དུས་རབས་མཐའ་མཇུག་ཏུ་འབར་བའི་འཇའ་སྤྲིན།
མགོ་ལོག་གཅན་མེ་སྟག ཞི་བདེའི་དུང་སྒྲ། 2011-08-11
༡ རྩོམ་རིག་སྐོར་གྱི་ཟིན་ཐོ་ཐོར་བུ།
མཛེས་དཔྱོད་ཀྱི་བློ་མིག་ཏུ་མི་ཤོང་ཞིང་རྟོག་ཤེས་རོ་མྱོང་དུ་མི་ཆོད་པའི་སྙན་ངག་དག་ལ་བལྟ་སྐབས། ཀློག་གྲངས་མང་ཤོས་ཀྱིས་གོ་བ་མི་འདུག་ཟེར་བ་ཙམ་ལས་བསམ་བློ་གཏོང་མཁན་ཤིན་ཏུ་ཉུང་བར་སྣང་སྟེ། བོད་པའི་སྙན་ངག་པ་འཇུ་སྐལ་བཟང་དང་ལྗང་བུའི་བརྩམས་ཆོས་མང་དག་ནི་ཕལ་བའི་བློ་རྒྱ་ལས་འགོངས་ཤིང་དཀྱུས་མའི་མཛེས་དཔྱོད་ཀྱིས་མི་སྙེགས་པའི་གོ་རིམ་ཞིག་ཏུ་སླེབས་ཡོད་པར་ཁོ་བོས་འདོད་དེ། སྙན་ངག་འགའ་ཤས་ཤིག་ལས་མངོན་པའི་གློག་ཞགས་ལྟ་བུའི་ཚ་རེག་གི་ནུས་པ་ཞིག་གིས་ཁོ་བོར་རྒྱུན་དུ་བསླུ་འགུགས་བྱེད་ཀྱིན་ཡོད།
དེ་ནི་ཇི་ལྟ་བུའི་ནུས་པ་ཞིག་རེད་དམ་ཞེ་ན། རྙོག་དྭངས་ཀྱི་ཆ་ཀུན་ནས་མ་འདྲེས་པའི་མཚེའུ་ཞིག་གི་ཆུ་རླབས་འཕྱོ་བ་ལྟ་བུའི་སྐྱོ་ཡུས་ཤིག་དང་ཆོས་ཉིད་མཐར་ཐུག་གི་བདེན་པ་སྙེགས་པའི་རི་རྩེའི་འཇའ་རིས་ལྟ་བུ་འཆར་རྟོག་ཅིག་གིས་ནམ་དུ་ཡང་ཁོ་བོའི་བླ་སྲོག་ཁྲོད་ཀྱི་སྐོམ་གདུང་ཡོད་ཚད་སྐད་ཅིག་གི་སེལ་འགྲོ་ཡི་འདུག་ལ། གབ་སྦས་དང་ཟུར་ཁྲིད་ཀྱི་མཚོན་ཐབས་དེ་དག་གིས་ནམ་དུ་ཡང་ཁོ་བོར་ཞིབ་ཅིང་གསལ་ལར་འོངས་པའི་རྟོག་བརྟག་མང་དག་ཅིག་ཇི་འདོད་དུ་ཕབས་བསྐྲུན་བྱེད་ཀྱིན་འདུག
དེང་རབས་སྙན་ངག་གི་ལྡེམ་དགོངས་རང་བཞིན་གྱི་མཚོན་ཐབས་དང་ཤུགས་བསྟན་དག་གིས་སྣང་ཞིང་ཟིན་དུ་མེད་པའི་ན་བུན་སྲབ་མོ་ཞིག་ང་ཚོའི་མིག་ལམ་དུ་བཀྲམས་པའི་ཟུར་ལ། མཛེས་ཚོར་དང་རྟོག་ཡུལ། གཟུགས་འགྱུར་གྱི་འཚོ་བ་དང་གཤིས་ལུགས་དག་གིས་ང་ཚོའི་སེམས་ཁོངས་སུ་སྟོང་ཞིང་བསྙབ་ཏུ་མེད་པའི་བདེན་དོན་གཅེས་བུ་ཞིག་བརྐོས་ཤིང་། དེ་ནས་བརྩམས་ཏེ་ང་ཚོས་དངོས་གནས་ལུག་བལ་དང་བཀྲེས་ལྟོགས་ཀྱི་བར་དུ་གནས་ཀྱི་འབཻལ་བ་གང་ཞིག་ཡོད་པ་མ་ཤེས་། དོན་གྱི་བབ་ཏུ་མ་གཞོལ་བའི་ཁེར་ལབ་ཐན་ཐུན་ཞིག་གིས་དཀོན་མཆོག་ཅེས་པའང་རྭ་ཅོ་ཡོད་པའི་ཤ་གཟན་ཁྱད་མཚར་པོ་ཞིག་ཏུ་མ་མཐོང་རང་མཐོང་བྱེད་ཀྱིན་འདུག །
སྙན་ངག་གི་ཚིག་རྐང་རེ་རེར་བལྟས་ཚོད་ཀྱིས་འབྲེལ་མེད་བཙན་གྱིས་བསྒྲིགས་པའི་དཔེ་མཚོན་གྱི་ཚིག་རྒྱན་སྒྲིག་རིམ་དེས། གཟུགས་རྒྱན་འཕར་བའི་ཉམས་ཀྱིས་ཐོན་པའི་རྩེག་རིམ་ཅན་གྱི་རྟོག་བརྙན་ཅིག་བཟོས་ཡོད་ལ། རྟོག་བརྙན་རེ་རེའི་བཅོས་ཟོལ་གྱི་གདོང་འབག་དེ་ཡིས་སླར་ཡང་བཅོས་ཟོལ་གྱི་བརྡ་སྤྲོད་སྒྲིག་གཞི་ཞིག་བསྐྱར་དུ་བཞེངས་ཡོད་པས་ན། སྐབས་འདིར་སྙན་ངག་ངོས་ཐད་ནས་ནི་མིང་ཚིག་དེ་མིང་ཚིག་མིན་ལ། བྱ་ཚིག་དེ་བྱ་ཚིག་ལས་བརྒལ་བ། བརྒྱན་ཚིག་གིས་བརྒྱན་ཚིག་མི་མཚོན་པའི་སྣང་ཚོར་ཡ་རྡིབ་ཀྱི་ཡིད་བརྙན་དགོད་བྲོ་བ་ཞིག་མ་བསམ་བཞིན་དུ་བརྩམས་ཆོས་ཀྱི་གཞི་ཡོངས་སུ་མཆེད་པར་བྱས་ཡོད།
འདི་ནི་ཞིབ་དཔྱོད་དང་རྟོག་གེའི་རིགས་ལམ་པའི་སྣང་ངོར་བསམ་ཡུལ་ལསན་འདས་པ་ཞིག་རེད་མོད་ཀྱང་། དོན་གྱིས་ནི་ཆོས་ཉིད་དང་མཐུན་པ་ཞིག་ཏུ་གྲུབ་ཡོད་དེ། མིའི་རིགས་བག་ལ་ཉལ་བའི་ཀུན་གཞི་ཡོད་ཚད་ཀྱི་ཐོག་དང་པོའི་སྒྲིག་སྲོལ་གྱི་ཆ་དེ་ལས་གཞར་ཡང་འདའ་དགོས་ཤིང་། བསྐྱར་བཟོ་དང་འཚེམ་དྲུབས་ཀྱི་ལས་སྣོན་བརྒྱུད་དེ་ད་གཟོད་གདོད་མའི་རྣམ་པའི་ཚེ་སྲོག་གི་འདོད་བློའི་ནུས་པ་ཞིག་འགྲུབ་ཀྱི་ཡོད་འདུག
གསལ་བོར་བཤད་ན་ཀུན་རྟོག་དེ་ནི་སྐད་ཆའི་བདག་གཉེར་བ་ཞིག་དང་འདྲ་བར་ཀོ་གྱོང་བརྒྱུས་པའི་རྟ་ལྕག་ཅིག་གིས་འཐོར་ཞིག་གི་ངོ་བོར་སོང་བའི་བག་ལ་ཉལ་གྱི་རྟོག་བརྙན་དག་བཙན་གྱིས་བཞུས་ཏེ། བཅད་གཏུབ་དང་སླར་མཐུན་གྱི་རྣམ་པས་བསམ་བློའི་རིན་ཐང་དེ་དང་དོན་སྙིང་དེ་ཀོ་མཐུད་སྒྲིག་དགོས་ཤིང་། སྣ་ཁྲིད་དང་བཙན་ཤུགས་ཀྱིས་ཕྱུགས་ཟོག་འཁྲིག་སྤྱོད་ཀྱིས་རྒྱུད་སྤེལ་བར་བྱེད་པ་དང་འདྲ་ལ། ཡང་ན་འཐེབ་གཞོང་དུ་འཐོར་བའི་ཡིག་འབྲུ་དག་མཛུབ་མོས་གཏག་ཏེ་བསྐྱར་བསྒྲིགས་སྒོས་རྩོམ་རིག་ཏུ་འགྱུར་བར་བྱེད་པ་དང་ཡང་འདྲ་འདུག
དུས་རབས་འདིར་ང་ཚོས་གདོང་གཏད་པ་ནི་ཇི་ལྟ་བུའི་བླ་སྲོག་གི་བཀྲེས་སྐོམ་ཞིག་རེད་ཨང་། མིདོན་མཐར་ཐུག་གི་ཆོས་ཉིད་བོར་ཞིང་། གཉུག་གཤིས་བཅིངས་འགྲོལ་གྱི་སེམས་རིག་སྟོར་དུས། སངས་རྒྱས་བྱ་བ་ནི་ཚོན་རིས་ལྷུང་བའི་གྱང་ལྡེབས་ཀྱི་སྐུ་འདྲ་ཞིག་དང་། བྱང་སེམས་བྱ་བའང་གཞན་ངོ་སྲུང་བའི་བཅོས་ཟོལ་གྱི་འཛུམ་བག་ཅིག་ཏུ་གྱུར་ཡོད་ལ། དབང་རྟེན་ལྷུ་ལག་འཐོར་བའི་སྐྱབས་མགོན་གྱི་འབག་གཟུགས་དེས། སྡུག་བསྔལ་དང་བཙིར་གནོན་འོག་གི་ལོ་ཟླ་རིང་མོ་འདིར་དུབ་ཅིང་སྐྱོ་བའི་རྟག་བརྟན་གྱི་བཀྲེས་ལྟོགས་ཤིག་བཟོས་ཤིང་། བཀྲེས་ལྟོགས་དེ་ལས་འཕྱུར་བའི་ཚེ་སྲོག་གི་འདོད་རྔམ་དང་ཆགས་སྲེད་ཀྱི་ཁ་ཕྱོགས་ཚོད་ཚད་དུམ་བུ་དུམ་བུར་སོང་བའི་ནུབ་ཁའི་མཚམས་སྤྲིན་ཇི་བཞིན་མེ་རུ་འབར་བཞིན་ཡོད།
ཞིབ་ཏུ་བསམ་ན། དེང་རབས་སྙན་ངག་ལས་མངོན་པའི་སྨྲེ་སྔགས་དང་བཀྲེས་སྐོམ་གྱི་མིག་ཆུའི་ཟིལ་བ་དེས་གཞར་ཡང་སེལ་མི་ཐུབ་པའི་མེ་ཕུང་དེ་ནི་སེམས་ཀྱི་བཀྲེས་ལྟོགས་རེད་འདུག སེམས་པའི་དད་མོས་རྒྱང་འཕེན་གྱི་ཉེན་ཚབས་དེས་སྟབས་སླ་བོའི་སྒོ་ནས་རིགས་རྒྱུད་ཀྱིས་སྲུང་བའི་མི་ཆོས་ཀྱི་རྟགས་མཚན་ཡོད་ཚད་བསུབས་ཤིང་། སྤྱི་མཐུན་ལས་བསོད་ཀྱི་ནམ་མཁའ་ཡངས་མོ་དེའང་སྒེར་བའི་ཕྱོགས་སྟོན་པའི་རིག་པ་ལྟར་སྣང་བའི་གར་སྟེགས་ཤིག་ཏུ་སོང་བས་ན། སྒེར་བའི་རྨོངས་གཤིས་ལས་ཐོན་པའི་བསམ་བློའི་བཀྲེས་ལྟོགས་དེས། སྲོལ་རྒྱུན་གྱི་དྲན་ཆས་དང་ཐོབ་ཆ་ཡོངས་སུ་ཉམས་པར་བྱས་ལ། སྙན་ངག་གི་གྲུ་ཆར་དང་རོ་བཅུད་ཀྱང་རྩད་ནས་སྐམ་པར་བྱས་ཡོད།
༢ རྩོམ་རིག་སྐོར་གྱི་ཟིན་ཐོ་ཐོར་བུ།
སྙན་ངག་གི་མེ་ཕུང་མདོག་གི་མངར་ཆང་གི་ཁ་བ་ཞིག་རེད། སྙན་ངག་གི་ཁུ་བ་ནུར་ཞིག་ཉུག་པའི་ཚུལ་གྱིས་ང་ཚོའི་བླ་སྲོག་ཁྲོད་ཆེས་མུན་ནག་གི་གནས་སུ་བཞུར་ཏེ། དཀའ་ཚེགས་ཀྱི་ལོ་ཟླ་རིང་མོའི་སེམས་ཁོངས་ཀྱི་བཀྲེས་ལྟོགས་སེལ་ཀྱིན་ཡོད་ལ། སྙན་ངག་པའི་ཚོར་ཤེས་ཀྱི་གས་དྲུབས་ཀློང་ནས་མངོན་པའི་རྟོག་བརྙན་རེ་རེ་ནི་ཉམ་ཆུང་ལུ་གུ་ཞིག་རྒྱུས་མེད་ཀྱི་ས་མཐའི་སྤང་ན་དམིགས་མེད་ཀྱིས་རྒྱུ་བཞིན་པ་དང་འདྲ་ནའང་། དེ་དང་རྐང་འབྲེལ་གྱིས་མངོན་པའི་ཚོར་གཅིག་པུ་ནི་སྔར་བཞིན་བཀྲེས་ལྟོགས་ཡིན་ཏེ། གདོད་མའི་ཚེ་སྲོག་གི་འདོད་བློ་འབའ་ཞིག་རེད།
འབར་གྱིན་པའི་བཀྲེས་ལྟོགས། བཀྲེས་ལྟོགས་ཀྱི་འགྱུར་ཁུགས། བཀྲེས་ལྟོགས་སྒྲོག་གིན་བཅིངས་པའི་རིགས་རྒྱུད་ཀྱི་ལྕགས་དྲ། ཨོ་སྙན་ངག་ནི་བཀྲེས་ལྟོགས་མེ་རུ་འབར་བའི་དུས་རབས་ཀྱི་འཇའ་སྤྲིན་ཞིག་རེད། ཕ་ཡུལ་དང་ཁྱིམ་གཞིས་ཀྱི་ལུག་ཁྱུ་སྒང་ལ་བཀྲམས་པའི་རི་མོ་དང་།མཛེས་ཚོར་དང་རིན་ཐང་གི་ཉི་ཟེར་རྒྱབ་ཏུ་འཁུར་བའི་སྣང་བརྙན་ཞིག་ཡིན་པས་ན། འདི་ལྟར། སྙན་ངག་སྒྲོག་གིས་འཛིན་པའི་རིགས་རྒྱུད་ཀྱི་སྙིང་སྟོབས་དང་རིགས་རྒྱུད་ཀྱི་སྙིང་སྟོབས་སྒྲོག་གིས་འཛིན་པའི་སྙན་ངག་ཡོད་ཚད། དུས་རབས་ཀྱི་མེ་ཕུང་དབུས་ན་བཅིངས་འགྲོལ་འཐོབ་ཅིང་། མི་དོན་གྱི་བཅིངས་འགྲོལ་བར་ནས་ཐར་བ་འཐོབ་སྟེ། བཀྲེས་ལྟོགས་ནི་བསྐྱར་གསོན་དང་སྟོང་བརྙན་གྱིས་ཕྱུག་པའི་གཅན་གཟན་གཏུམ་པོ་ཞིག་དང་འདྲ་བར་སྙན་ངག་གི་གཤོག་སྒྲོ་ངོམས་བཞིན་དྭངས་གསལ་གྱིས་མཁའ་ལ་འཕུར་ཀྱིན་ཡོད།
དེ་ལྟ་བུའི་སཉན་ངག་དག་ལ་དགོངས་འགྲེལ་རྩོམ་པ་ནི་ད་ལྟའི་བར་དཔྱད་བརྗོད་པའི་སྡེ་ཡི་བཀག་སྡོམ་གྱི་གནས་ཤིག་ཏུ་སོང་ཞིང་། རིན་ཐང་བཀྲེས་སྐོམ་གྱི་འཕག་འཚག་ཁྲོད་སྨེ་སྔགས་ཀྱིས་ཟིན་པའི་ཟིན་ཐོ་ཞིག་དང་ཟིན་ཐོ་དེ་ཡི་ཀློང་ནས་འཐོར་བའི་ཆ་ཐན་ཐུན་ཞིག་ཡིན་པས། ཕྱིར་ལམ་སྟོར་བའི་ལུ་གུ་ཞིག་དང་འདྲ་ལ། གཡོ་ཟོལ་གྱིས་སྒུགས་པའི་འོབས་དོང་ཞིག་དང་ཡང་འདྲ་བས་ཀློག་མཁན་དག་གི་རྟོག་འཛིན་གྱི་དམིགས་པ་ཁོད་དུ་མི་འབྱོང་བའི་རྒྱུ་གཙོ་བོ་ཞིག་ཡིན་མོད། དེ་དག་ནི་འཆར་རྟོགས་རེ་གཉིས་ཀྱིས་བསྒྲིགས་པའི་རྟོག་ལྗོངས་ཀྱི་ཤུགས་བསྟན་ཙམ་མིན་པར། བརྡ་དང་ཐ་སྙད་ཡོངས་ནས་མཆེད་པའི་འགོག་མེད་ཀྱི་བརྩེ་རླབས་ཤིག་རེད།
བརྩེ་རླབས་དེ་ནི་ཉི་ཐིགས་དྲོན་པོ་ཞིག་དང་འདྲ་བར་དངོས་པོའི་ནང་རིམ་གསལ་ལེར་བཟོས་ལ། ཀློག་མཁན་གྱི་འདུ་ཤེས་ཀྱང་དྲོན་པོར་བཟོས་ཡོད། དེའི་ཆ་ནས་བལྟས་ན། སྙན་ངག་པའི་ཚེ་སྲོག་གི་འདོད་བློ་དང་ཡིད་འགྱུར་རེ་རེས་སྐྱོ་སྡུག་གི་གནས་བབས་ཤིག་སྨེ་སྔགས་དང་བཅས་ཤོད་ཀྱིན་ཡོད་ལ། མི་མངོན་པའི་ལྷ་ཆེན་དེར་སྒྲ་འབྲུ་མི་གསལ་བའི་ཡུས་ངག་འབྱིན་ཀྱིན་འདུག་སྟེ། ཁྲག་དང་བློ་རིག་ཡོད་ཚད་སྙན་ངག་གི་རྐང་བ་རེ་རེའི་ངོས་སུ་སྤགས་འདྲེས་ཀྱིས་འཚར་ལོངས་འབྱུང་ཀྱིན། དོགས་སློང་རིང་ལུགས་པའི་གཟི་ཉམས་དང་བཅས་ལྷ་ཆེན་གྱི་ཁྲི་འཕངས་དུ་འགོ་བཞིན་ཡོད།
བཀྲེས་ལྟོགས་དེའི་དབང་གིས་ང་ཚོ་ཆེས་སྟབས་སླ་བོའི་ངང་དུ་གོམས་སྲོལ་ཅིག་གི་རྒྱ་རུ་ཚུད་དེ། ང་ཚོས་རང་གིས་ཀློག་ཀྱིན་པའི་ཧི་མ་དང་ལྷའི་རོལ་དབྱངས་ནི་སྙན་ངག་ཡིན་པའི་གདེང་ཚོད་སྐྱེས་ཤིང་། ང་ཚོས་རང་གིས་སྔོགས་ཀྱིན་པའི་སེམས་རིག་གི་འགྱུ་བ་དེ་སྙན་ངག་གི་རྟོག་པ་ཡིན་པར་གཞི་ནས་རློམ་ཀྱིན་ཡོད་མོད། དོན་དངོས་ཐོག་ང་ཚོ་ནི་གད་པའི་ཁུགས་སོ་ན་གཉིད་ཀྱི་ཚིམ་པའི་ལུ་གུ་སྙིང་ཉེ་བོ་དག་ལས་རྫ་རི་ལ་ཁ་ན་ལྟོགས་ཟས་སྡུག་གིས་འཚོལ་བའི་རི་དྭགས་རྒོ་ཁྱུ་དེ་རྩད་ནས་མིན་པ་ཤེས་མེད་པས་རེད།
རྒྱུ་མཚན་ནི་ཧི་མ་དང་ལྷའི་རོལ་དབྱངས་ལས་བྱུང་བའི་ཡིད་འགྱུར་དེ་དག་དཔེ་ཆའི་བེམ་རོ་བཏུམས་བྱེད་ཀྱི་གོས་རྒྱན་ཞིག་ལས། དོན་ཡང་དག་གི་བདེན་པའི་སྙན་ངག་དེ་ནི་དཔེ་ཆའི་ཕྱི་ལོགས་ན་ལྟེམ་གྱིས་འཕྱོ་བའི་དབྱངས་འགྲོས་དེ་དག་རེད། དཔེ་མཛོད་ཁང་གི་སྒྱུ་འཕྲུལ་གྱི་བྲག་གཡམ་གཏིང་རིང་བོ་ཞིག་སྟེ་དེའི་ཁོངས་གསེང་ན་སྲོག་དང་བྲལ་བའི་འདུ་ཤེས་ཀྱི་བེམ་རོས་ཁེངས་ཡོད། ཀྱི་ཧུད། སྙན་ངག་དངོས་དེ་ཁྲོམ་སྲང་གྲིབ་སོ་ན་སྐུངས་བའི་གཅན་གཟན་ཁྱུ་ཞིག་ཡིན་པ་ཨེ་ཡོད། དེ་ནི་དུས་དང་སྐབས་ངེས་མེད་དུ་ང་ཚོའི་ལུས་སྟེང་ལ་མཆོངས་ཀྱིན་འོངས་བཞིན་པ་ཨེ་ཤེས་སམ།
མཚན་ཉིད་རིག་པ་ནི་རྒྱ་གར་བ་ཙི་ན་བ། རོ་མ་བ། སློབ་གླིང་མཁས་པ། དགོན་པའི་མཁན་པོ། སུའུ་པིན་ཧེར་དང་ཧེ་ཏི་ཀིར། རིགས་མི་འདྲ་བའི་ཤེས་རྨོངས་ཀྱིས་དོགས་ཚོམ་ཡོད་ཚད་ཉམས་བཀོད་ཀྱི་བརྗེད་ཐོ་ཐོར་བུ་ཞིག་ལས་ཅི། གནའ་དེང་ཕྱི་ནང་གི་ངོ་མཚར་མཛེས་སྡུག་རིག་པའི་དཔེ་ཆ་རྨང་མཐུག་པོ་དག་ལས་ང་ཚོས་སྙན་ངག་བྱ་བ་ནི་བརྩེ་བ་བབ་ཀྱིས་བརྡོལ་བའི་དབྱངས་ཤིག་དང་དགའ་མོས་སེམས་སུ་འཁྱིལ་བའི་གཏམ་ཞིག་ཡིན་པ་མ་ཤེས་ལ། སྙན་ངག་ནི་སྐད་ཆ་དང་འདྲ་བའི་བརྡ་སྤྲོད་ཀྱི་ལག་ཆ་ཞིག་ཡིན་པའང་ཞོར་དུ་དོར་ཡོད།
མདོར་ན་ང་ཚོས་སྙན་ངག་ལ་མྱོང་བ་ནི་རང་གི་མི་ཚེ་ལ་མྱོང་བ་ཡིན་པ་མ་ཤེས་པས། སྔ་མེས་སྨྲ་བར་ཅན་གྱིས་བཏགས་པའི་སྙན་ངག་གི་འཐག་རྡོ་ལྕི་མོ་དེ་བོང་བུས་བསྐོར་བ་བཞིན་ལོ་ཟླ་གང་འཚམས་ཤིག་ཟད་པར་བྱས་ཡོད། འདི་ནི་བཀྲེས་ལྟོགས་དང་མནར་གཅོད་ཀྱིས་ཡོངས་སུ་ངལ་བའི་རིགས་རྒྱུད་ཅིག་གི་འབོད་ནུས་པའི་ཆེས་མཐར་ཐུག་གི་ཀུ་ཅོ་ཡིན་ལ། གསལ་སླའི་དབང་དུ་འགྲོ་མི་གཏུབ་པའི་ཐ་སྙད་ཀྱི་སྒྲོག་གུ་ཅིག་ཀྱང་རེད། དཔེ་དེབ་དང་གླེགས་བམ་ཁྲོད་ནས་འབུས་པའི་སྙན་ངག་དག་ལ་བཀྲེས་ལྟོགས་ཀྱི་མུག་ཡུས་མེད་ལ། གྲོང་ཁྱེར་དང་སློབ་གླིང་གཞིས་ནས་འཚར་ལོང་སྙན་ངག་དག་ལ་ཚེ་སྲོག་གི་འདོད་བློས་ངལ་བའི་ན་ཟུག་མེད་པའང་དེའི་དབང་གིས་ཡིན།
(རྩོམ་སྒྲིག་པ་ཨོ་རྒྱན་དོན་གྲུབ།)