བཀྲ་བྷོ། 2020-04-22
སུམ་བརྒྱ་སོ་གཅིག ཁུངས་སྣེ་གཙོ་ཕལ་མ་ནི་ག་འདྲ་ཞིག་ལ་ངོས་འཛིན་དགོས་འདུག
ལན། ཁུངས་སྣེ་མཉམ་གཤིབ་མའི་སྒྲུང་གཏམ་སྐོར་ཞིག་ལ་མཚོན་ན། ཁུངས་སྣེ་གཅིག་ནི་སྒྲུང་གཏམ་སྲོག་ཤིང་བྱེད་པ་དང་། ཁུངས་སྣེ་གཞན་ཞིག་གིས་སྲོག་ཤིང་ལ་རམ་འདེགས་བྱས་ནས་བྱུང་རིམ་མདུན་ལ་དེད་དེ་བརྗོད་དོན་རྫོགས་པར་སྟོན་བཞིན་ཡོད་ལ། དཔེར་ན་ཨུ་རུ་སུའི་སྒྲུང་གཏམ་པ་གྲགས་ཅན་ཐོ་ཨར་སི་ཐའེ་ལགས་ཀྱི་སྒྲུང་རིང《ཨན་ཎ·ཁཱ་ལིས་ཉིས་ཎ》ཞེས་པར་མི་ལ་སྣ་ཚན་སྐོར་གཉིས་དང་གཏམ་རྒྱུད་ལ་ཁུངས་སྣེ་གཉིས་ཡོད་དེ། ཨན་ཎ་དང་ཝོ་ལུང་སཱི་གཉིས་ཀས་དེད་འདུག་པ་ནི་གཏམ་རྒྱུད་གཙོ་བོ་སྟེ་གྲོང་ཁྱེར་གྱི་འཚོ་བ་ཡིན་པ་དང་། ཅཱི་ཐིས་ཀྱིས་དེད་འདུག་པ་ནི་གཏམ་རྒྱུད་ཕལ་བ་སྟེ་ཞིང་སྡེའི་འཚོ་བ་ཡིན་ལ། ཁུངས་སྣེ་གཉིས་ཀ་རྐྱ་འཐབ་པ་ན། སྒྲུང་གཏམ་ལ་བརྗོད་བྱ་རྙོག་དྲ་ཅན་ཞིག་ལྡན་པར་གྱུར་པ་ལྟ་བུ་རེད། ཁོ་བོའི་སྒྲུང་གཏམ་རྣམས་ལས《མེ་ལོང་ནང་གི་ཕྱེ་མ་ལེབ》དང《གླག》གཉིས་ཀར་ཁུངས་སྣེ་གཉིས་ཡོད་རུང་། ཁུངས་སྣེ་གཉིས་ཀར་གཙོ་ཕལ་གྱི་ཁྱད་པར་རེ་ཡོད་དེ། དེ་གཉིས་ལས《མེ་ལོང་ནང་གི་ཕྱེ་མ་ལེབ》ལ་ཆ་མཚོན་ན། མི་སྣ་གཙོ་བོ་སྟེ“རྩོམ་པ་པོ”ཇ་ཁང་དུ་བསྡད་དེ་ཇ་ལ་རོལ་བཞིན་ཡོད་པའི་བྱུང་རིམ་དེ་ཅུང་ཞིབ་ཅིང་གོ་རིམ་ཡོད་པའི་སྒོ་ནས་བྲིས་ཡོད་པ་ན། ཁུངས་སྣེ་དེ་ནི་ཁུངས་སྣེ་གཙོ་བོར་གྱུར་པ་དང་། “རྩོམ་པ་པོ”དང་ཆུང་མ་སྔ་ཕྱི་གཉིས་ཀའི་བར་གྱི་འགལ་བ་དེ་བསྡུས་པའི་སྒོ་ནས་དྲངས་ཡོད་པ་མ་ཟད། ཁུངས་སྣེ་འདི་ནི་ཁུངས་གཞན་པ་དེ་ལ་རམ་འདེགས་བྱེད་པ་དང་། བརྗོད་བྱའི་རྔམས་ཀ་ཇེ་མཐུག་ལ་གཏོང་ཆེད་དྲངས་པ་ན། དེ་ནི་ཁུངས་སྣེ་ཕལ་བར་གྱུར་པ་རེད།
སུམ་བརྒྱ་སོ་གཉིས། ཁུངས་སྣེ་གཉིས་ཅན་གྱི་སྒྲུང་གཏམ་གསར་རྩོམ་བྱེད་ན་ཡིད་འཇོག་བྱ་དགོས་པ་ག་འདྲ་ཡོད།
ལན།ཁུངས་སྣེ་གཉིས་ཅན་གྱི་སྒྲུང་གཏམ་གསར་རྩོམ་བྱེད་ན་ཡིད་འཇོག་བྱ་དགོས་པ་འདི་འདྲ་ཡོད་པར་འདོད་དེ། གཅིག གཏམ་རྒྱུད་ཀྱི་རྒྱུན་གང་ཞིག་དུམ་བུ་གཉིས་སུ་བགོས་ནས་སྒྲུང་གཏམ་གསར་རྩོམ་བྱེད་ན། དུམ་བུ་གཉིས་སུ་བགོས་པའི་ཁུངས་སྣེ་གཉིས་ཀ་ནི་བསྐྱར་ཟློས་མེད་པ་ཞིག་ཡིན་པ་མ་ཟད། གཅིག་གིས་གཅིག་རམ་འདེགས་བྱ་དགོས། གཉིས། གཏམ་རྒྱུད་ཀྱི་རྒྱུན་མི་འདྲ་བ་གཉིས་སིལ་བུར་གཏོར་ནས་ཁུངས་སྣེ་གཉིས་ཅན་གྱི་སྒྲུང་གཏམ་གསར་རྩོམ་བྱེད་ན། ཁུངས་སྣེ་གཅིག་ལ་རམ་འདེགས་བྱས་ཏེ་བརྗོད་པ་འདོད་པ་གང་དེ་ལེགས་པར་སྟོན་པར་ནུས་དགོས།
སུམ་བརྒྱ་སོ་གསུམ། ཁུངས་སྣེ་མང་པོ་ཅན་གྱི་སྒྲིག་གཞི་ནི་ག་འདྲ་ཞིག་ལ་ངོས་འཛིན་དགོས།
ལན། སྒྲུང་གཏམ་གཅིག་ལ་ཁུངས་སྣེ་གསུམ་དང་། ཡང་ན་ཁུངས་སྣེ་གསུམ་ཡན་ཡོད་ན། དེ་ཉིད་ཀྱི་སྒྲིག་གཞི་ནི་ཁུངས་སྣེ་མང་པོ་ཅན་ཁོངས་སུ་གཏོགས་པ་ཡིན། སྒྲུང་གཏམ་འདིའི་རིགས་ལ་ཆ་མཚོན་ན། ཁུངས་སྣེ་མང་བའི་དབང་གིས་མི་སྣ་མང་བ་མ་ཟད། མི་སྣ་མང་པོར་གཤིས་ཀ་སྣ་ཚོགས་ལྡན་ཞིང་། བྱུང་རིམ་ནི་རྙོག་དྲའི་ཕུང་བོ་ཞིག་ཡིན་པས། སྒྲུང་རིང་གསར་རྩོམ་བྱེད་སྐབས་ཁུངས་སྣེ་མང་པོ་ཅན་གྱི་བརྗོད་བྱ་སིལ་བུར་གཏོར་རྗེས།ཁུངས་སྣེ་ཞིག་གི་མཇུག་ལ་ཁུངས་སྣེ་གཞན་ཞིག་གི་ཚན་པ་ཞིག་མཐུད་དེ་བྱུང་རིམ་ཕྲེང་བར་སྤེལ་ཆོག་མོད། སྒྲུང་འབྲིང་དང་ལྷག་པར་དུ་སྒྲུང་ཐུང་ནི་ཁུངས་སྣེ་མང་པོ་ཅན་གྱི་གཏམ་རྒྱུད་དྲངས་ཏེ་རྩོམ་དཀའ་བ་འདྲ། ཁོ་བོས་འབྱུང་འགྱུར་གྱི་དུས་སུ་སྒྲུང་གཏམ་ག་འདྲ་རྩོམ་སྲིད་པ་མ་འོངས་ལུང་བསྟན་གྱི་ཚུལ་དུ་བརྗོད་མི་ནུས་མོད། མིག་སྔའི་བར་དུ་ཁུངས་སྣེ་མང་པོ་ཅན་གྱི་བརྩམས་ཆོས་གཅིག་ཀྱང་མ་བྱུང་བ་དང་། བོད་ཀྱི་དེང་རབས་སྒྲུང་གཏམ་པ་རྣམས་ཀྱི་བརྩམས་ཆོས་ལས་ཀྱང་འདྲེན་པར་རུང་བའི་སྒྲུང་གཏམ་ཞིག་མ་རྙེད་པས། སྐབས་འདིར་མི་རིགས་གཞན་གྱི་བརྩམས་ཆོས་དཔེར་བརྗོད་དུ་དྲངས་ནས་མི་བཤད་ཐབས་མེད་བྱུང་། བོད་པ་མང་པོ་ནི་རྒྱ་རིགས་ཀྱི་སྒྲུང་རིང་སྟེ《རྒྱལ་ཁབ་གསུམ་གྱི་གཏམ་རྒྱུད》ཅེས་པར་ཆ་རྒྱུས་ཡོད་སྲིད་ལ།སྒྲུང་གཏམ་དེ་ཉིད་ཀྱི་ཁྲོད་ལ་ཝེ་དང་། ཧྲུའུ་དང་། ཝུའུ་འབོད་པའི་རྒྱལ་ཕྲན་གསུམ་དྲངས་ཡོད་པ་ན། སྒྲུང་གཏམ་ལ་ཁུངས་སྣེ་མི་འདྲ་བ་གསུམ་ཡོད་པར་གྱུར། སྒྲུང་རིང་འདི་ཉིད་ལ་ཆ་མཚོན་ན། ཁུངས་སྣེ་གསུམ་ག་ཕན་ཚུན་བསྣོལ་པའི་སྒོ་ནས་མདུན་ལ་དེད་ཡོད་པ་མ་ཟད། སྣོལ་ལུགས་ཡང་ནས་ཡང་དུ་འགྱུར་བ་ན། འགལ་བ་དང་འབྲེལ་བ་ནི་སྐུད་པའི་མདུད་མགོ་འཁྲུགས་པ་ལྟར་འཆོལ་ཏེ། ཀློག་པ་པོའི་ཡིད་སེམས་ནི་འགལ་བ་ལ་བརྟེན་ནས་མདུན་ནས་མདུན་ལ་འདྲེན་པ་དང་། སྒྱུ་རྩལ་གྱི་རིན་ཐང་ནི་འགལ་བ་ལ་བརྟེན་ནས་མངོན་འགྱུར་བྱུང་བ་རེད།
སུམ་བརྒྱ་སོ་བཞི། གཅིག་ནས་ཀུན་ལ་མཆེད་པའི་སྒྲིག་གཞི་ལ་ནང་གསེས་སུ་དབྱེ་བ་ག་ཙམ་ཡོད།
ལན། གཅིག་ནས་ཀུན་ལ་མཆེད་པའི་སྒྲིག་གཞི་ལ་ནང་གསེས་སུ་དབྱེ་ན་གསུམ་ཡོད་པར་འདོད་དེ། མི་སྣ་གཅིག་ནས་ཀུན་ལ་མཆེད་པ་དང་། དོན་དག་གཅིག་ནས་ཀུན་ལ་མཆེད་པ་དང་། ཆོས་གཅིག་ནས་ཀུན་ལ་མཆེད་པ་རྣམས་སོ།།
སུམ་བརྒྱ་སོ་ལྔ། མི་སྣ་གཅིག་ནས་ཀུན་ལ་མཆེད་པའི་སྒྲིག་གཞི་ནི་ག་འདྲ་ཞིག་ལ་ངོས་འཛིན་དགོས།
ལན། སྒྲུང་གཏམ་མང་པོ་གསར་རྩོམ་བྱེད་སྐབས། འོས་ཤིང་འཚམ་པའི་མི་སྣ་ཞིག་སྲོག་ཤིང་དུ་འཛིན་པ་དང་། མི་སྣ་དེ་དང་མི་སྣ་གཞན་པའི་བར་ལ་འགལ་བ་དང་འགལ་བ་རྙོག་དྲ་ཅན་ཞིག་འབྱུང་སྲིད་ན། རྙོག་དྲ་ཅན་གྱི་འགལ་བ་དང་འབྲེལ་བ་དེ་དག་ལས་མི་སྣའི་འཚོ་བ་དང་། གཤིས་ཀ་དང་། སྣང་བརྙན་རྣམས་མཚོན་ཐུབ་པའི་དཔེ་མཚོན་རང་བཞིན་ལྡན་པའི་བྱུང་རིམ་དག་བརྗོད་གཞི་གཅིག་ལ་འབབ་པའི་སྒོ་ནས་ལྷན་དུ་བསྡེབས་པ་ན། སྐབས་སུ་བབས་པའི་སྒྲུང་གཏམ་ལ་བརྗོད་བྱ་རིལ་པོ་གཅིག་ཡོད་པར་གྱུར་པ་ཡིན་ཏེ། ཁོ་བོའི་སྒྲུང་གཏམ་སིལ་མ་རྣམས་ལས《ཤ་ཡུ་མོ་ཤེའུ》དང་། 《བསོད་ནམས》དང་། 《རླུང》དང་། མུ་འབྲེལ་སྒྲུང་གཏམ་ཡིག་བརྒྱ་མ《སྒྲོལ་མ་ཉེར་གཅིག》གི་བཞི་པ་སྟེ《མགྲོན་པོ་དང་གསང་བ》བཅས་ཀྱི་སྒྲིག་གཞི་ནི་མི་སྣ་གཅིག་ནས་ཀུན་ལ་མཆེད་པའི་གྲས་སུ་གཏོགས་པ་འདྲ་སྟེ། དཔེར་ན་སྒྲུང་འབྲིང《རླུང》ཆ་མཚོན་ན། བརྩམས་ཆོས་ཀྱི་སྲོག་ཤིང་དུ་བཀོད་པའི་མི་སྣ་ནི“ང”སྟེ་བསོད་ནམས་རྒྱ་མཚོ་ཡིན་ལ། སྒྲུང་གཏམ་འདི་ཉིད་གསར་རྩོམ་བྱེད་སྐབས། བསོད་ནམས་རྒྱ་མཚོ་དང་སྒྲོལ་མ། བསོད་ནམས་རྒྱ་མཚོ་དང་རྟ་མགྲིན། བསོད་ནམས་རྒྱ་མཚོ་དང་ནུབ་གླིང་མ་རྟོགས་ལྡན་ལྷ་མོ། བསོད་ནམས་རྒྱ་མཚོ་དང་དཔལ་འབྱོར་ཚེ་རིང་། བསོད་ནམས་རྒྱ་མཚོ་དང་ཆང་ཁང་གི་ཞབས་ཞུ་མ། ད་དུང་བསོད་ནམས་དང་ཁོ་རང་གི་རྒྱ་མཚོ་ཕ་མ་སོགས་ཀྱི་འགལ་བ་དང་འབྲེལ་བ་རྣམས་སིལ་བུར་གཏོར་ཞིང་བྱུང་རིམ་གྱི་རྣམ་པར་བསྒྱུར་ནས་མདུན་ལ་དེད་འདུག་པ་ན། 《རླུང》གི་སྒྲིག་གཞི་ནི་མི་སྣ་གཅིག་ནས་ཀུན་ལ་མཆེད་པའི་གྲས་སུ་འདྲེན་པར་རུང་བར་སྙམ་མོ།།
སུམ་བརྒྱ་སོ་དྲུག དོན་དག་གཅིག་ནས་ཀུན་ལ་མཆེད་པའི་སྒྲིག་གཞི་ནི་ག་འདྲ་ཞིག་ལ་ངོས་འཛིན་དགོས་འདུག
ལན། སྒྲུང་གཏམ་ལ་ལ་གསར་རྩོམ་བྱེད་སྐབས། དོན་དག་ཅིག་ལྟེ་བར་འཛིན་པ་དང་། དོན་དག་དེ་ལ་བརྟེན་ནས་བྱུང་བའི་མི་དང་མིའི་བར་གྱི་འགལ་བ་དང་འབྲེལ་བ་གསར་བ་དེ་དག་ལས་དཔེ་མཚོན་རང་བཞིན་ལྡན་པའི་བྱུང་རིམ་སྐོར་ཞིག་དྲངས་ཏེ་གུང་བསྒྲིགས་ཏེ་འདྲེན་བཞིན་ཡོད་ལ། བརྗོད་བྱ་འདི་ལྟར་ལྷན་དུ་བསྡེབས་པའི་སྒྲུང་གཏམ་གྱི་སྒྲིག་གཞི་ནི་དོན་དག་གཅིག་ནས་ཀུན་ལ་མཆེད་པའི་སྒྲིག་གཞིར་ངོས་བཟུང་ཆོག་སྟེ། དཔེར་ན་ཁོ་བོའི་སྒྲུང་ཐུང《རྒྱན་བྱང》ནི་སྒྲུང་གཏམ་ཕུལ་དུ་བྱུང་བ་ཞིག་གཏན་ནས་མིན་རུང་། སྒྲིག་གཞི་ནི་གཅིག་ནས་ཀུན་ལ་མཆེད་པའི་སྒྲུང་གཏམ་གྱི་དཔེར་བརྗོད་དུ་དྲངས་ཆོག ཅི་ཡིན་ཞེ་ན། སྒྲུང་གཏམ་འདིའི་མི་སྣ་གཙོ་བོ་ནི་སྔོན་ཆད་སྐྱེས་པ་ཕལ་བའི་ནང་གི་ཕལ་བ་ཞིག་ཡིན་པས། ནམ་རྒྱུན“ལུས་སྒོང་སྒོང་དང་གཉའ་སྒུར་སྒུར་བྱས་ཏེ་གསོལ་ཁང་དུ་འཛུལ་རྗེས། འཚེར་སྣང་ཆེན་པོས་གསོལ་ཁང་ཡོངས་ལ་ཞིབ་ལྟ་ལན་ཞིག་བྱས་ཏེ། གྲུ་ཟུར་ཞིག་ནས་རང་ལ་འོས་པའི་འདུག་སྟེགས་ཤིག་འཚོལ་ངེས་ཡིན་མོད།” རྒྱན་བྱང་ཉོས་ཏེ་བྱ་དགའ་ཐོབ་རྗེས། མོ་ལོ་ཉི་ཤུ་ཡས་མས་ཀྱི་བུ་མོ་མཛེས་མ་ཞིག་ཁྲིད་དེ་གསོལ་ཁང་ལ་སླེབས་པ་ན། “ཁོའི་གདོང་ལ་ཁེངས་ཉམས་ཤིག་རྒྱས་འདུག གོམ་པ་སྤོ་ལུགས་ལ་དཔོན་ཉམས་ཤིག་ཤར་འདུག”ལ། ཁོ་རང་གི་ཁེངས་ཉམས་དང་དཔོན་ཉམས་དེ་བྱ་དགའ་ཐོབ་པའི་དོན་དག་གིས་བསྐྱེད་པ་མ་ཡིན་ནམ།ཨ་ཁུ་རྒྱ་མཚོ་དང་བུ་མོ་མཛེས་མ་གཉིས་ཀས“རིན་གོང་མཐོན་པོ་ཅན་གྱི་ཟས་རིགས་མང་པོ”མདུན་ལ་བཤམས་ཏེ་ལོངས་སུ་སྤྱོད་སྐབས། སྡེ་དཔོན་སྐྱབས་ལོས་ཁ་པར་སྟེ་སང་ཉིན་བུ་མོ་གནས་ལ་འགྲོ་དགོས། ཁྱོད་རང་བག་སྐྱེལ་ལ་འགྲོ་དགོས་ཞེས་བཤད་བྱུང་ལ། འདི་ནི་བྱ་དགའ་ཐོབ་པའི་དོན་དག་ལས་ཀུན་ལ་མཆེད་དེ་དཔོན་པོས་ཐོས་པའི་མཐའ་འབྲས་མ་ཡིན་ནམ། མུ་མཐུད་དུ་ཟས་ལ་རོལ་སྐབས“མཁའ་ལྡིང་དགོན་གྱི་དགོན་བདག་དང་རྫོང་སྲིད་གྲོས་ཀྱི་མགོ་ཁྲིད”དེ་མཆོག་སྤྲུལ་མཁའ་ལྡིང་ལགས་ཀྱིས་ཞལ་པར་གནངས་ཏེ་ཨ་ཁུ་རྒྱ་མཚོ“ཁོང་ཉིད་ཀྱི་འཁྲུངས་སྐར་གསོལ་སྟོན་ལ་གདན་དྲངས”སོང་། འདི་ནི་བྱ་དགའ་ཐོབ་པའི་གཏམ་བཟང་དེ་ཀུན་ལ་མཆེད་རྗེས་གཏམ་དེ་སྤྲུལ་སྐུས་ཐོས་པའི་མཐའ་འབྲས་མ་ཡིན་ནམ། གཞོན་ནུ་མ་དང་ཨ་ཁུ་རྒྱ་མཚོ་གཏམ་གླེང་ལ་རོལ་ནས་སྡོད་སྐབས“ཨ་ཁུ་རྒྱ་མཚོའི་ཆུང་མ”ཡིས“བསེར་བུ་ཕོན་པོ་ཞིག་མདུན་ལ་དེད་འདུག་པ་དང་། འཚུབ་མ་གྱ་གྱུ་ཞིག་རྗེས་སུ་ཁྲིད”དེ་གསོལ་ཁང་ལ་བསླེབས་པ་དང་། “མོས་ཨ་ཁུ་རྒྱ་མཚོ་དང་བུ་མོ་མཛེས་གཉིས་ཀ་མཐོང་བ་ན། ཨག་རྒྱངས་བྱེད་བཞིན་མདུན་ལ་རྒྱུགས་བྱུང་ལ།”འདི་ནི་བྱ་དགའ་ཐོབ་རྗེས་མཛེས་མར་འགྲོགས་པའི་དོན་དག་དེ་ཆུང་མས་གོ་བའི་མཐའ་འབྲས་མ་ཡིན་ནམ། མདོར་ན་སྒྲུང་གཏམ་འདིའི་བྱུང་རིམ་ནི་བྱ་དགའ་ཐོབ་པའི་དོན་དག་གིས་བསྐྱེད་པ་ལས་མ་འདས་པས། འདི་ཉིད་ཀྱི་སྒྲིག་གཞི་ནི་དོན་དག་གཅིག་ལས་ཀུན་ལ་མཆེད་པའི་གྲས་སུ་གཏོགས་པར་འདོད་པ་ཡིན་ནོ།།
སུམ་བརྒྱ་སོ་བདུན། ཆོས་གཅིག་ནས་ཀུན་ལ་མཆེད་པའི་སྒྲིག་གཞི་ཞེས་པ་ནི་ག་འདྲ་ཞིག་ལ་ངོས་འཛིན་དགོས་འདུག
ལན། སྒྲུང་གཏམ་ལ་ལ་གསར་རྩོམ་བྱེད་སྐབས། ཆོས་ཤིག་ལྟེ་བར་འཛིན་པ་དང་། ཆོས་དེ་ལ་བརྟེན་ནས་བྱུང་བའི་མི་དང་མིའི་བར་གྱི་འགལ་བ་དང་འབྲེལ་བ་སྣ་ཚོགས་བྱུང་བ་ན། རྩོམ་པ་པོས་འགལ་བ་དང་འབྲེལ་བ་དེ་དག་ལས་དཔེ་མཚོན་རང་བཞིན་ལྡན་པའི་བྱུང་རིམ་རིན་ཐང་ཅན་རྣམས་གུང་བསྒྲིགས་ཏེ་སྒྲུང་གཏམ་དུ་འདྲེན་བཞིན་ཡོད་ལ། སྒྲུང་གཏམ་གྱི་བྱུང་རིམ་འདི་ལྟར་ལྷན་དུ་བསྡེབས་པའི་སྒྲིག་གཞི་ནི་ཆོས་གཅིག་ནས་ཀུན་ཏུ་མཆེད་པའི་སྒྲིག་གཞིར་ངོས་བཟུང་ཆོག་སྟེ། བྱུང་རིམ་འདི་ལྟར་ལྷན་དུ་བསྡེབས་པ་ན་སྟབས་ལེགས་ན་སྒྲུང་གཏམ་ལས་མི་སྣའི་སྣང་བརྙན་གསར་སློང་བྱེད་པ་དང་།མི་གཤིས་ཀྱི་ཟུར་ཞིག་རྗེན་པར་སྟོན་པའི་ཞོར་དུ་གནས་ལུགས་ཤིག་གམ། སྣང་ཚུལ་ཞིག་ཀྱང་གཟུགས་རིས་གསལ་བའི་སྒོ་ནས་མཚོན་ཐུབ་པ་འདྲ་སྟེ། དཔེར་ན་ཁོ་བོའི་སྒྲུང་ཐུང《དཔལ་འབྱོར》ལ་ཆ་མཚོན་ན། བརྗོད་བྱ་རིལ་པོ་ནི་ཆོས་གཅིག་སྟེ་སྒོར་མོ་ལ་བརྟེན་ནས་ཀུན་ལ་མཆེད་པ་ཡིན་ཏེ། མཆོག་སྤྲུལ་མཁའ་ལྡིང་རིན་པོ་ཆེས་ཀླུ་རྒྱལ་ཕོ་བྲང་ཟེར་བའི་མགྲོན་ཁང་ལ་གཏའ་དངུལ་གྱི་སྒོར་མོ་ཁྲི་གཅིག་སྤྲད་རྗེས། མགྲོན་ཁང་དེ་ལ་ཡོད་པའི་གཏམ་བཟང་དེ་སྡེ་དཔོན་སྐྱབས་ལོས་གོ་ལ། ཀླུ་རྒྱལ་ཕོ་བྲང་གི་སྤྱི་གཉེར་བ་ཆེན་མོ་བཀྲ་ཤིས་ཀྱིས་སྡེ་དཔོན་སྐྱབས་ལོ་ལ་སྒོར་མོ་ཁྲི་བསྐྱིས་ཡོད་པས། མཁའ་ལྡིང་རིན་པོ་ཆེས་སྤྲད་པའི་གཏའ་དངུལ་དེ་སྡེ་དཔོན་ལ་མི་སྤྲོད་ཐབས་མེད་བྱུང་། “སྡེ་དཔོན་སྐྱབས་ལོས་ཉེ་ལམ་རྒྱན་འཛུག་སྐབས་ཟ་ཁང་གི་སྦྱིན་བདག་ཧུ་པའོ་ལ་སྒོར་མོ་ཁྲི་གཅིག་བསྐྱིས་ཡོད་པས། ཁོས་ཀླུ་རྒྱལ་ཕོ་བྲང་ནས་སྒོར་མོ་བླངས་རྗེས་མྱུར་མོར་ཟ་ཁང་ལ་སོང་ནས་སྒོར་མོ་དེ་ཧུ་པའོ་ལ་སྤྲད་བྱུང་། ད་ལོ་ལུག་མང་ཆོས་རྒྱལ་གྱིས་རང་གི་འགྲོ་གྲོན་ཕུལ་ཏེ་སྡེ་མི་རྒན་པ་སྐོར་ཞིག་མཚོ་སྙིང་མ་མ་ཧཱ་དེ་བར་གནས་སྐོར་ལ་ཁྲིད་མོད། ཧུ་པའེ་ལ་སྐམས་ལུག་བཙོངས་ཏེ་ཟོག་རིན་སྒོར་མོ་ཆིག་ཁྲི་བདུན་སྟོང་ལྷག་ད་དུང་བླངས་མེད་པ་ན།གྲུ་བ་ལ་གྲུ་ཡོན་སྐོར་ཞིག་དུས་ལྟར་སྤྲོད་མ་ནུས། ཁོས་ཧུ་པའེ་ལ་སྒོར་མོ་ཡོད་པའི་གཏམ་བཟང་ཐོས་རྗེས། མྱུར་མོར་ཟ་ཁང་ལ་བརྒྱུགས་ཏེ་ཧུ་པའེ་ཡི་འཐེན་སྒམ་དུ་བཞུགས་འདུག་པའི་སྒོར་མོ་དེ་བཙན་ཤུགས་ཀྱིས་ཕྲོགས་ནས་གྲུ་བ་རྟ་མགྲིན་ལ་སྤྲད་སོང་།” དེ་མིན། “གྲུ་བ་རྟ་མགྲིན་གྱིས་ཀླུ་རྒྱལ་ཕོ་བྲང་ནས་བུ་ལ་གཉེན་སྟོན་བྱེད་སྐབས། གསོལ་ཁང་ལ་ཟས་ཡོན་སྐོར་ཞིག་དུས་ལྟར་སྤྲོད་མ་ནུས”པས། མྱུར་མོར་རང་གི་ཆད་དངུལ་ཀླུ་རྒྱལ་ཕོ་བྲང་ལ་སྤྲད་མོད། མཆོག་སྤྲུལ་མཁའ་ལྡིང་རིན་པོ་ཆེ་གློ་བུར་དུ་ཀོང་ཀྲུག་ལ་འགྲོ་དགོས་བྱུང་བས། མགྲོན་ཁང་གིས་གཏའ་དངུལ་ལ་བླངས་པའི་སྒོར་མོ་དེ་བདག་པོར་ལ་བསློགས་པ་ན། སྒོར་མོ་ཁྲི་གཅིག་དེ་སྔར་ལྟར་མཁའ་ལྡིང་རིན་པོ་ཆེ་ལ་དབང་སོང་།
སུམ་བརྒྱ་སོ་བརྒྱད། སྒྲུང་གཏམ་གྱི་བྱུང་རིམ་གཅིག་ནས་ཀུན་ལ་མཆེད་པའི་སྒྲིག་གཞིའི་རྒྱ་ལ་འདྲེན་ན་ཡིད་འཇོག་བྱ་དགོས་པ་གང་དག་ཡོད།
ལན། གཅིག་ནས་ཀུན་ལ་མཆེད་པའི་སྒྲིག་གཞིའི་རྒྱ་ལ་དྲངས་ཏེ་སྒྲུང་གཏམ་གྱི་བྱུང་རིམ་བཀོད་སྒྲིག་བྱེད་ན། རྩོམ་མཁན་གྱིས་ཡིད་འཇོག་བྱ་དགོས་པའི་གནད་ནི་འདི་འདྲ་ཡོད་པ་འདྲ་སྟེ། གཅིག མི་སྣའམ། དོན་དག་གམ། ཆོས་རྣམས་ལས་གང་ཞིག་གིས་སྒྲུང་གཏམ་གྱི་བརྗོད་བྱ་རིལ་པོ་ལྷན་དུ་སྡེབ་ཐུབ་དགོས། གཉིས། མི་སྣ་ཞིག་གནད་དུ་བཟུང་སྟེ་གཅིག་ནས་ཀུན་ལ་མཆེད་པའི་བརྗོད་བྱ་འཛིན་ན། མི་སྣ་དེ་དང་མི་སྣ་གཞན་པའི་བར་ལ་འགལ་བ་འབྲེལ་བ་རྙོག་ཅན་ཞིག་འབྱུང་དགོས། གསུམ། དོན་དག་གམ་ཆོས་ལ་བརྟེན་ནས་སྒྲུང་གཏམ་གྱི་བརྗོད་བྱ་ལྷན་དུ་སྡེབ་སྐབས། མི་སྣའི་སྣང་བརྙན་དོན་དག་གམ་ཆོས་ཀྱིས་བསྒྲིབས་མི་རུང་བར་འདོད་དོ།།
སུམ་བརྒྱ་སོ་དགུ། འཆར་སྒོའི་རྗེས་སུ་འབྲང་བའི་སྒྲིག་གཞི་ཞེས་པ་ནི་ག་འདྲ་ཞིག་ལ་ངོས་འཛིན་དགོས།
ལན། སྒྲུང་གཏམ་སྐོར་ཞིག་གསར་རྩོམ་བྱེད་སྐབས། མི་སྣའི་ཡིད་ཀྱི་འཆར་སྒོ་ནི་བརྗོད་བྱའི་སྲོག་ཤིང་བྱེད་པ་མ་ཟད། ཡིད་ཀྱི་འཆར་སྒོ་སྣ་ཚོགས་ནི་སྒྲུང་གཏམ་གྱི་བྱུང་རིམ་དུ་སྒྱུར་བ་དང་། བྱུང་རིམ་མང་པོའི་གོ་རིམ་ནི་མི་སྣའི་སེམས་ཀྱི་འཕྲོ་འདུ་དང་བསྟུན་ནས་ལྷན་དུ་བསྡེབས་ཡོད་ལ། ཁྱད་ཆོས་འདི་ཉིད་ལྡན་པའི་སྒྲུང་གཏམ་གྱི་སྒྲིག་གཞི་ནི་འཆར་སྒོའི་རྗེས་སུ་འབྲངས་པའི་སྒྲིག་གཞིའི་གྲས་སུ་གཏོགས་པ་དང་། རྟོག་པ་འཆར་ཡན་རིང་ལུགས་ཀྱི་སྒྲུང་གཏམ་ཐམས་ཅད་ནི་མི་སྣའི་སེམས་ཀྱི་འཆར་སྒོའི་རྗེས་སུ་འབྲངས་ཏེ་བརྩམས་པ་ཡིན་ཞེས་བརྗོད་ཆོག་པ་འདྲ།
སུམ་བརྒྱ་བཞི་བཅུ། འཆར་སྒོའི་རྗེས་སུ་འབྲང་བའི་སྒྲིག་གཞི་ལ་ཁྱད་ཆོས་གང་དག་ལྡན།
ལན། བརྗོད་བྱའི་དོན་གྱི་གོ་རིམ་ནི་མི་སྣའི་ཡིད་ཀྱི་འཆར་སྒོའི་རྗེས་སུ་འབྲངས་ཏེ་བཀོད་སྒྲིག་བྱས་པའི་སྒྲུང་གཏམ་ལ་ཁྱད་ཆོས་གསུམ་ཡོད་དེ། གཅིག་ནི་བརྩམས་ཆོས་ཀྱི་བྱུང་རིམ་ནི་མི་སྣའི་སེམས་ཀྱི་འཆར་སྒོའི་རྗེས་སུ་འབྲངས་ནས་ལྷན་དུ་སྦྱོར་བ་དང་། གཉིས་ནི་སྒྲུང་གཏམ་གྱི་བྱུང་རིམ་འདྲེན་སྐབས་འཚོ་བ་དངོས་ལ་གྲུབ་པའི་གཏན་ཚིགས་ཀྱི་འབྲེལ་བ་དེ་སིལ་བུར་གཏོར་བ། གསུམ་ནི་འཆར་སྒོའི་རྗེས་སུ་འབྲངས་ཏེ་བྱུང་རིམ་མདུན་ལ་འདེད་སྐབས་མི་སྣའི་སེམས་ཁམས་ཀྱི་དབྱེ་ཞིབ་ལ་དང་དོད་བྱེད་པ་རྣམས་སོ།།
སུམ་བརྒྱ་ཞེ་གཅིག འཆར་སྒོའི་རྗེས་སུ་འབྲངས་ཏེ་བྱུང་རིམ་མདུན་ལ་འདེད་ན་གནད་གང་ཞིག་ལ་དང་དོད་བྱ་དགོས།
ལན། མི་སྣའི་ཡིད་ཀྱི་འཆར་སྒོ་དམིགས་སུ་བཟུང་སྟེ་བྱུང་རིམ་མདུན་ལ་འདེད་སྐབས། མི་སྣའི་སེམས་ཁམས་ཀྱི་རྣམ་པ་དང་གནས་ཚུལ་ལ་དང་དོད་ཆེན་པོ་བྱས་ཏེ། བྱུང་རིམ་མདུན་ལ་འདེད་ལུགས་དང་མི་སྣའི་སེམས་ཁམས་གཉིས་ཀ་གཅིག་གྱུར་ཡོང་བར་འབད་དགོས། གལ་སྲིད་སྒྲུང་གཏམ་ལ་འདྲེན་དགོས་པའི་མི་སྣ་ནི་ལུས་སེམས་བདེ་ཐོག་ན་གནས་པའི་གང་ཟག་ཅིག་ཡིན་ན། བྱུང་རིམ་ནི་འདས་པ་ཕྱིར་དྲན་དང་དངོས་ཡོད་འཚོ་བར་བསམ་གཞིག་བྱེད་པའི་ཚུལ་གྱིས་མདུན་ལ་དེད་ན་ཆོག་པ་ཡིན་ཏེ། དཔེར་ན་ཁོ་བོའི་སྒྲུང་གཏམ《རླུང》གི་མི་སྣ་གཙོ་བོ“ང”ལ་ཆ་མཚོན་ན། མི་སྣའི་ལུས་སེམས་གཉིས་ཀ་བདེ་ཐོག་ན་ཡོད་པ་དང་། སྒྲུང་གཏམ་གྱི་བརྗོད་བྱ་ནི“ང”རང“སློབ་གྲྭ་ཆེན་མོར་ཡོད་སྐབས་ཀྱི་ལོ་རྒྱུས་རྣལ་མ་དེ་ལ་བཟོ་བཅོས་ཅུང་ཟད་བྱས་ཏེ་བསྒྲིགས་པ་ཡིན”[1]པས། སྒྲུང་གཏམ་འདི་ཉིད་གསར་རྩོམ་བྱེད་སྐབས།བྱུང་རིམ་བཀོད་སྒྲིག་བྱེད་ལུགས་ནི་མི་སྣའི་སེམས་ཁམས་དང་བསྟུན་ཏེ། “ང”རང་གིས་བརྗེད་མི་ནུས་པའི་སློབ་ཆེན་སློབ་མའི་འཚོ་བའི་གྲུབ་ཆ་གལ་ཆེན་རྣམས་མི་སྣའི་སེམས་ལ་སིལ་བུར་འཕོས་པ་ལྟར་དུ་སིལ་བུར་བརྗོད་པ་ཡིན་ལ། གལ་སྲིད་མི་སྣའི་ལུས་སེམས་གཉིས་ལས་གང་ཞིག་བདེ་ཐོག་ན་མེད་ན། མི་སྣའི་སྟོང་སེམས་སམ། འཕྲུལ་སྣང་ངམ། འཇིགས་སྣང་ངམ།འགྱོད་གདུང་སོགས་ལས་གང་འོས་ན་གང་བདམས་ཏེ།སེམས་ཀྱི་འཆར་སྒོ་དངོས་ཡོད་འཚོ་བ་དང་ལྷན་དུ་བསྡེབས་ནས་བྱུང་རིམ་མདུན་ལ་དེད་ཆོག ཡང་དཔེར་ན་ཁོ་བོའི་སྒྲུང་ཐུང《མེ་ལོང་ནང་གི་ཕྱེ་མ་ལེབ》ཀྱི་མི་སྣ་གཙོ་བོ་སྟེ“རྩོམ་པ་པོ”ནི་འགྱོད་གདུང་གི་དབང་གིས་སྨྱོས་དང་མ་སྨྱོས་གཉིས་ཀའི་དབྱེ་མཚམས་སུ་ཕར་གཡོ་ཚུར་གཡོ་བྱེད་པའི་སྐྱེས་པ་ཞིག་ཡིན་པ་ན། སྒྲུང་གཏམ་འདི་ཉིད་གསར་རྩོམ་བྱེད་སྐབས།“རྩོམ་པ་པོ”ནི་ཇ་ཁང་དུ་བསྡད་དེ་ཇ་ལ་རོལ་བཞིན་པའི་དངོས་ཡོད་ཀྱི་འཚོ་བ་དང་། དེ་ཉིད་ཀྱིས་མེ་ལོང་ནང་གི་རང་ཉིད་མཐོང་རྗེས་ཀྱི་འཕྲུལ་སྣང་གཉིས་ཀ་སིལ་བུར་གཏོར་ཏེ་ལྷན་དུ་སྡེབ་བཞིན་བྱུང་རིམ་མདུན་ལ་དེད་པ་ཡིན།གལ་ཏེ་སྒྲུང་གཏམ་དུ་འདྲེན་དགོས་པའི་མི་སྣ་ནི་རྙོག་དྲར་ཚུད་འདུག་པ་ཞིག་ཡིན་ན། བོད་ཀྱི་ཁ་དཔེར“ཉིན་གྱི་དྲན་པ་མཚན་གྱི་རྨི་ལམ་ཡིན”ཞེས་པའི་བརྗོད་སྲོལ་ཡོད་པས། མི་སྣའི་ཡིད་ཀྱི་འཆར་སྒོ་རྣམས་རྨི་ལམ་གྱི་ཚུལ་དུ་བྲིས་ཀྱང་མི་རུང་བ་མེད་དོ།།
སུམ་བརྒྱ་ཞེ་གཉིས། ཡིད་ཀྱི་རྗེས་སུ་འབྲངས་ནས་བྱུང་རིམ་མདུན་ལ་འདེད་ན་བྱུང་རིམ་གྱི་འབྲེལ་བ་གློད་དགོས་དོན་ཅི།
ལན། སྲོལ་རྒྱུན་གྱི་སྒྲུང་གཏམ་ཕལ་མོ་ཆེ་ལ་ཆ་མཚོན་ན། རྩོམ་པ་པོས་སྒྲུང་གཏམ་གྱི་སྒྲིག་གཞི་གཏན་ལ་འབེབས་སྐབས། བྱུང་རིམ་གྱི་ཡུལ་དུས་དང་རྒྱུ་འབྲས་ཀྱི་འབྲེལ་བར་དང་དོད་ཆེན་པོ་བྱས་པ་ན། བྱུང་རིམ་ལ་གཏན་ཚིགས་ཀྱི་འབྲེལ་བ་མངོན་པར་གསལ་བ་ཞིག་གྲུབ་ཡོད་མོད། འོན་ཏེ་འཆར་སྒོའི་རྗེས་སུ་འབྲངས་པའི་སྒྲུང་གཏམ་གྱི་བྱུང་རིམ་ནི་མི་སེམས་སུ་འཆར་སྒོ་འབྱུང་ལུགས་ལ་སྒོ་བསྟུན་ཏེ་བཀོད་སྒྲིག་བྱས་པ་དང་། རྒྱ་ཡན་དུ་གྱུར་པའི་མི་སེམས་ཀྱི་འཆར་སྒོ་སྣ་ཚོགས་ལ་གོ་རིམ་དང་གཏན་ཚིགས་ཀྱི་འབྲེལ་བ་དམ་པོ་མེད་པ་ན། འཆར་སྒོའི་རྗེས་སུ་སྒྲུང་གཏམ་རྩོམ་སྐབས།བརྩམས་ཆོས་ཀྱི་སྒྱུ་རྩལ་གྱི་བདེན་པར་དང་དོད་བྱས་ཏེ་བྱུང་རིམ་མདུན་ལ་འདེད་དགོས་ན།བྱུང་རིམ་སིལ་བུར་གཏོར་ཏེ་གཏན་ཚིགས་འབྲེལ་བ་དམ་པོ་མེད་པའི་སྒོ་ནས་སྒྲུང་གཏམ་ཁྲོད་ལ་མི་འདྲེན་ཀ་མེད་ཡིན། ཚུལ་དེ་ནི་ཁོ་བོའི་སྒྲུང་གཏམ《རླུང》ཞེས་པར“ང”སྟེ་བསོད་ནམས་རྒྱ་མཚོའི་སློབ་གྲྭ་ཆེན་མོའི་འཚོ་བ་སིལ་བུར་གཏོར་ཏེ་དྲངས་འདུག་པ་ལ་བརྟགས་ན་རྟོགས་པ་ཡིན་ནོ།།
སུམ་བརྒྱ་ཞེ་གསུམ། ཡིད་ཀྱི་རྗེས་སུ་འབྲངས་ནས་བྱུང་རིམ་མདུན་ལ་འདེད་ན་སེམས་ཁམས་དབྱེ་ཞིབ་ལ་འབད་དོན་ཅི།
ལན། འཆར་སྒོའི་རྗེས་སུ་འབྲངས་པའི་སྒྲུང་གཏམ་ལ་མཚོན་ན། བརྗོད་བྱ་ནི་འདས་དོན་ནམ། སྟོང་སེམས་སམ། འཕྲུལ་སྣང་ངམ། འཇིགས་སྣང་ངམ། རྨི་ལམ་སོགས་ལས་གང་རུང་ཞིག་ཡིན་པ་ན། བྱུང་རིམ་གྱི་གོ་རིམ་འཆོལ་འགྲོ་བ་ནི་གཞའ་ཐབས་གཟུར་ཐབས་མེད་པའི་གནད་དོན་ཞིག་ཡིན་པས། སྒྲུང་གཏམ་གསར་རྩོམ་གྱི་ལས་ལ་འཇུག་སྐབས། རྩོམ་པ་པོས་མི་སྣའི་སེམས་ཀྱི་འཕྲོ་འདུ་དང་བསྟུན་ནས་བྱུང་རིམ་མདུན་ལ་འདེད་པ་དང་། བྱུང་རིམ་མདུན་ལ་འདེད་སྐབས་མི་སྣའི་སེམས་ཁམས་ཀྱི་དབྱེ་ཞིབ་ལ་དང་དོད་བྱས་ཏེ། སེམས་ཁམས་ཀྱི་གནས་ཚུལ་དང་འགྱུར་ལྡོག་གི་འབྱུང་རྐྱེན་རྟོགས་རྗེས། བྱུང་རིམ་གཙོ་བོའི་བར་མཚམས་ལ་གསལ་བཤད་ཀྱི་ཚིག་གམ་གསལ་བཤད་གྱི་ནུས་པ་འདོན་ཐུབ་པའི་བྱུང་རིམ་འབའ་ཞིག་སྦྱར་བ་ན།སྒྲུང་གཏམ་གྱི་བྱུང་རིམ་སིལ་མའི་རྒྱབ་རོལ་དུ་གཏན་ཚིགས་ཀྱི་འབྲེལ་བ་ཞིག་ཆགས་ཐུབ་ངེས་ཡིན། དཔེར་ན《མེ་ལོང་ནང་གི་ཕྱེ་མ་ལེབ》ནི་ཁུངས་སྣེ་གཉིས་ཅན་གྱི་སྒྲུང་གཏམ་ཞིག་ཡིན་ལ། ཁུངས་སྣེ་གཙོ་བོ་ནི“རྩོམ་པ་པོ”ཇ་ཁང་དུ་བསྡད་དེ་ཇ་ལ་རོལ་ཏེ་སྡོད་སྐབས། མཚམས་རེར་ཕྱི་རོལ་གྱི་མཛེས་དང་ཇ་ཁང་ནང་རོལ་ལ་ལྟད་མོར་ལྟ་བ་དང་།སྐབས་རེར“འཇིགས་སྣང་དང་བཅས་རང་ཉིད་ལ་འགྲམ་ལྕག་ལན་ཞིག་གཞུ”བ། ཡང་མཚམས་རེར“སྐད་གསིང་མཐོན་པོས་སྤྱན་རས་གཟིགས་ལ་གསོལ་བ་འདེབས”[2]པ་དེ་ཡིན་ལ། གལ་སྲིད་མི་སྣའི་ལུས་ཀྱི་བྱ་སྟངས་དང་ངག་གི་བཤད་སྟངས་དེ་ཁོ་ན་ཁུངས་སྣེར་བཟུང་སྟེ་བྱུང་རིམ་མདུན་ལ་དེད་ན། བྱུང་རིམ་སིལ་མ་རྣམས་ལ་གཏན་ཚིགས་ཀྱི་འབྲེལ་བ་འབྱུང་མི་སྲིད་པ་མ་ཟད།མི་སྣའི་སེམས་ཁམས་ལ་འགྱུར་ལྡོག་འབྱུང་དོན་ཅི་ཡིན་པའང་རྟོགས་དཀའ་བས། “རྩོམ་པ་པོ”ལ་སྨྱོ་རྟགས་བྱུང་སྐབས་འཕྲུལ་སྣང་ནི་ཁུངས་སྣེ་ཕལ་བར་བཀོད་དེ། ཁོ་རང་ཆུང་མ་གཉིས་དང་གྱེས་པའི་རྒྱུད་རིམ་དེ་སིལ་བུར་གཏོར་ཏེ་ཁུངས་སྣེ་གཙོ་བོའི་ཁྲོད་ལ་གསབ་པ་ན། ཀློག་མཁན་གྱིས་མི་སྣ་གཙོའི་སེམས་ཁམས་ལ་འགྱུར་ལྡོག་འབྱུང་རྐྱེན་རྟོགས་ཐུབ་པ་དང་། བྱུང་རིམ་སྔ་ཕྱིའི་བར་ལ་གཏན་ཚིགས་ཀྱི་འབྲེལ་བ་ཞིག་མི་མངོན་པའི་ཚུལ་གྱིས་གྲུབ་བྱུང་།
སུམ་བརྒྱ་ཞེ་བཞི། འཆར་སྒོའི་རྗེས་སུ་འབྲངས་ཏེ་བྱུང་རིམ་མདུན་ལ་འདེད་ན་ཡིད་འཇོག་བྱ་དགོས་པའི་གནད་གང་དག་ཡོད།
ལན། མི་སྣའི་ཡིད་ཀྱི་འཆར་སྒོའི་རྗེས་སུ་འབྲངས་ཏེ་སྒྲུང་གཏམ་གྱི་སྒྲིག་གཞི་གཏན་ལ་འབེབས་སྐབས། རྩོམ་པ་པོས་ཡིད་འཇོག་བྱ་དགོས་པའི་གནད་ནི་འདི་འདྲ་ཡོད་པར་འདོད་དེ། གཅིག མི་སྣ་ལ་དེ་ཉིད་ཀྱི་ཡིད་ཀྱི་འཆར་སྒོ་ཕྲེང་བར་སྒྲིག་ནུས་པའི་ཁོར་ཡུག་འོས་ཤིང་འཚམ་པ་ཞིག་ཡོད་དགོས། གཉིས། ཡིད་ཀྱི་འཆར་སྒོ་ནི་མི་སྣའི་སེམས་ཁམས་དང་བསྟུན་དགོས། གསུམ། སིལ་བུར་ཐོར་བའི་བྱུང་རིམ་ལ་གཏན་ཚིགས་དང་མཐུན་པའི་འབྲེལ་བ་ཡོད་དགོས། བཞི། སིལ་བུར་ཐོར་བའི་བྱུང་རིམ་དེ་དག་ལ་བརྟེན་ནས་གོ་རིམ་ཅན་གྱི་སྤྱི་ཚོགས་ཀྱི་རྣམ་པ་དང་མི་གཤིས་ཀྱི་རང་བཞིན་སྟོན་དགོས།
སུམ་བརྒྱ་ཞེ་ལྔ། སྒྲུང་གཏམ་གྱི་སྒྲིག་གཞི་གཏན་ལ་འབེབས་ན་ཚད་གཞི་གང་དག་ཡོད།
ལན། སྒྲུང་གཏམ་གྱི་སྒྲིག་གཞི་གཏན་ལ་འབེབས་ན་ཚད་གཞི་འདི་འདྲ་ཡོད་དེ། གཅིག་ནི་སྤྱི་ཁོག་གཅིག་གྱུར་དང་འཆམ་མཐུན་ཡིན་དགོས། གཉིས་ནི་གཏུབ་ལུགས་ལུགས་དང་མཐུན་ཞིང་ངོ་མཚར་ཆེ་དགོས། གསུམ་ནི་མཐུད་ལུགས་འབྱོར་ཞིང་འགྲིག་ལ་ནང་འགལ་མེད་པ་ཞིག་ཡིན་དགོས།
སུམ་བརྒྱ་ཞེ་དྲུག སྒྲུང་གཏམ་གྱི་སྒྲིག་གཞི་གཏན་ལ་འབེབས་སྐབས་སྤྱི་ཁོག་གཅིག་གྱུར་དང་འཆམ་མཐུན་ཡོང་བར་འབད་དོན་ཅི།
ལན། སྤྱི་ཁོག་ནི་སྒྲུང་གཏམ་གྱི་བརྗོད་བྱ་སྤྱི་ཡོངས་ཀྱི་གཞི་དང་སྒྲིག་གཞིའི་རིམ་པ་རགས་རིམ་དེ་ལ་གོ་དགོས་ཤིང་། གལ་སྲིད་སྒྲུང་གཏམ་ཞིག་ལ་བརྗོད་བྱའི་གཞུང་རྟ་དང་ཡན་ལག་གི་དབྱེ་བ་གསལ་བ་དང་། གོ་རིམ་ལ་འཁྲུགས་པ་མེད་པ། རྒྱས་བསྡུས་ཀྱི་དབྱེ་བ་གསལ་བ། མགོ་མཇུག་བར་གསུམ་གྱི་བརྗོད་བྱ་དང་རྗོད་བྱེད་གཉིས་ཀ་དོ་མཉམ་པའི་ཁྱད་ཆོས་ལྡན་དགོས་ན། གཅིག་གྱུར་དང་འཆམ་མཐུན་གྱི་སྤྱི་ཁོག་ཅིག་ཅིས་ཀྱང་ཡོད་དགོས་འདུག་ལ། གསར་རྩོམ་སྨྲ་བའི་ཟེར་སྒྲོས་དང་རང་ཉིད་ཀྱི་གསར་རྩོམ་ཉམས་ལ་གཞིགས་ནས་དཔྱད་ན།གལ་སྲིད་རྩོམ་པ་པོ་རྣམས་ཀྱིས་བརྗོད་བྱའི་གོ་རིམ་གཏན་ཚིགས་དང་མཐུན་པ་དང་། བརྗོད་བྱའི་རྒྱས་བསྡུས་སྔ་ཕྱི་དོ་མཉམ་པ། མི་སྣ་འདྲེན་ཚུལ་ལུགས་དང་མཐུན་པ། ཁུངས་སྣེ་འཛིན་ལུགས་བརྗོད་བྱ་དང་བསྟུན་པའི་སྒྲུང་གཏམ་ཞིག་རྩོམ་པར་ནུས་པ་ན། བརྩམས་ཆོས་ཀྱི་སྤྱི་ཁོག་ལ་གཅིག་གྱུར་དང་འཆམ་མཐུན་གྱི་དགེ་མཚན་ལྡན་པར་འགྱུར་བར་འདོད་དོ།།
སུམ་བརྒྱ་ཞེ་བདུན། བརྗོད་བྱའི་གོ་རིམ་གཏན་ཚིགས་དང་མཐུན་དགོས་དོན་ཅི།
ལན། སྒྲུང་གཏམ་གྱི་སྤྱི་ཁོག་གཏན་ལ་འབེབ་སྐབས། བརྗོད་བྱའི་གོ་རིམ་ལ་གཏན་ཚིགས་ཀྱི་འབྲེལ་བ་མངོན་པའམ་མི་མངོན་པ་ཞིག་ཡོད་དགོས་ཏེ། གལ་སྲིད་བྱུང་རིམ་སྔོན་མ་སྔོན་མ་དང་ཕྱི་མ་ཕྱི་མའི་བར་ལ་གཏན་ཚིགས་ཀྱི་འབྲེལ་བ་ཅི་ཡང་མེད་ན། རྩོམ་མཁན་གྱིས་བརྗོད་མི་བདེ་བ་དང་ཀློག་མཁན་གོ་མི་བདེ་བརྗོད་ཉེས་འབྱུང་སྲིད་པས། རྩོམ་པ་པོ་རྣམས་ཀྱིས་སྒྲུང་གཏམ་གྱི་བྱུང་རིམ་བཀོད་སྒྲིག་བྱེད་སྐབས། བྱུང་རིམ་སྔ་ཕྱིའི་གཏན་ཚིགས་ཀྱི་འབྲེལ་བར་དང་དོད་ཆེན་པོ་བྱ་དགོས་འདུག
སུམ་བརྒྱ་ཞེ་བརྒྱད། བྱུང་རིམ་གྱི་འབྲེལ་བ་མཚོན་པའི་གཏན་ཚིགས་ལ་ནང་གསེས་སུ་དབྱེ་ན་ག་ཙམ་ཡོད།
ལན། བྱུང་རིམ་གྱི་འབྲེལ་བ་མཚོན་པའི་གཏན་ཚིགས་ལ་ནང་གསེས་སུ་དབྱེ་ན་གཉིས་ཡོད་དེ། མངོན་པའི་གཏན་ཚིགས་དང་མི་མངོན་པའི་གཏན་ཚིགས་གཉིས་ཀ་ལས་མ་འདས་སོ།།
སུམ་བརྒྱ་ཞེ་དགུ། ག་འདྲ་ཞིག་ལ་བྱུང་རིམ་བར་གྱི་མངོན་པའི་གཏན་ཚིགས་ཟེར།
ལན། སྒྲུང་གཏམ་མང་པོ་ཞིག་ལ་ཆ་མཚོན་ན། བྱུང་རིམ་བྱེ་བྲག་པ་རྣམས་ནི་དོན་དག་རིལ་པོ་གཅིག་གམ་མི་སྣའི་འཚོ་བའི་བྱེ་བྲག་པ་གཅིག་གམ་དུ་མའི་རྒྱ་ལ་དྲངས་ཡོད་པ་ན། སྒྲུང་གཏམ་དེ་དག་གི་བྱུང་རིམ་དང་བྱུང་རིམ་བར་ལ་གཏན་ཚིགས་ཀྱི་འབྲེལ་བ་དམ་པོ་ཞིག་གྲུབ་ཡོད་པ་དང་། གཏན་ཚིགས་ཀྱི་འབྲེལ་བ་དམ་པོ་དེ་ནི་མངོན་པའི་གཏན་ཚིགས་ལ་ངོས་བཟུང་ཆོག་སྟེ། དཔེར་ན་ཁོ་བོའི་སྒྲུང་ཐུང《ཟླ་བ་དང་མེ་ལོང》ལས་བྱུང་རིམ་ནི་ཟླ་བ་སྒྲོལ་མས་ཟླ་བ་ཚེ་རིང་འཚོལ་བའི་གོ་རིམ་དེ་རིམ་པ་ལྟར་དུ་བསྒྲིགས་པ་མ་ཟད། འདས་དུས་དོན་དག་དང་བརྗོད་བྱའི་རྒྱབ་ལྗོངས་སུ་སྐོར་ཞིག་གསབ་བརྗོད་ཀྱི་ཚུལ་དུ་དྲངས་པ་དང་།《ཤ་ཡུ་མོ་ཤེའུ》ལས་བསྟན་འཛིན་ཉི་མའི་མི་ཚེའི་གོ་རིམ་ནི་འགྱུར་ལྡོག་ཆ་དེ་མངོན་པར་གསལ་བའི་དོན་དག་སྐོར་ཞིག་རིམ་པ་ལྟར་དྲངས་ཏེ་བསྟན་པ་ན། བརྩམས་ཆོས་ཀྱི་སྤྱི་ཁོག་ལ་གཏན་ཚིགས་ཀྱི་འབྲེལ་བ་མངོན་པར་གསལ་བ་ཞིག་ཡོད་པར་གྱུར་པ་ལྟ་བུ་ཡིན་ནོ།།
སུམ་བརྒྱ་ལྔ་བཅུ། ག་འདྲ་ཞིག་ལ་བྱུང་རིམ་བར་གྱི་མི་མངོན་པའི་གཏན་ཚིགས་ཟེར།
ལན། མི་མངོན་པའི་གཏན་ཚིགས་ཞེ་པ་ནི་རང་ངོས་ན་འབྲེལ་བ་མེད་པ་འདྲ་བའི་བྱུང་རིམ་སིལ་མ་རྣམས་ཀྱི་རྒྱབ་རོལ་ལ་གབ་འདུག་པའི་འབྲེལ་བ་དེ་ལ་གོ་དགོས་འདུག་སྟེ། སྒྲུང་གཏམ་ལ་ལ་རྩོམ་གྲབས་བྱེད་སྐབས། གལ་སྲིད་བྱུང་རིམ་བྱེ་བྲག་པ་རྣམས་སིལ་བུར་ཐོར་ཏེ་བྱུང་རིམ་རང་ངོས་ནས་བརྗོད་བྱ་རིལ་པོ་ཞིག་འགྲུབ་མི་ནུས་པ་དང་། བྱུང་རིམ་སིལ་མ་རྣམས་ནི་གཏན་ཚིགས་ཀྱི་འབྲེལ་བ་ཅི་ཡང་མེད་པའི་སྒོ་ནས་སིལ་བུར་བརྗོད་ན་ཀློག་མཁན་ལ་གོ་ཉེས་འབྱུང་བའི་ཉེན་ཁ་ཡོད་པ་ན། རྩོམ་པ་པོས་སྒྲུང་གཏམ་གྱི་བྱུང་རིམ་བྱེ་བྲག་པ་དེ་དག་ལ་མི་མངོན་པའི་གཏན་ཚིགས་ཀྱི་འབྲེལ་བ་འབྱུང་བར་བྱེད་པའི་ལས་ལ་འབད་དགོས་ཏེ། དཔེར་ན་ང་རང་གི་སྒྲུང་གཏམ《རླུང》ལ་ཆ་མཚོན་ན། བྱུང་རིམ་བྱེ་བྲག་པ་རྣམས་ནི་སློབ་ཆེན་སློབ་མའི་འཚོ་བ་ལས་དོན་དག་བྱེ་བྲག་པ་སྐོར་ཞིག་ཡིན་པས། དེ་དག་ནི་གོ་རིམ་ཞིག་གི་རྒྱ་ལ་འདྲེན་དཀའ་བ་མ་ཟད། དོན་དག་རང་ངོས་སུ་འབྲེལ་བ་ཅི་ཡང་མེད་པ་ན། སྒྲུང་གཏམ་འདི་ཉིད་གསར་རྩོམ་བྱེད་སྐབས། མི་སྣ“ང”ནི་བརྗོད་བྱའི་སྲོག་ཤིང་ལ་བཀོད་དེ། མི་སྣ“ང”ཡིས་སྒྲུང་གཏམ་ཞིག་རྩོམ་བཞིན་ཡོད་པ་དང་། བྱུང་རིམ་སིལ་མ་རྣམས་ནི“ང”ཡི་སློབ་ཆེན་སློབ་མའི་འཚོ་བ་ལས་བརྗེད་དཀའ་བའི་དོན་དག་འབའ་ཞིག་ཡིན་པའི་ཚུལ་དུ་བརྗོད་པ་ན། བྱུང་རིམ་སིལ་མ་རྣམས་ལ་མི་མངོན་པའི་གཏན་ཚིགས་ཤིག་བྱུང་སྟེ། དེ་དག་ལྷན་དུ་བསྡེབས་རྗེས་བརྗོད་བྱ་རིལ་པོ་གཅིག་སྟོན་ཐུབ་པར་གྱུར་པ་ལྟ་བུའོ།།
སུམ་བརྒྱ་ང་གཅིག བརྗོད་བྱའི་སྔ་ཕྱི་གཉིས་ཀའི་རྒྱས་བསྡུས་དོ་མཉམ་དགོས་ན་ཐབས་ལམ་ཅི་ཞིག་ཡོད།
ལན། སྒྲུང་གཏམ་བྱེ་བྲག་པ་ཞིག་རྩོམ་སྐབས། བརྩམས་ཆོས་སྤྱི་ལ་རྒྱས་བསྡུས་ཀྱི་དབྱེ་བ་གསལ་དགོས་པ་མ་ཟད། བརྗོད་བྱའི་མགོ་མཇུག་བར་གསུམ་གྱི་བྱུང་རིམ་བྱེ་བྲག་པ་མང་པོའི་རྒྱས་བསྡུས་དོ་མཉམ་མིན་ལའང་ཡིད་འཇོག་ཆེན་པོ་བྱ་དགོས་འདུག་སྟེ། སྒྲུང་གཏམ་པས་སྒྲུང་གཏམ་གང་དང་གང་ཞིག་འབྲི་སྐབས། གལ་སྲིད་དམིགས་འབེན་འདི་ཉིད་མངོན་པར་འགྱུར་དགོས་ན། བརྗོད་སྙིང་ལེགས་པར་སྟོན་པའི་དགོས་མཁོ་དང་བསྟུན་ཏེ། བྱུང་རིམ་རྒྱས་དགོས་པ་རྣམས་རྒྱས་པར་བརྗོད་པ་དང་། བསྡུ་དགོས་པ་རྣམས་བསྡུས་ནས་སྟོན་པ་དང་། བརྗོད་སྙིང་ལ་འབྲེལ་བ་མེད་པའམ་ཀློག་མཁན་རང་ཉིད་ཀྱིས་རྟོགས་སྲིད་པ་ཡོངས་སུ་སྤངས་ཏེ་བྱུང་རིམ་གྱི་ཚོགས་པ་འདྲེན་ལུགས་ལ་གཅིག་མཐུན་གྱི་ཁྱད་ཆོས་ལྡན་པར་བྱས་ན། སྒྲུང་གཏམ་གྱི་བརྗོད་བྱའི་ཁག་སྔ་མ་དང་ཕྱི་མ་ཕྱི་མ་ཐམས་ཅད་ཀྱི་རྒྱས་བསྡུས་ཀྱི་ཚད་ནི་དོ་མཉམ་པར་འགྱུར་ངེས་ཡིན།
སུམ་བརྒྱ་ང་གཉིས། བརྗོད་བྱའི་སྔ་ཕྱི་གཉིས་ཀ་དོ་མཉམ་དགོས་ན་ཕྱོགས་གང་དག་ལ་བརྟེན་དགོས།
ལན། སྒྲུང་གཏམ་གྱི་བརྗོད་བྱའི་སྔ་ཕྱི་གཉིས་ཀ་དོ་མཉམ་དགོས་ན་བྱུང་རིམ་བཀོད་འབྲི་དང་བྱུང་རིམ་སྡེབ་སྒྲིག་གཉིས་ཀར་ཡིད་འཇོག་ཆེན་པོ་བྱ་དགོས་འདུག
སུམ་བརྒྱ་ང་གསུམ། བརྗོད་བྱའི་སྔ་ཕྱི་གཉིས་ཀ་དོ་མཉམ་དགོས་ན་བྱུང་རིམ་བཀོད་འབྲི་ཐད་དུ་ཚད་གཞི་ག་འདྲ་ཡོད།
ལན། སྒྲུང་གཏམ་གང་དང་གང་ཞིག་གི་སྤྱི་ཁོག་གཏན་ལ་འབེབས་སྐབས། རྩོམ་པ་པོས་སྒྲུང་གཏམ་ལས་ཅི་ཞིག་སྟོན་པར་འདོད་པའི་འདུན་པ། བརྗོད་བྱར་རྙོག་དྲ་ལྡན་མིན། མི་སྣའི་འབྲེལ་བ་རྙོག་དྲ་ཡིན་མིན་སོགས་ལ་དམིགས་ཏེ་སྒྲུང་གཏམ་ཞིག་གི་བྱུང་རིམ་གྱི་རྒྱས་བསྡུས་ཐག་གིས་གཅོད་བཞིན་ཡོད་ལ། དཔེར་ན་ཁོ་བོའི《ཨ་ཁུ་ཁྱི་སྐྱག་རྟ་ལ་དགའ》ཞེས་པའི་སྒྲུང་ཐུང་འདི་ལ་ཆ་མཚོན་ན། གཅིག་ན་སྒྲུང་གཏམ་ལས་ཨ་ཁུ་ཁྱི་སྐྱག་རྟ་ལ་ཇི་ལྟར་དགའ་བ་ཙམ་ལས་སྟོན་འདོད་མེད་པ་དང་། གཉིས་སུ་ཨ་ཁུ་ཁྱི་སྐྱག་རྟ་ལ་དགའ་ལུགས་དེ་མི་དང་མིའི་བར་གྱི་འགལ་བ་དང་འབྲེལ་བ་རྙོག་དྲ་ཅན་ཞིག་ལ་བརྟེན་ནས་སྟོན་མི་དགོས་པས། སྒྲུང་གཏམ་གྱི་མགོ་མཇུག་བར་གསུམ་ནི་དཔེ་མཚོན་རང་བཞིན་ལྡན་པའི་བྱུང་རིམ་བསྡུས་མ་སྐོར་ཞིག་ལ་བརྟེན་ནས་བསྡུས་པར་བསྟན་པ་ལྟ་བུ་ཡིན་ལ། ཡང་དཔེར་ན་ཁོ་བོའི་སྒྲུང་གཏམ《བསོད་ནམས》ལ་ཆ་མཚོན་ན་བརྗོད་བྱའི་ཁེབས་རྒྱ་ཅུང་ཟད་ཆེ་བ་དང་། མི་སྣའི་བར་གྱི་འགལ་བའམ་འབྲེལ་བར་རྙོག་དྲ་ཅུང་ཟད་ལྡན་པས། སྒྲུང་གཏམ་གྱི་བྱུང་རིམ་གལ་ཆེ་བ་རྣམས་ནི་ཞིབ་ཕྲ་ཡོད་པའི་སྒོ་ནས་རྒྱས་པར་བསྟན་པ་ལྟ་བུའོ།།
སུམ་བརྒྱ་ང་བཞི། བརྗོད་བྱའི་སྔ་ཕྱི་གཉིས་ཀ་དོ་མཉམ་དགོས་ན་བྱུང་རིམ་སྡེབ་སྒྲིག་ཐད་དུ་ཚད་གཞི་ག་འདྲ་ཡོད།
ལན། སྒྲུང་གཏམ་སྐོར་ཞིག་གི་བྱུང་རིམ་བཀོད་སྒྲིག་བྱེད་སྐབས། གལ་སྲིད་ཐོག་མའི་གཏམ་རྒྱུད་ཀྱི་སྤྱི་ཁོག་ལས་བྱུང་རིམ་ཁ་ཤས་ལ་རྙོག་དྲ་ཆེ་བ་དང་བྱུང་རིམ་མང་པོར་རྙོག་དྲ་དེ་ཙམ་མེད་ན། བྱུང་རིམ་རྙོག་དྲ་ཅན་ཁ་ཤས་སིལ་བུར་གཏོར་ཏེ། དེ་དག་གི་ཁག་སྐོར་ཞིག་གཏན་ཚིགས་མི་འགལ་བའི་ངང་ནས་བྱུང་རིམ་རྙོག་དྲ་མེད་པའི་གྲས་ལ་སྡེབ་སྒྲིག་བྱེད་པའམ། ཡང་ན་ཚན་པ་གཞན་ཞིག་དུ་བསྒྱུར་ཏེ་གཏམ་རྒྱུད་ཀྱི་བར་མཚམས་ཤིག་ལ་གསབ་བཞིན་ཡོད། དཔེར་ན་ཁོ་བོ་སྒྲུང་གཏམ་སྟེ《དཔལ་འབྱོར》ཞེས་པར་ཆ་མཚོན་ན། སྡེ་དཔོན་སྐྱབས་ལོས་ཀླུ་རྒྱལ་ཕོ་བྲང་གི་སྤྱི་གཉེར་བ་ཆེན་མོ་བཀྲ་ཤིས་ལ་ཁ་པར་གཏོང་སྐབས། གཉིས་ཀས་བསྐྱིས་དངུལ་སྤྲོད་མིན་གྱི་ཐད་ནས་གཏམ་གླེང་རིང་མོ་བྱ་དགོས་འདུག་མོད། གལ་སྲིད་གཏམ་དེ་ཇི་བཞིན་དྲངས་ན་སྒྲུང་གཏམ་གྱི་ཚན་པ་དང་པོ་རྒྱས་དྲགས་ཏེ། བྱུང་རིམ་དེ་ཉིད་ཀྱི་རྒྱས་བསྡུས་ནི་བྱུང་རིམ་ཕྱི་མ་རྣམས་དང་དོ་མི་མཉམ་པའི་གནས་ཚུལ་འབྱུང་སྲིད་པས། ཁག་དེ་ནི་ཚན་པ་ཕྱི་མར་བསྡེབས་ཏེ་བསྡུས་པར་བརྗོད་པ་ལྟ་བུ་ཡིན་ལ། དེ་མིན་སྒྲུང་འབྲིང་སྟེ《ར་བྷ་འདྲེ་མིག་དང་རིན་ཆེན་རྐྱལ་ཁ》ཞེས་པར་ཆ་ཆ་མཚོན་ན། ར་བྷ་འདྲེ་མིག་གི་ཨ་མའི་གནས་ཚུལ་རྣམས་གལ་སྲིད་ལེའུ་གཉིས་པར་ཁོ་མོ་གླེང་སྐབས་ཡོངས་སུ་རྫོགས་པར་མཚམས་སྦྱོར་བྱས་པ་ན་གཅིག་ན་བརྗོད་དོན་གཙོ་བོ་སྤངས་ནས་ཡལ་གར་འཇུ་དགོས་པ་དང་། གཉིས་སུ་སྒྲུང་གཏམ་ཡོངས་ཀྱི་བྱུང་རིམ་དོ་མཉམ་པའི་གེགས་སུ་འགྱུར་ཉེན་ཡོད་པས། ཁག་དེ་ཉིད་དུམ་བུ་གཉིས་སུ་བགོས་ཏེ་ལེའུ་གཉིས་པར་མདོར་བསྡུས་ཙམ་བརྗོད་རྗེས། ལེའུ་གསུམ་པར་ར་བྷ་འདྲེ་མིག་དང་རིན་ཆེན་རྐྱལ་ཁ་གཉིས་ཀ་མཚན་མོ་སྤྱིལ་བུ་ཞིག་ཏུ་ཞག་སྡོད་བྱེད་སྐབས། ར་བྷ་འདྲེ་མིག་གིས་ཨ་མ་དྲན་པའི་གོ་སྐབས་དང་བསྟུན་ནས་ལེའུ་དང་པོར་མ་བརྗོད་པའི་སྐོར་དེ་ཞིབ་ཏུ་བརྗོད་པ་ན། རྩོམ་མཁན་གྱིས་བརྗོད་བྱའི་གཞུང་རྟ་སྤངས་ནས་ཡལ་ག་ལ་འཇུ་མི་དགོས་པ་མ་ཟད། བྱུང་རིམ་དོ་མཉམ་པ་ལ་ཤིན་ཏུ་ཕན་པར་གྱུར་པ་ལྟ་བུའོ།།
སུམ་བརྒྱ་ང་ལྔ། མི་སྣ་འདྲེན་ཚུལ་ལུགས་དང་བསྟུན་ལུགས་ག་འདྲ་ཡོད།
ལན། སྒྲུང་གཏམ་གྱི་སྤྱི་ཁོག་ལ་གཅིག་གྱུར་དང་འཆམ་མཐུན་གྱི་ཁྱད་ཆོས་ལྡན་དགོས་ན། བརྩམས་ཆོས་སུ་མི་སྣ་འདྲེན་ཚུལ་ལུགས་དང་མཐུན་དགོས་པ་དང་། མི་སྣ་འདྲེན་ཚུལ་ལུགས་དང་མཐུན་དགོས་ན། བྱུང་རིམ་གྱི་འགྲོས་དང་བསྟུན་ནས་མི་སྣ་འདྲེན་པ་དང་མི་སྣའི་འབྲེལ་བ་ལུགས་དང་མཐུན་པའི་སྒོ་ནས་གཏན་ལ་དབབ་དགོས་འདུག
སུམ་བརྒྱ་ང་དྲུག མི་སྣ་གང་ལྟར་དྲངས་ན་བྱུང་རིམ་གྱི་འགྲོས་དང་མཐུན་ངེས་ཡིན།
ལན། སྒྲུང་གཏམ་ཕལ་མོ་ཆེའི་སྤྱི་ཁོག་གཏན་སྐབས། མི་སྣ་ནི་བྱུང་རིམ་མདུན་ལ་འདེད་པའི་འགྲོས་དང་བསྟུན་ནས་བརྩམས་ཆོས་སུ་འདྲེན་བཞིན་ཡོད་ལ། འདི་ལྟར་དྲངས་པ་ན་མི་སྣ་འདྲེན་ལུགས་དེ་འཚོ་བ་དངོས་ཀྱི་ཁྲོད་དུ་མི་དང་མིའི་བར་ལ་འགལ་བའམ་འབྲེལ་བ་བྱུང་ལུགས་དང་ཡོངས་སུ་མཐུན་པར་འགྱུར་བ་མ་ཟད། སྒྲུང་གཏམ་གྱི་སྤྱི་ཁོག་ལ་གཅིག་གྱུར་དང་འཆམ་མཐུན་འབྱུང་བར་ཤིན་ཏུ་ཕན་པར་འདོད། ཁོ་བོའི་སྒྲུང་གཏམ་རྣམས་ལས《འཕྲིན་ལས་རྒྱ་མཚོ》དང་། 《ཤ་ཡུ་མོ་ཤེའུ》དང་།《ཨ་ཁུ་ཁྱི་སྐྱག་རྟ་ལ་དགའ》དང་། 《དཔལ་འབྱོར》སོགས་ཀྱི་མི་སྣ་རྣམས་ནི་བྱུང་རིམ་གྱི་འགྲོས་དང་བསྟུན་ཏེ་སྒྲུང་གཏམ་དུ་དྲངས་པ་ཡིན་ལ། དེ་དག་ལས་སྒྲུང་ཐུང《དཔལ་འབྱོར》གྱི་སྤྱི་ཁོག་བཀོད་སྒྲིག་བྱེད་སྐབས། མཆོག་སྤྲུལ་མཁའ་ལྡིང་ལགས་ཀླུ་རྒྱལ་ཕོ་བྲང་ལ་ཕེབས་ཏེ་སྒོར་མོ་ཆིག་ཁྲི་མགྲོན་ཁང་གི་གཏའ་དངུལ་ལ་སྤྲད་པ་ན། སྒོར་མོ་འཁོར་རྒྱུགས་གྱི་འབྲེལ་བ་གཞིར་བཟུང་ནས་སྤྱི་གཉེར་བ་ཆེན་མོ་བཀྲ་ཤིས་དང་། སྡེ་དཔོན་སྐྱབས་ལོ། ཤོ་རྒྱག་འཇམ་དབྱངས། ཟ་ཁང་གི་སྦྱིན་བདག་ཧུ་པའོ། ལུག་མང་ཆོས་རྒྱལ། གྲུ་བ་རྟ་མགྲིན་རྣམས་རིམ་པ་ལྟར་དྲངས་ནས་བྱུང་རིམ་མདུན་ལ་དེད་པ་ན། སྒྲུང་གཏམ་ལ་སྤྱི་ཁོག་གཅིག་གྱུར་དང་འཆམ་མཐུན་ཅན་ཞིག་བྱུང་སྟེ་སྐྲངས་འབུར་དུ་འདོད་པའི་སྐྱོན་མེད་པར་གྱུར་པ་ལྟ་བུའོ།།
སུམ་བརྒྱ་ང་བདུན། མི་སྣ་འདྲེན་ལུགས་མི་སྣའི་འབྲེལ་བ་དང་གང་ལྟར་བསྟུན་དགོས།
ལན། སྒྲུང་གཏམ་སྐོར་ཞིག་གི་སྤྱི་ཁོག་གཏན་ལ་འབེབ་སྐབས། མི་སྣ་གཙོ་བོ་སྲོག་ཤིང་དུ་བཀོད་རྗེས། མི་སྣ་གཙོ་བོ་དེ་དང་མི་སྣ་གཞན་པའི་བར་ལ་འགལ་བ་དང་འབྲེལ་བ་བྱུང་ལུགས་དང་བསྟུན་ཏེ་མི་སྣ་ཕལ་བ་རྣམས་རིམ་པ་བཞིན་བརྩམས་ཆོས་སུ་འདྲེན་བཞིན་གདའ། དཔེར་ན་ཁོ་བོའི་སྒྲུང་གཏམ《རླུང》ཞེས་པར་ཆ་མཚོན་ན། བྱུང་རིམ་བཀོད་སྒྲིག་བྱས་ཏེ་སྤྱི་ཁོག་གཏན་ལ་འབེབ་སྐབས་མི་སྣ“ང”སྟེ་བསོད་ནམས་རྒྱ་མཚོ་ནི་རྩོམ་གྲབས་ཡོད་པའི་བརྩམས་ཆོས་ཀྱི་སྲོག་ཤིང་དུ་བཀོད་རྗེས། མི་སྣ་གཙོ་བསོད་ནམས་རྒྱ་མཚོ་དང་མི་སྣ་ཕལ་བ་སྒྲོལ་མ། འཛིན་བདག་བཙན་པོ་མ། རྟ་མགྲིན། ནུབ་གླིང་མ་རྟོགས་ལྡན་ལྷ་མོ། སློབ་གླིང་གི་མགོ་ཁྲིད།བསོད་ནམས་རྒྱ་མཚོའི་ཕ་མ། དཔལ་འབྱོར་ཚེ་རིང་། ཆང་ཁང་གི་ཞབས་ཞུ་མ་སོགས་ཀྱི་བར་ལ་འགལ་བ་དང་འབྲེལ་བ་བྱུང་ལུགས་གཞིར་བཟུང་སྟེ་མི་སྣ་ཕལ་བ་རྣམས་བརྩམས་ཆོས་སུ་དྲངས་པ་ན། དོན་དག་སིལ་མ་མང་པོ་ཞིག་ལྷན་དུ་འདུས་ཏེ་སྒྲུང་གཏམ་ལ་བྱུང་རིམ་དཔེ་མཚོན་རང་བཞིན་ལྡན་པ་མང་པོ་ལྡན་པར་གྱུར་པ་མ་ཟད། སྒྲུང་གཏམ་ལ་སྤྱི་ཁོག་འཆམ་མཐུན་ཞིག་ཀྱང་བྱུང་སོང་བ་ལྟ་བུའོ།།
སུམ་བརྒྱ་ང་བརྒྱད། ཁུངས་སྣེ་འཛིན་ལུགས་བརྗོད་བྱ་དང་བསྟུན་སྐབས་ཕྱོགས་གང་དག་ལ་བསམ་བློ་གཏང་དགོས།
ལན། སྤྱིར་བཏང་དུ་སྒྲུང་གཏམ་གང་དང་གང་ཞིག་གི་སྤྱི་ཁོག་གཏན་ལ་འབེབ་སྐབས། དེ་ཉིད་ཀྱི་སྒྲིག་གཞི་ནི་རྩོམ་མཁན་གྱི་སྒྱུ་རྩལ་མོས་འདུན་དང་བརྗོད་བྱའི་ཁྱད་ཆོས་གཉིས་ཀར་མི་བསྟུན་ཐབས་མེད་ཡིན་མོད། འོན་ཏེ་བརྗོད་བྱ་མི་འདྲ་མི་འདྲ་སྣ་ཚོགས་དང་འཕྲད་སྐབས། རྩོམ་མཁན་གྱིས་རང་ཉིད་ཀྱི་སྒྱུ་རྩལ་མོས་འདུན་དང་གང་ཞིག་བརྗོད་པར་འདོད་པའི་ཀུན་སློང་དེ་གཞིར་བཟུང་ནས་བརྗོད་བྱ་དང་བརྗོད་འདོད་གཉིས་ཀར་བསམ་བློ་གཏང་དགོས་འདུག
སུམ་བརྒྱ་ང་དགུ། ཁུངས་སྣེ་འཛིན་ལུགས་བརྗོད་བྱ་དང་བསྟུན་སྐབས་བརྗོད་བྱ་ལ་བསམ་བློ་གང་ལྟར་གཏང་དགོས།
ལན། སྒྲུང་གཏམ་མང་པོ་ཞིག་ལ་ཆ་མཚོན་ན། དེ་དག་གི་ཁུངས་སྣེ་ནི་བརྗོད་བྱའི་ཁྱད་ཆོས་དང་བསྟུན་དགོས་འདུག་སྟེ། གལ་སྲིད་སྐབས་སུ་བབས་པའི་བརྗོད་བྱ་ལ་རྙོག་དྲ་མེད་པ་དང་། ཡུལ་དུས་ཀྱི་ཁེབས་རྒྱ་ཆུང་བ་ན། ཁུངས་སྣེ་གཅིག་ཅན་གྱི་རྒྱ་ལ་དྲངས་ནས་བྱུང་རིམ་མདུན་ལ་དེད་ན་ཆོག་ལ། དཔེར་ན་ཁོ་བོའི་སྒྲུང་གཏམ་རྣམས་ལས《གལ་ཏེ》དང་། 《ཧ་ཅང་ཧ་ཅང》དང་། 《ཤ》དང། 《མེད》དང་། 《དཔལ་འབྱོར》སོགས་ཀྱི་བརྗོད་བྱ་ལ་ཡུལ་དུས་ཀྱི་ཁྱབ་རྒྱ་ཆུང་བ་དང་མི་སྣ་དང་མི་སྣའི་བར་གྱི་འགལ་བའམ་འབྲེལ་བ་རྙོག་དྲའི་གཞི་ལ་ཚུད་མེད་པ་ན། དེ་དག་གི་བྱུང་རིམ་ནི་ཁུངས་སྣེ་གཅིག་གི་རྒྱ་ལ་དྲངས་ཏེ་མདུན་ལ་དེད་པ་ཡིན། 《སྲིན་པོ་གཡུ་རྔོག་དང་ཉི་མ་ལྷ་ས》ལ་ཆ་མཚོན་ན། བརྗོད་བྱའི་ཡུལ་དུས་ཀྱི་ཁེབས་རྒྱ་ཅུང་ཆེ་བ་དང་། མི་སྣ་མང་བ་ལས་གཞན་མི་སྣ་མི་སྣའི་བར་གྱི་འགལ་བ་དང་འབྲེལ་བར་རྙོག་དྲ་ཅུང་ཟད་ཆེ་བ་ན། གལ་སྲིད་དེ་ཉིད་ཀྱི་བརྗོད་བྱ་ཁུངས་སྣེ་གཅིག་གི་རྒྱ་ལ་དྲངས་ཏེ་བརྗོད་པ་ན།གཅིག་ན་གཏམ་རྒྱུད་ཀྱི་རྒྱུན་གཅིག་ཡུན་ནས་ཡུན་ལ་བརྗོད་དགོས་པས་ཀློག་པ་པོ་ལ་སུན་སྣང་འབྱུང་སྲིད་པ་དང་། གཉིས་སུ་སྒྲུང་གཏམ་གྱི་བརྗོད་སྙིང་མཚོན་པར་དགོས་མཁོ་ཅི་ཡང་མེད་པའི་དོན་དག་ལྷག་མ་སྐོར་ཞིག་མ་དྲངས་ན་སྤྱི་ཁོག་ལ་གཅིག་གྱུར་དང་འཆམ་མཐུན་འབྱུང་དཀའ། དེར་བརྟེན། སྒྲུང་གཏམ་འདི་ཉིད་གསར་རྩོམ་བྱེད་སྐབས། གཏམ་རྒྱུད་རིལ་པོ་གཅིག་གི་ཁུགས་སོ་གཏུབས་ཏེ། སྒྲོལ་མའི་ཨ་ཕ་དང་ཁོའི་ཚེ་རབས་གོང་མ་ཁུངས་སྣེ་བྱས་པ་དང་། སྒྲོལ་མ་དང་ཁོ་མོའི་མི་རབས་ཕྱི་མ་ཁུངས་སྣེ་གཅིག་བྱས་རྗེས། ཁུངས་སྣེ་གཉིས་ཀ་སིལ་བུར་གཏོར་ནས་ལྷན་དུ་སྡེབ་བཞིན་བྱུང་རིམ་མདུན་ལ་དེད་པ་ཡིན་ལ། དེ་མིན། 《གླག》དང་། 《བྱང་ཆུབ་སེམས་དཔའ། སྤྱང་མོ། ད་དུང་འཇིགས་སུ་རུང་བའི་དམྱལ་ཁམས》སོགས་ཀྱི་ཁུངས་སྣེ་འཛིན་ལུགས་ཀྱང《སྲིན་པོ་གཡུ་རྔོག་དང་ཉི་མ་ལྷ་ས》དང་ཡོངས་སུ་མཐུན་ནོ།།
སུམ་བརྒྱ་དྲུག་ཅུ། ཁུངས་སྣེ་འཛིན་ལུགས་བརྗོད་བྱ་དང་བསྟུན་སྐབས་བརྗོད་འདོད་དམིགས་པ་གཏད་དགོས་དོན་ཅི།
ལན། སྒྲུང་གཏམ་སྐོར་ཞིག་གི་ཁུངས་སྣེ་འཛིན་ལུགས་ནི་རྩོམ་མཁན་གྱིས་ཅི་ཞིག་བརྗོད་པར་འདོད་པ་དང་འབྲེལ་བ་དམ་པོ་ཡོད་པ་འདྲ་སྟེ། དཔེར་ན་ཁོ་བོས་སྒྲུང་གཏམ《ནས》རྩོམ་སྐབས། གཏེར་སྟོན་རབས་གཉིས་ཀྱི་གཏམ་རྒྱུད་བརྗོད་འདོད་པ་མ་ཟད། གཏེར་སྟོན་གྱི་རབས་སྔོན་མ་ནི་རབས་ཕྱི་མའི་རྒྱབ་ལྗོངས་སུ་འགོད་པའི་འདུན་པ་བྱུང་བ་ན། ཇོ་རུ་དང་ཨ་ཁུ་ཁྲོ་ཐུང་གཉིས་ཀ་འདན་མ་ནས་རྫོང་འབེབ་པར་ཕྱིན་པ་དེ་ཁུངས་གཅིག་བྱས་པ་དང་། སྔགས་འཆང་པད་མ་ཁྲོ་རྒྱལ་གྱིས་བུ་ཆུང་ཇོ་སྐྱབས་རྗེས་སུ་ཁྲིད་དེ་མེས་པོའི་གཅེས་ནོར་འཚོལ་བར་ཕྱིན་པ་དེ་ཁུངས་སྣེ་གཅིག་བྱས་རྗེས། རྒྱུན་མི་འདྲ་བའི་གཏམ་རྒྱུད་གཉིས་ཀ་སིལ་བུར་གཏོར་ཏེ་ལྷན་དུ་སྡེབ་བཞིན་བྱུང་རིམ་མདུན་ལ་དེད་པ་ཡིན། དེ་མིན། 《མེ་ལོང་ནང་གི་ཕྱེ་མ་ལེབ》ལས་སེམས་ཁམས་ལ་ལྷད་ཞུགས་པའི་སྐྱེས་པ་ཞིག་གི་སྣང་བརྙན་གསར་སློང་བྱེད་ཆེད། མི་སྣ་གཙོ་བོ་སྟེ“ང”ནི་ཇ་ཁང་དུ་བསྡད་དེ་དངོས་ཡོད་དང་འཕྲུལ་སྣང་དང་། འཕྲུལ་སྣང་ནས་དངོས་ཡོད་གཉིས་ཀར་འཇུག་ལྡོག་བྱེད་པའི་རྣམ་པ་དེ་དམིགས་སུ་བཟུང་ནས་བྱུང་རིམ་མདུན་ལ་དེད་པ་དང་། བརྩམས་ཆོས་ཀྱི་སྒྱུ་རྩལ་རྔམས་ཀ་ཇེ་མཐུག་ལ་གཏོང་ཆེད། “ང”དང་ཆུང་མ་སྔ་ཕྱི་གཉིས་ཀའི་འགལ་བ་དང་འབྲེལ་བ་དེ་ཁུངས་སྣེ་ཕལ་བར་བཟུང་རྗེས། ཁུངས་སྣེ་ཕལ་བ་ནི་སིལ་བུར་གཏོར་ཏེ་ཁུངས་སྣེ་གཙོ་བོའི་བར་མཚམས་སུ་གསབ་པ་ཡིན་ནོ།།
[1]བཀྲ་བྷ། 《རླུང》2017ལོའི《སྦྲང་ཆར》དེབ་བཞི་པ། ཤོག་ངོས37ན་གསལ།
[2]བཀྲ་བྷ། 《མེ་ལོང་ནང་གི་ཕྱེ་མ་ལེབ》2016ལོའི《སྦྲང་ཆར》དེབ་གསུམ་པ། ཤོག་ངོས94ན་གསལ།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10