཐུན་ནི་འཛམ་གླིང་ནུས་སྟོབས་ཀྱི་འཆམ་མཐུན་དང་སྒྲིག་སྲོལ་ནི་འཛམ་གླིང་ཚེ་སྲོག་གི་སྒྲིག་སྲོལ་སྟེ། འཛམ་གླིང་གི་གཡོ་བ་བསྐྱོད་མི་ངེས་པའི་ཚེ་སྲོག་གི་འགལ་འདུ་དང་དངོས་པོ་བྱེ་བ་འབུམ་ཕྲག་གི་འགྱུར་ལྡོག་ཀློང་གི་འགལ་འདུ་ཡོད་ཚད་ནི་སྙན་ངག་གི་བསྔོགས་ཤིང་འཚོལ་བཞིན་པའི་ཆེས་མཐའ་མཇུག་གི་བདེན་པ་དེ་ཡིན། ཆེས་མཛེས་སྡུག་གི་བདེན་པ་དེ་ཡིན། ཆེས་དྭངས་གཙང་གི་བདེན་པ་དེ་ཡིན།
(ཁ་བྱང་འདི་ག་རྩོམ་སྒྲིག་པས་བཏགས། )
  • ལེ་ཚན་སྔོན་མ།:བརྩམས་སྒྲུང་སྐོར་གླེང་བ།
  • ལེ་ཚན་རྗེས་མ།:རང་གྲོལ༽དུས་དེབ་ཀྱི་གླེང་གཞི། དང་པོ།
  • དོ་སྣང་ཆེ་བའི་རྩོམ།