ང་ཚོའི་སྙན་ངག་གི་“ཚུར་ལེན་རིང་ལུགས།

རྒྱ་གྲོལ།    དགེ་ཆོས་དྲ་བ།    2011-04-07

བོད་ཀྱི་སྙན་ངག་དང་ཁྱད་པར་དུ་བོད་ཀྱི་སྙན་ངག་གསར་བ་གླེང་དུས།རྟག་ཏུ“ཚུར་ལེན་རིང་ལུགས”ཞེས་ པའི་ཐ་སྙད་འདི་དྲན་འོང༌།  “ཚུར་ལེན་རིང་ལུགས”འདི་བོད་ཀྱི་སྙན་ངག་ལ་སྦྱར་ན་འབྲས་བུ་ག་འདྲ་ཞིག་ཐོན་ནམ།སྦྱོར་ཚུལ་ཅི་འདྲ་ཞིག་དགོས་སམ།  སྙན་ངག་ལེགས་མིན་གྱི་ཚད་གཞི་དང་ཁྱད་ཆོས་ནི་ཐད་ཀར་སྙན་ངག་པའི་མྱོང་བ་ལ་འབྲེལ་ཡོད།   དེ་བས་ལག་ལེན་ག་འདྲ་ཞིག་གིས་འབྲས་བུ་ཅི་འདྲ་ཞིག་འབྱུང་བར་བལྟ་བ་ནི་རྒྱུ་འབྲས་ལ་བརྩི་འཇོག་བྱས་པ་ཞིག་ཡིན།  

    ལོ་རབས་བརྒྱད་ཅུའི་ལོ་མགོ་ནས་བོད་ཀྱི་སྙན་ངག་ལ“ཚུར་ལེན་རིང་ལུགས”ཀྱི་ལག་ལེན་བྱུང་སྟེ་འཕེལ་རྒྱས་བྱུང་ཡོད་ནའང༌།   མ་འོངས་པར་ཕམ་ཁ་ཞིག་མིན་པའི་རྒྱུ་མཚན་ཅི་ཡང་མེད།   དེའི་རྐྱེན་ཡང་སྙན་ངག་ལ“རང་བཀུར”“ མེད་པར“ཚུར་ལེན་རིང་ལུགས”ཀྱི་ལྭ་བ་གྱོན་པས་ད་གཟོད“རང་ལེན” གྱི་རྣམ་པ་དེས་རང་ཉིད་ཀྱི་ཚབ་བྱས་ཏེ་རང་ཉིད་ཀྱི་རྣམ་པ“ཚུར་ལེན” དང་གཅིག་ཏུ་གྱུར་པས་རེད། 

  ངའི་བསམ་པར“ཚུར་ལེན”“དགོས་ནའང་ཚུར་ལེན”གྱི་རྣམ་པ་དེས་ནམ་ཡང་རང་གི་རྣམ་པ་བསྒྲིབས་མི་འོས།   དཔེར་ན་བོད་ཟས་གཉེར་པའི་ཟ་ཁང་གི་ནང་དུ་ཕྱི་གླིང་པའི་ཟ་མ་ཁོ་ན་ལས་མེད་ན་དེ“ཚུར་ལེན”ཡིན་རུང་བོད་ཀྱི་ཟ་ཁང་གི་བྲོ་བ་ཅི་ཡང་མེད།   ད་དུང་ནུབ་ལུགས་ཀྱི་ལྭ་བར་ཕྲུག་ཁྲས་ཁ་འདབས་འཐེན་ན་ཡང་དེ་ཙམ་གྱིས་བོད་ཀྱི་ཁྱད་ཆོས་འདོན་ག་ལ་ཐུབ།   ཞིབ་ཏུ་བསམས་ན་དེང་གི་བོད་ཀྱི་སྙན་ངག་གི“ཚུར་ལེན”འདི་ལྟ་བུའི་ཁོར་ཡུག་ཏུ་གནས་འདུག་སྙམ།“ཚུར་ལེན” ལ་ཕམ་ཁ་བྱུང་བ་དེ་རྒྱལ་ཁ་འཛུར་མེད་དུ་ལོན་འགྲོ་བསམས་པ་ལས་བྱུང་ནའང༌།  དེ་ནི་ང་ཚོས“ཚུར་ལེན”གྱི་ཐབས་ཚུལ་མ་འགྲིགས་པས་ལན་པ་ལས“ཚུར་ལེན”རང་ཉིད་ཀྱི་སྐྱོན་ཆ་ག་ལ་ཡིན།    དེ་བས་སྐྱོན་ཆ་དེ་ཇི་ལྟར་བྱུང་བ་ཡིན།  ངས་བལྟས་ན་དེ་ནི་རང་བཀུར་དང“ཚུར་ལེན”བརྗེས་པའི་བསམ་པ་དེར་ཐུག་པས་ང་ཚོའི“ཚུར་ལེན་རིང་ལུགས”ཀྱི་ལམ་ཁར་མི་རིགས་རང་གི་སྙན་ངག་གི་རྩོམ་སྟངས་དང་འགྱུར་བ་བཅས་པའི་ཁྱད་ཆོས་ལ་བརྩི་བཀུར་བྱེད་དགོས།
  “རང་བཀུར”མེད་པའི“ཚུར་ལེན་རིང་ལུགས” དང“ཚུར་ལེན”མེད་པའི“རང་བཀུརརིང་ལུགས”གཉིས་ཀ་སྙན་ངག་འཕེལ་རྒྱས་སུ་འགྲོ་བའི་གེགས་ཡིན།
ཚང་མས་ཤེས་གསལ་བཞིན་སྙན་ངག་གི་ཁ་གཏད་ས་ནི་ཀློག་པ་པོ་ཡིན།  

    དེ་བས།    ང་ཚོས་སྙན་ངག་གིས་མི་རིགས་ལ་ཞབས་ཞུ་སྒྲུབ་པའི་ཚད་གཞི་ག་འདྲ་ཞིག་ཏུ་འཛིན་དགོས།ང་ཚོས་སྙན་ངག་གི་རྣམ་པ་མི་རིགས་ཅན་དུ་བསྒྱུར་བའི་བྱ་བ་ག་འདྲ་ཞིག་བྱེད་དགོས།མིག་སྔར་བལྟས་ན་བོད་ཀྱི་སྙན་ངག་པ་མང་བོ་ཨ་གསར་དང“ཚུར་ལེན”ལ་དགྱེས་མོད།    དུས་རབས་ཉེར་གཅིག་པར་ང་ཚོའི་སྙན་ངག་འདི་འཛམ་གླིང་དུ་འགྲེམ་སྟོན་བྱེད་ངེས་པས།དེ་དུས་ང་ཚོས་ཕྱི་གླིང་གི་བུ་ཆུང་ཞིག་ལ་བོད་ལྭ་བསྐོན་ནས་སྒང་པ་རྩམ་ཟན་གྱི་ཟོལ་དུ་འགྲེམ་སྟོན་བྱེད་དམ།   འདི་ནི་ཐད་ཀར་སྙན་ངག་གི“ཚུར་ལེན་རིང་ལུགས”དང་འབྲེལ་ཡོད།
སྙན་ངག་གི“ཚུར་ལེན་རིང་ལུགས”འདི་ཚད་གཞི་ངེས་ཅན་ཞིག་གི་སྟེང་ནས་བཤད་ན་ད་གཟོད་ལེགས་ཆ་ཡིན་ཏེ།ང་ཚོར་དགོས་པའི་ཚུར་ལེན་ནི“ཧབ་ཐོབ”ཀྱིས་ནང་འདྲེན་དེ་མ་ཡིན་པར། གཞན་གྱི་ལེགས་ཆར་གཞིགས་ནས་རང་གི་ཁྱད་ཆོས་དང་ལྡན་པའི་གསར་བཏོད་ཀྱི“ཚུར་ལེན”ཞིག་ཡིན་དགོས།རང་བཀུར་ཡོད་པའི“ཚུར་ལེན”ནི“ཚུར་ལེན”ཀྱི་ལེགས་ཆ་དར་སྤེལ་གཏོང་བའི་ཐབས་ཤེས་ལེགས་པོ་ཞིག་ཡིན།
  མདོར་ན།“ཚུར་ལེན་རིང་ལུགས”འདི་མེད་དུ་མི་རུང་ལ་ཐལ་ཡང་མི་ཉན་པས་ཐོག་མར“ཚུར་ལེན་རིང་ལུགས”ཀྱི་ཚད་གཞི་རྟོགས་རྒྱུ་ནི་བོད་ཀྱི་ཤེས་རིག་དང་འབྲེལ་བའི་གནད་དོན་ཞིག་ཡིན་པས།བོད་ཀྱི་སྙན་ངག་སྨྲ་བ་ཚང་མས་བསམ་གཞིག་ཞིབ་མོ་གཏོང་རྒྱུ་ཡོད་པ་ནི་ཤིན་ཏུ་གལ་ཆེའོ།།

  • ལེ་ཚན་སྔོན་མ།:སྙན་ངག་གི་བླ་སྲོག་བཤད་པ།
  • ལེ་ཚན་རྗེས་མ།:དཔལ་མོའི་སྙན་ངག་ཅིག་གི་ཕྲན་དཔྱད།
  • དོ་སྣང་ཆེ་བའི་རྩོམ།