དཔེ་ཀློག་དང་མི་ཚེ། བྱང་འབྲོག་གི་ལམ་ཡིག་ཅེས་པ་བཀླགས་རྗེས།

གཙང་ཞོགས་སྤྲིན།        2020-04-24

༡《བྱང་འབྲོག་གི་ལམ་ཡིག》བཀླགས་རྗེས་ཀྱི་བསམ་གཞིག་ཐར་ཐོར།

གཙང་ཞོགས་སྤྲིན།


གཅིག  ཐོག་མའི་གླེང་སློང་།

     《བྱང་འབྲོག་གི་ལམ་ཡིག》ནི་བདག་གིས་ད་ལོར་བཀླགས་པའི་དེབ་བརྒྱད་པ་ཡིན། ན་ནིང་དང་བསྡུར་ན་ད་ལོར་དཔེ་ཆ་མང་པོ་ཞིག་ཀློག་ཐུབ་ཀྱིན་མེད། སྟོང་ལོ་བཅུ་དགུ་པའི་ལོ་མགོ་ནས་བཟུང་། བདག་གིས་ཕལ་ཆེར་གཟའ་འཁོར་རེར་དཔེ་དེབ་རེ་བཀླགས་པ་ཡིན་ལ།བཀླགས་པ་རྣམས་ཀྱང་གླིང་སྒྲུང་ལས《ཧོར་གླིང་གཡུལ་འགྱེད》ལྟ་བུ་དང་རྒན་གོང་ཨོ་རྒྱན་རྡོ་རྗེས་བོད་འགྱུར་གནང་བའི《སྦལ་པ》ལྟ་བུ། རྩོམ་པ་པོ་སྟག་འབུམ་རྒྱལ་གྱི་ཁྱི་སྒྲུང་ཕྱོགས་བསྒྲིགས《ཁྱི་རྒན》ལྟ་བུ། རྩོམ་རིག་དཔྱད་བརྫོད་པ་ཨ་བུའམ་ཆོས་སྐྱོང་གིས་བརྩམས་པའི《ཟིང་ལོང་རྡེའུ་འགྲེམས》ལྟ་བུ། དགེ་རྒན་བཀྲ་བྷས་འགྲེལ་པ་མཛད་པའི《རཱ་མ་ཎའི་རྟོགས་བརྗོད་ཀྱི་འགྲེལ་པ》ལྟ་བུའི་དཔེ་ཆ་མཐུག་པོ་འབའ་ཞིག་ཏུ་སྣང་། དེ་ལྟར་བགྲང་བྱ་ཧྲིལ་པོ་གཅིག་ལ་དཔེ་ཆ་ལྔ་བཅུར་ལོངས་ཙམ་ཞིག་བཀླགས་ཐུབ་སོང་། འོན་ཀྱང་། སྟོང་ལོ་བཅུ་དགུ་པའི་ལོ་མཇུག་ཏུ། བདག་གིས་རང་ཉིད་ཀྱི་དཔེ་ཀློག་དང་རྩོམ་འབྲི་སོགས་ལོ་གཅིག་གི་བྱ་བར་ཕྱིར་རྟོག་ཐེངས་གཅིག་བྱས་དུས། ཕལ་ཆེར་བཀླགས་ཟིན་པ་ཐམས་ཅད་བརྗེད་ཟིན་པའི་ཚད་དུ་འདུག་པས། ཐོག་མར་རང་ཉིད་ཀྱི་བརྗེད་ངས་རྐུན་པོར་ཁོང་ཁྲོ་ཞིག་ལངས་པ་དང་། སླར་ཡང་རང་ཉིད་ཀྱི་ལོ་ངོ་གཅིག་གི་དཔེ་ཀློག་ལེགས་འགྲུབ་བྱུང་མི་འདུག་སྙམ་པའི་ཡི་ཆད་དང་འཁང་ར་ཞིག་ཀྱང་སྐྱེས། འོན་ཀྱང་། བསམ་བློ་ཡང་དང་བསྐྱར་དུ་བཏང་རྗེས། ངས་རང་ཉིད་ལ་སེམས་གསོ་ཐུབ་པའི་གནས་ལུགས་ཤིག་དྲན་བྱུང་སྟེ། ང་ཚོས་ཆུང་བྱིས་པ་ནས་ད་བར་དུ་ཟ་མ་ཅི་ཞིག་ཟོས་པ་སུས་ཀྱང་གསལ་པོར་དྲན་མི་ཐུབ་མོད། འོན་ཀྱང་། ཟ་མ་དེ་དག་ང་ཚོའི་ལུས་ཀྱི་ཡན་ལག་སོ་སོར་འཐིམ་སྟེ་ད་ལྟ་ཡན་ལག་ཐམས་ཅད་རབ་ཏུ་རྒྱས་ཡོད་པ་ནི་ཟ་མ་དེ་དག་གི་སྟོབས་ཀྱིས་ལོས་ཡིན། དེ་བཞིན་དུ་ང་ཚོས་འདས་པའི་ལོ་ཟླའི་ནང་དུ་བཀླགས་ཟིན་པའི་དཔེ་ཆ་རྣམས་རིམ་གྱིས་བརྗེད་འགྲོ་བའི་ཟོལ་དུ་གནས་ཀྱང་། དཔེ་དེབ་སོ་སོའི་ནང་གི་སྙིང་བཅུད་མང་པོ་ཞིག་ཀྱང་ང་ཚོའི་བྱམས་དང་སྙིང་རྗེ། བློ་གྲོས་དང་རིག་སྟོབས་སོགས་རྒྱས་པའི་རྒྱུ་རུ་གྱུར་ཡོད་ངེས་སྙམ་པ་དེ་ཡིན། གང་ལྟར་ཡང་། ད་ལོའི་ལོ་མགོ་ནས་བཟུང་། བདག་གི་དཔེ་ཀློག་བྱེད་སྟངས་ལ་འགྱུར་ལྡོག་ཅུང་ཙམ་བྱུང་ཡོད་དེ། གཙོ་བོ་རང་ཉིད་ལ་ཨུ་ཚུགས་ཆེན་པོ་བྱེད་ཀྱིན་མེད། ནམ་ཞིག་ཀློག་འདོད་ན་དེ་དུས་ཀློག་པ་དང་གང་ཞིག་ཀློག་སྤྲོ་ན་དེ་ཉིད་ཀློག་པ་ཙམ་ཡིན། དེ་ལྟར་བྱས་ན། མ་མཐའ་ཡང་རང་ཉིད་ལ་སྡུག་བསྔལ་ལྷག་མ་ཞིག་གཏད་མི་དགོས་ལ། རྩོམ་ཡིག་གང་ཞིག་བློས་བསླངས་བྱ་བར་ཡང་དུས་ཚོད་འདང་ངེས་ཤིག་ཡོད་འདུག།

དྲང་མོར་བཤད་ན། 《བྱང་འབྲོག་གི་ལམ་ཡིག》ཅེས་པའི་དཔེ་ཆ་ཞིག་ཡོད་པ་ནི་བདག་གིས་ན་ནིང་གཟོད་གོ་ཐོས་བྱུང་བ་ཡིན། དེ་ནི་བོད་ཀྱི་སྒྲུང་གཏམ་རྩོམ་པ་པོ་ཚེ་རིང་དོན་གྲུབ་ལགས་ཀྱིས《རང་གི་གསར་རྩོམ་ཉམས་མྱོང་གླེང་བ》ཞེས་པའི་སྒྲ་བཤུས་ཤིག་ཏུ་མཚམས་སྦྱོར་གནང་འདུག་པས། བདག་གིས《བྱང་འབྲོག་གི་ལམ་ཡིག》ཅེས་པའི་ཁ་བྱང་དེ་ཉིད་མཐོང་མ་ཐག་དཔེ་ཆ་དེར་འབྲོག་པའི་ལོ་རྒྱུས་དང་རིག་གནས་སོགས་ངོ་སྤྲོད་བྱས་ཡོད་པར་འདོད་ཅིང་། རང་ཉིད་འབྲོག་པ་ཞིག་ཡིན་པའི་ཆ་ནས་ངེས་པར་བལྟ་དགོས་སྙམ་པའི་ཀུན་སློང་ཞིག་གིས་ལམ་སང་དཔེ་ཆ་དེ་ཉིད་རྙེད་ཐབས་བྱས་ཀྱང་། སྐབས་དེར་གློག་རྡུལ་གྱི་རྣམ་པ་ཅན་ཞིག་ལས་དེབ་གཟུགས་སུ་བསྐྲུན་པ་ཞིག་རྙེད་མ་བྱུང་། ཡིན་ན་ཡང་། དེ་ཉིད་བསྐྱར་དཔར་བྱས་ནས་བལྟས་ནའང་གཅིག་མཚུངས་རེད་འདོད་དེ། ཐད་ཀར་ཡིག་དཔར་ཁང་ཞིག་ཏུ་བསྐྱར་དཔར་བྱས་ཏེ་མགྱོགས་མྱུར་ཀློག་དགོས་པར་སྙམ། འོན་ཀྱང་། རྒྱུ་རྐྱེན་གང་ཞིག་མ་འཛོམས་པ་མི་ཤེས་མོད། གང་ལྟར་ན་ནིང་གི་ལོར《བྱང་འབྲོག་གི་ལམ་ཡིག》ཀློག་པའི་སྐལ་བ་མ་ཐོབ། ཉིན་འགའི་སྔོན་དུ་ཁོ་བོའི་རྩོམ་གྲོགས་དམ་པ་ཕུན་ཚོགས་བདེ་ལེགས་སོགས་ཀྱིས་བརྩམས་ཆོས་འདི་ཉིད་ལ་ཡང་བསྐྱར་དཔེ་བསྡུར་དང་ཞུ་དག་སོགས་བྱས་ཏེ་དཔར་བསྐྲུན་གནང་འདུག་པ་བདག་ལ་སྐྱེས་སུ་གནང་བས། སེམས་སུ་དགའ་སྤྲོ་ཚད་མེད་ཅིག་རྒྱས་པ་དང་མཉམ་དུ་ཀློག་མགོ་བརྩམས་པ་ཡིན།

གཉིས། ལམ་ཡིག་འདིའི་རྩོམ་པ་པོ་དང་བརྗོད་སྙིང་ངོ་སྤྲོད།
༡༽རྩོམ་པ་པོ་ངོ་སྤྲོད།

བོད་རིག་པའི་ཆེད་མཁས་པ་ཆོས་རྒྱལ་ནམ་མཁའི་ནོར་བུ་མཆོག་ནི་སྤྱི་ལོ1938ལོའི་ཟླ12ཚེས8ཉིན་ཁམས་སྡེ་དགེ་རུ་སྐྱེས་ཤིང་། སྤྱི་ལོ2018ལོའི་ཟླ9ཚེས27ཉིན་ཕྱིའི་རྒྱལ་ཁབ་ཨི་ཐ་ལ་ནས་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས། མཁས་དབང་ཁོང་གིས་བོད་ཀྱི་རིག་གནས་འདི་ཉིད་འཛམ་གླིང་ཡོངས་ཁྱབ་རང་བཞིན་ཅན་དུ་གོམ་པ་སྤོ་བའི་ཕྱོགས་སུ་དམིགས་བསལ་གྱི་ནུས་པ་ཆེན་པོ་ཐོན་ཡོད་པ་རེད། དཔེར་ན། ཁོང་གི་སློབ་མའི་ཁྱབ་ཁོངས་ལ་ཨ་མེ་རི་ཁ་དང་ཧྥ་རན་སི་སོགས་རྒྱལ་ཁབ40ལྷག་བརྒལ་ཡོད་པ་དང་། སློབ་མའི་གྲངས་ཚད་ཀྱང་འབུམ་ཕྲག་གཅིག་ལྷག་ཏུ་སོང་འདུག། ད་དུང་ཁོང་གི་ཞང་བོད་ལོ་རྒྱུས་ཏི་སེའི་འོད་ལ་སོགས་པའི་བརྩམས་ཆོས་དག་འཇར་མན་དང་། ཨུ་རུ་སུ་སོགས་ཀྱིས་མཚོན་འཛམ་གླིང་གི་ཡིག་རིགས་མི་འདྲ་བ་བཅུ་ལྷག་ལ་བསྒྱུར་འདུག། དུང་ཨ་ཤེ་ཡའི་རྒྱལ་སྤྱིའི་མཐུན་སྒྲིལ་ཚོགས་པ་གསར་དུ་བཙུགས་པ་སོགས་བོད་རིག་པར་ཕྱག་ལས་མང་དུ་གནང་ཡོད། ཁོང་གི་བརྩམས་ཆོས་ལ《ཞང་བོད་ལོ་རྒྱུས་ཏི་སེའི་འོད》དང《བོད་ཀྱི་ལོ་རྒྱུས་ལས་འཕྲོས་པའི་གཏམ་མུ་ཏིག་ཕྲེང་བ》 《བོད་རིགས་གཞོན་ནུ་རྣམས་ལ་གྲོས་སུ་འདེབས་པ་གཟི་ཡི་ཕྲེང་བ》 《ཞང་བོད་གནའ་རབ་ཀྱི་ལོ་རྒྱུས་ནོར་བུའི་མེ་ལོང》《རྩ་རླུང་འཕྲུལ་འཁོར་ཉི་ཟླ་ཁ་སྦྱོར》 《བྱང་འབྲོག་ལམ་ཡིག》 《རྫོགས་པ་ཆེན་པོ་དང་ཏིང་ངེ་འཛིན》སོགས་བཞུགས།

༢༽བརྗོད་སྙིང་ངོ་སྤྲོད།

《བྱང་འབྲོག་གི་ལམ་ཡིག》ཅེས་པའི་བརྩམས་ཆོས་འདི་ནི། དམ་པ་ཁོང་གིས་ལམ་ཡིག་འདིའི་གླེང་བརྗོད་དུ“སྤྱི་ལོ1953ལོའི་དབྱར་ཐོག་ཏུ་ངོས་རང་བོད་ཤར་ཕྱོགས་ཀྱི་འབྲོག་སྡེ་ཁག་མང་དུ་འགྲུལ་བཞུད་བྱས་པའི་སྐབས་དེ་དག་ཏུ་ཇི་ལྟར་མཐོང་ཞིང་ཐོས་པའི་ཚུལ་རྣམས་ཀྱི་ཟིན་ཐོ་མི་ཉུང་བར་བཏབ་ཡོད་པ་དེ་དག་གིས་གཞིར་བཟུང་། ཡོ་རོབ་ཏུ་སླེབས་ནས་ལོ་ཤས་སོང་རྗེས། སྔོན་དུས་བོད་ཀྱི་འབྲོག་སྡེ་ཁག་ནས་དངོས་སུ་མྱོང་རྟོགས་བྱུང་བ་དེ་དག་བརྗེད་ལ་ཉེ་བར་མཐོང་ཞིང་། དེ་དག་བརྗེད་པར་ཕངས་ནས་མི་བརྗེད་པའི་དྲན་གསོའི་ཐེབས་སུ་ཡི་གེར་བཀོད་པ་ཡིན”ཞེས་གསུངས་པ་ལྟར། ལམ་ཡིག་འདི་ནི་དམ་པ་ཁོང་ཉིད་སྤྱི་ལོ1953ལོའི་དབྱར་ཁར་བོད་ཤར་ཕྱོགས་ཀྱི་འབྲོག་སྡེ་རྫ་ཆུ་ཁའི་མངའ་ཁོངས་ཡོངས་རྗོགས་དང་གསེར་ཐའི་མངའ་ཁོངས་བཅས་ཏེ་ས་ཁྱོན་སྤྱི་ལེ160000ཙམ་གྱི་མངའ་ཁོངས་སུ་འགྲུལ་བཞུད་གནང་བའི་སྐབས་སུ་འབྲོག་པའི་སྡོད་གནས་དང་བསམ་སྤྱོད། ཤེས་རིག། སློབ་གསོ། འཚོ་བ། ཕྱུགས་ལས། ཆས་ལུགས། གཉེན་སྒྲིག། ཚེ་ཐར། ལོ་སར་སོགས་ཇི་ལྟར་མཐོང་ཞིང་ཐོས་པའི་ཚུལ་རྣམས་ཟིན་ཐོར་བཀོད་པ་ཞིག་རེད།

གསུམ། ལམ་ཡིག་འདི་ཉིད་ཀློག་པའི་དགོས་པ།

གཅིག དམ་པ་ཁོང་གིས་ལམ་ཡིག་འདིའི་གླེང་བརྗོད་དུ“བོད་ཀྱི་འབྲོག་སྡེ་ཁག་གི་བསམ་སྤྱོད་དང་། དེ་དག་གི་ཆས་ལུགས་དང་།ཡུལ་སྲོལ་གོམས་གཤིས་ལ་སོགས་པ་དེ་ཀུན་བོད་ཀྱི་གནའ་བོའི་ལོ་རྒྱུས་རྟོག་ཞིབ་བྱེད་པར་ཕྱོགས་བརྟགས་འཁོར་ལོ་དང་འདྲ་བར་ལོ་རྒྱུས་ཀྱི་སྙིང་དོན་ལ་ངེས་ཤེས་བརྟན་པོ་རྙེད་བྱེད་ཀྱི་ཡོ་བྱད་ཧ་ཅང་རྩ་འགང་ཆེ་བ་ཞིག་ཡིན་ངེས་པར་ཡིད་ཆེས་བརྟན་པོ་ཐོབ་པས་རྐྱེན་བྱས་ཏེ”ཞེས་ཐུགས་སྣང་ཆེན་པོ་མཛད་ཡོད་པ་ལྟར། བརྩམས་ཆོས་འདི་ཉིད་བཀླགས་པས་བོད་ཀྱི་གནའ་བོའི་ལོ་རྒྱུས་ལ་རྟོག་ཞིབ་བྱེད་པར་ཕན་ཐོགས་ཆེན་པོ་ལྡན་ངེས་རེད།

གཉིས། ཡང་ཁོང་གིས“ཁོ་བོས་དངོས་ཡོད་བོད་ཀྱི་འབྲོག་སྡེའི་གནས་སྟངས་དང་། དེ་དག་གི་བསམ་སྤྱོད་དང་། ཆས་ལུགས། གོམས་གཤིས་ལ་སོགས་པ་དེ་དག་མངོན་སུམ་དུ་མཐོང་ཞིང་། དེ་དག་དང་འབྲེལ་ལམ་ཐད་ཀར་བྱུང་བའི་རྐྱེན་གྱིས་བོད་ཀྱི་གནའ་མིའི་ལོ་རྒྱུས་དཔའ་བོ་གླིང་གེ་སར་གྱི་སྒྲུང་རྣམས་ལས་བོད་མིའི་བསམ་སྤྱོད་སོགས་ཇི་སྙེད་ཅིག་བསྟན་པ་དེ་ཀུན་རང་བློར་གསལ་བར་འཆར་ཐུབ་པ་ཞིག་དང་། དེ་དག་ཇི་ལྟར་ཡིན་པའི་སྐོར་མངོན་སུམ་ཚད་མའི་སྒོ་ནས་བདེན་པ་ར་འཕྲོད་པའི་གོ་བ་གཏིང་ཚུགས་པ་ཞིག་ཆགས་ཐུབ་པ་བྱུང་ངོ”ཞེས་གསུངས་ཡོད་པ་ལྟར། བརྩམས་ཆོས་འདི་ཉིད་བཀླགས་ན་གླིང་སྒྲུང་ནི་བོད་ཀྱི་གནའ་མིའི་ལོ་རྒྱུས་དངོས་ཡིན་པའི་ངེས་ཤེས་རྙེད་ཐུབ་པ་དང་། གླིང་སྒྲུང་དུ་བཤད་པའི་དཔལ་རྟུལ་དང་ཡུལ་རྣམས་ཀྱང་དངོས་བྱུང་འབའ་ཞིག་ཡིན་པའི་ཡིད་ཆེས་རྙེད་ཐུབ་བོ།།

གསུམ། གཟན་དཀར་མཆོག་སྤྲུལ་ཐུབ་བསྟན་ཉི་མས《ཀློག་པ་པོའི་དྲིན་ཚོར》ཞེས་པའི་ནང་དུ། “《བྱང་འབྲོག་གི་ལམ་ཡིག》ཅེས་པའི་དེབ་འདི་ཉིད་འབྲོག་མི་རྣམས་ཀྱིས་མཐོང་ན། བཤད་པ་དོན་དང་མཐུན་པའི་དགའ་ཚོར་སྐྱེ་བ་ཙམ་དུ་མ་ཟད། རང་ཅག་ནི་དཔའ་རྩལ་ལྡན་ལ་སྤྱང་གྲུང་འཛོམས་པ། གཤིས་རྒྱུད་དྲང་ལ་རང་ཚུགས་ཐུབ་པ་ཞིག་གོ་སྙམ་དུ་སེམས་ཏེ་དེ་བས་ཀྱང་སྤོབས་པ་སྐྱེ་བ་དང་། ལྷག་པར་དུ་དེའི་སྐོར་གྱི་ཤེས་བྱ་ཅུང་ཆ་ཚང་ལ་བརྒྱུད་རིམ་ལྡན་པ་ཞིག་གི་ཐོག་ནས་གོ་བ་མཐར་ཆགས་སུ་སྐྱེ་བར་ཕན་ཐོགས་བླ་ན་མེད་པ་ཞིག་ཡོང་བར་གོར་མ་ཆག། ཡང་སྒོས་རོང་ཁང་ཞིང་གི་བདག་པོ་དང་གྲོང་འདོད་དགུའི་འབྱོར་བས་བརྒྱན་པའི་གནས་སུ་མི་ཚེ་སྐྱེལ་མཁན་གྱི་གང་ཟག་ཅིག་གིས་མཐོང་ན་སྨག་ལ་སྒྲོན་མེ་བཏགས་པ་ལྟར་བློ་གྲོས་ཀྱི་སྣང་བ་རྒྱས་ཏེ། ཞིམ་མངར་རོ་བཅུད་ལྡན་པའི་བཟའ་བཏུང་། དྲོ་འཇམ་མཛེས་སྡུག་ཅན་གྱི་རྒྱབ་གོས་སོགས་ཀྱི་འབྱུང་ཁུངས་སམ་རྟེན་ས་ངོ་མ་ནི་འབྲོག་པ་རྣམས་ཡིན་པར་ངོ་ཤེས་ཤིང་། དེའི་སྐུ་དྲིན་རྗེས་སུ་དྲན་ཐུབ་པ་སོགས་དགོས་པ་དང་ཕན་ཡོན་དཔག་ཏུ་མེད་པ་མཆིས”ཞེས་གསུངས་པའང་བརྩམས་ཆོས་འདི་ཉིད་ཀྱི་དོན་སྙིང་ངམ་དགོས་པ་གལ་ཆེན་ཞིག་ཏུ་མཐོང་བས། འདིར་ཚིག་འགྲེལ་གྱི་དགོས་པ་མེད་པས་ཡིག་ཚོགས་མི་སྤུངས་བར་བྱ།

བཞི། གཞན་བདག་གིས་ཀྱང་འདི་ལྟར་འདོད་དེ། བརྩམས་ཆོས་འདི་ལས་བོད་ཀྱི་གནའ་བོའི་འབྲོག་སྡེ་ཁག་གི་གནས་སྟངས་དང་བསམ་སྤྱོད། ཆས་ལུགས། ཡུལ་སྲོལ་གོམས་གཤིས་སོགས་བརྗོད་བྱའི་ནང་དོན་ལ་རྒྱུས་ལོན་བྱེད་ཐུབ་པར་མ་ཟད། ཁ་གསལ་ཞིང་གོ་བདེ་བ། ཚིག་སྙན་ལ་དོན་འདུས་པ། བོད་སྐད་གཙང་མའི་ལམ་ནས་བྲིས་པའི་རྗོད་བྱེད་ཚིག་ལའང་སློབ་སྦྱོང་མི་ཉུང་བ་བྱེད་རྒྱུ་འདུག་པས། དེང་འདིར་སྐད་དང་ཆ་ལུགས་ཡོད་ཚད་གཞན་དུ་འགྱུར་བཞིན་པའི་སྐབས་སུ། བརྩམས་ཆོས་འདི་ཉིད་ཡང་དང་བསྐྱར་དུ་བཀླགས་ན། སོ་སོའི་བསམ་བློའི་ཁ་ཕྱོགས་དང་འདུ་ཤེས་འཛིན་སྟངས། བྱ་བ་སྤྱོད་སྟངས་སོགས་རང་གཤིས་ལ་འགྱུར་བ་གཏོང་ཐུབ་ཅིང་། རང་གི་ཕ་མེས་ཡང་མེས་ནས་བརྒྱུད་ཡོང་བའི་ཕ་སྐད་གཙང་མ་ཞིག་འཆད་པར་ཡང་ཕན་ཐོགས་ཤིན་ཏུ་ཆེ་བར་འདོད།

བཞི།  ལམ་ཡིག་འདི་ལས་འཕྲོས་པའི་བསམ་གཞིག་ཐར་ཐོར།
༡༽འབྲོག་པའི་མནའ་གྲོགས་ལས་འཕྲོས་པ།

གནའ་བོའི་འབྲོག་པ་རྣམས་ཀྱིས“ཀོ་དམར་ཁྲག་བརྫིས”ཞེས་མི་སྡེ་དང་མི་སྡེའི་བར་མནའ་འཇོག་ཚུལ་དང“མཛུབ་མོ་བཀུག”ཅེས་འབྲོག་མི་རེ་རེ་བཞིན་ཕན་ཚུན་བར་མནའ་འཇོག་ཚུལ་སོགས་ཡོད་པ་སྟེ། འབྲོག་མིའི་གྲོགས་པ་ཞེས་པ་དེ་ཕན་ཚུན་ངོ་ཤེས་པའམ་ཡུན་དུ་འདྲིས་པ་ཙམ་གྱིས་མི་ཆོག་པར་ཕན་ཚུན་མནའ་བཞག་སྟེ་གྲོགས་པོ་ཐུན་མོང་མ་ཡིན་པ་ཞིག་བྱེད་སྲོལ་ཡོད་པ་རེད། སྤྱིར“འབྲོག་མིའི་རང་གཤིས་ནི་ཐོག་མར་འདྲིས་དཀའ་ཞིང་། འདྲིས་ཟིན་པའི་རྗེས་སུ་ཡིད་བརྟན་ཐུབ་ཅིང་འདྲིས་ཐག་རིང་བ་དང་། འབྲོག་མི་དག་གིས་དགོས་པ་བྱུང་ན་རང་རང་གི་གྲོགས་པོའི་དོན་དུ་སྲོག་ལུས་ལོངས་སྤྱོད་ཚང་མ་གཏང་བ་ལའང་འཇིགས་སྣང་མེད་ཅིང་ཕན་ཚུན་གཅིག་ཕན་གཅིག་གྲོགས་བྱེད་སྲོལ་ཡོད་པ་རེད”ཅེས་ལམ་ཡིག་རང་དུ་བྲིས་པ་ལྟར། གནའ་བོའི་འབྲོག་པ་རྣམས་ནི་ཕན་ཚུན་འདྲིས་ཟིན་རྗེས་ཡིད་བརྟན་རུང་བ་དང་འདྲིས་ཐག་རིང་བ་འབའ་ཞིག་ཡིན་པ་རེད།

འོན་ཀྱང་། ཕྱིའི་སྤྱི་ཚོགས་ཁྲ་ཁྲ་རིག་རིག་ཏུ་གྱུར་བའི་དེང་གི་དུས་སྐབས་འདིར། ང་ཚོའི་ནང་སེམས་ཀྱང་ཁྲ་ཁྲ་རིག་རིག་ཏུ་གྱུར་ཏེ་གྲོགས་པོ་སྒྲིག་པར་ཨ་གསར་ཚ་བ་སྟེ། ཆ་རྒྱུས་ཡོད་མེད་ཀུན་ལ་གྲོགས་པོ་སྒྲིག་པ་དང་ཇ་ཁ་ཆང་ཁ་ནས་ཤེས་པ་ཐམས་ཅད་གྲོགས་པོ་ཡིན་པའི་ཚད་དུ་ཡོད་པ་དང་།ཕན་ཚུན་བར་ཡིད་ཆེས་མི་བརྟན་པ་སྟེ། ཡུན་རིང་འདྲིས་ཤིང་གཤིབ་པར་གྱུར་ནའང་ཕན་ཚུན་བར་ཡིད་ཆེས་མེད་ཅིང་། ཕ་རོལ་པོས་རང་ཉིད་བསླུ་འགྲོའམ་སྙམ་སྟེ་ནམ་ཡང་དོགས་ཟོན་དང་སེམས་ཁྲལ་གྱི་ངང་དུ་གནས་པ་དང་། གྲོགས་པོའི་བརྩེ་བ་འགྱུར་སླ་བ་སྟེ་གྲོགས་པོ་རྙིང་པར་གློ་མེད་བྱེད་ཅིང་གྲོགས་པོ་གསར་པར་ཨ་གསར་བྱེད་པ་ལྟ་བུ་ཤིན་ཏུ་མང་། འདི་ནི་ཅིས་ཀྱང་བསམ་གཞིག་གཏོང་དགོས་པའི་མི་གཤིས་ཀྱི་གནད་དོན་ཞིག་རེད། 

༢༽ འབྲོག་མིའི་ངོ་ཚའི་སྐོར་ལས་འཕྲོས་པ།

“འབྲོག་མིའི་བཟའ་ཚོ་གཅིག་ལ་མཚོན་ན། བཟའ་ཚོ་དེའི་ཕ་མ་སོགས་རྒན་རིམ་དག་གིས་ཐོས་ཡུལ་དུ་བུ་དང་བུ་མོ་དག་གིས་རང་གཞན་སུ་ལའང་ཁྱོ་ཤུག་བརྩེ་དགའི་ཀྱལ་ཀ་དང་ཀུ་རེ་སོགས་བྱེད་སྲོལ་མེད་ཅིང་། དེ་དང་འདྲ་བར་མིང་སྲིང་ལྷན་དུ་གནས་པའི་དྲུང་དུའང་སུས་ཀྱང་ཁྱོ་ཤུག་གི་གཏམ་གླེང་སོགས་ངོ་ཚ་འོས་པའི་གླེང་མོལ་བྱེད་སྲོལ་མེད་པ་རེད”ཅེས་ལམ་ཡིག་རང་དུ་བྲིས་པ་ལྟར། སྤྱིར་བོད་རིགས་སྤྱི་དང་ལྷག་པར་འབྲོག་པ་རྣམས་ཀྱིས་ཁྲེལ་དང་ངོ་ཚར་དོ་སྣང་ཧ་ཅང་ཆེན་པོའི་སྒོ་ནས་བརྩི་སྲུང་བྱེད་ཀྱི་ཡོད་པ་རེད།

འོན་ཀྱང་། དེང་གི་བོད་པ་རྣམས་ལ་མི་རིགས་དང་རིག་གནས་གཞན་གྱི་ཤུགས་རྐྱེན་ཚབས་ཆེན་ཐེབས་ཏེ། ལུས་ཀྱི་གོན་པ་གྱོན་སྟངས་དང་ངག་གི་སྐད་ཆ་བཤད་སྟངས།སེམས་ཀྱི་བསམ་བློ་གཏོང་ཕྱོགས་སོགས་ཡོད་ཚད་གནའ་མིའི་ཆ་ལུགས་དང་གོམས་སྲོལ་སོགས་ལས་གཞན་དུ་འགྱུར་བཞིན་ཡོད་པ་རེད། དཔེར་ན། དེང་གི་མིང་སྲིང་ལ་ལས་ཕན་ཚུན་བར“ཁ་རྩོག”སྟེ་བརྩེ་དུང་དང་འདོད་སྲེད་སོགས་ཀྱི་སྐོར་གླེང་མོལ་བྱེད་པར་དོགས་སྣང་མེད་པ་དང་། ཡང་འགའ་ཞིག་གིས་བརླ་དང་ཕོ་བ་སོགས་གཅེར་བུར་བུད་པའི་གོན་པ་གྱོན་སྟེ་ཕ་མ་དང་མིང་སྲིང་སོགས་ཀྱི་མདུན་དུ་ཅི་མི་སྙམ་པར་འགྲོ་བ་སོགས་ཤིན་ཏུ་མང་། དྲང་མོར་བཤད་ན། དེ་དག་ནི་ཁྲེལ་དང་ངོ་ཚ་བྲལ་བའི་བྱ་སྤྱོད་འབའ་ཞིག་ཏུ་མཐོང་། 

༣༽ འབྲོག་མིའི་ཆོས་ཀྱི་སྐོར་ལས་འཕྲོས་པ།

སྤྱིར“གནའ་བོའི་འབྲོག་མི་བྱིངས་ཀྱིས་ནངས་མོ་མལ་ལས་ལངས་པའི་རྗེས་སུ་སྐྱབས་འགྲོ་དང་གསོལ་འདེབས་སོགས་ཀྱི་ཁ་ཏོན་འུར་འུར་དུ་བྱེད་ཅིང་། དགོང་མོར་བཟའ་བཏུང་གི་རྗེས་སུ“དགོང་འདོན”ཞེས་བྱ་བ་ནང་མི་ཚང་མ་ལྷན་དུ་འདུས་ནས་སྒྲོལ་མ་དང་བསམ་པ་ལྷུན་གྲུབ་བཅས་ཚར་གསུམ་རེ་ཙམ་འདོན་སྲོལ་ཡོད”ཅེས་གསུངས་པ་ལྟར། བོད་ཀྱི་འབྲོག་སྡེ་ཕལ་ཆེར་ལ་གོམས་སྲོལ་དེ་ཉིད་རྒྱུན་འཇགས་སུ་གནས་པ་རེད།

འོན་ཀྱང་། དེ་རིང་ཁ་སང་གོམས་སྲོལ་ལེགས་པོ་འདི་ཉིད་རིམ་གྱིས་ཉམས་རྒུད་དུ་འགྱུར་བཞིན་ཡོད་དེ། ཁྱིམ་ཚང་གཅིག་གི་རྒན་གཞོན་ཐམས་ཅད་ཁ་པར་དང་བརྙན་འཕྲིན་སོགས་ལ་གཡེང་ནས་ཁ་འདོན་སོགས་བརྗེད་ཆགས་སུ་འགྱུར་བཞིན་ཡོད་པ་དང་། དེ་ལས་ཀྱང་། གཞོན་སྐྱེས་མང་པོ་ཞིག་གིས་ནི་མ་ཎི་ཡིག་དྲུག་སོགས་གཟུངས་སྔགས་ཐུང་ཐུང་ཁར་ཁེར་ལས་དབང་སྡུད་གསོལ་འདེབས་དང་སྒྲོལ་མ་སོགས་ཅུང་ཙམ་རིང་བའི་གྲས་གཅིག་ཀྱང་བཟློ་མི་ཤེས་པ་རེད། དྲང་མོར་བཤད་ན། འདི་ཡང་ཁྱིམ་ཚང་དེའི་ཕ་མ་སོགས་རྒན་པ་རྣམས་ཀྱིས་བག་ཆགས་ལེགས་པོ་མ་བཞག་པ་དང་། ཡང་ན་བུ་ཕྲུག་རང་ཉིད་ཀྱིས་གོམས་སྲོལ་ལེགས་པོ་འདི་དག་སྣང་མེད་དུ་བཞག་སྟེ་རྣམ་གཡེང་གི་དབང་དུ་ཤོར་སོང་བ་ཞིག་ཡིན་པས། མི་རིགས་རང་གི་ཁྱད་ཆོས་འབོར་བཞིན་ཡོད་པ་མ་ཡིན་ནམ།

༤༽འབྲོག་པའི་སྦྲ་ཁྱིམ་ལས་འཕྲོས་པ།

སྦྲ་ཁྱིམ་ཞེས་པ་ནི་འབྲོག་པའི་སྡོད་གནས་ཏེ། དེ་ནི་འཁལ་འཐག་བྱས་པའི་རྩིད་རེ་ནག་པོ་འབའ་ཞིག་གིས་བཟོས་པ་ཡིན་ལ། སྦྲ་ཆེན་པོ་འགའ་ཤས་ཀྱི་ནང་དུ་ཀ་ར་བཅུ་གཉིས་དང་ཡང་ན་བཅུ་དྲུག་ཙམ་ཡོད་འདུག་པ་དང་། སྦྲའི་ཕྱི་ལོགས་སུ་ཆོན་ཐག་རིང་ཐུང་མང་པོ་ཡོད་པ་རེད། སྦྲ་ཁྱིམ་ལའང་ཕོ་སྦྲ་དང་མོ་སྦྲའི་དབྱེ་བ་ཡོད་དེ། གཡས་ཕྱོགས་ནི“མོ་སྦྲ”ཞེས་རྟག་པར་བུད་མེད་ཀྱི་རིགས་རྣམས་གནས་ཤིང་དཀར་ལས་ཀྱི་རིགས་གཙོ་བོར་བྱེད་པ་དང་། གཡོན་ཕྱོགས་ནི“ཕོ་སྦྲ”ཞེས་རྟག་པར་ཕོ་རིགས་དང་འགྲུལ་པ་རྣམས་གནས་པ་དང་། ཤ་སོགས་དམར་ལས་ཀྱི་སྐོར་བྱེད་ཀྱི་ཡོད་པ་རེད། འབྲོག་མི་དག་གིས་མོ་སྦྲའི་ནང་དུ་ཤ་དམར་རྗེན་གཏན་ནས་འཁྱེར་སྲོལ་མེད་ཅིང་། གལ་ཏེ་ཁྱེར་བ་ཡིན་ན་གུང་ལྷ་འཁྲུགས་ནས་མི་ཕྱུགས་ལ་གོད་ཁ་འབྱུང་བར་བཤད།

འོན་ཀྱང་། དེང་སང་འབྲོག་ཕྱོགས་སུ་སྦྲ་ནག་ཇེ་ཉུང་དུ་འགྲོ་བཞིན་ཡོད་དེ། མང་པོ་ཞིག་གིས་སྟབས་བདེ་བ་དང་ཟོར་ཡང་བའི་ཆེད་དུ་མི་རིགས་དང་སྲོལ་རྒྱུན་སོགས་ཀྱི་ཁྱད་ཆོས་གང་ཡང་མེད་པའི་རས་གུར་རེ་ཕུབ་སྟེ་ཉི་མ་འཕུད་ཐབས་བྱེད་ཀྱིན་ཡོད་ཅིང་། ད་ལྟའི་འབྲོག་ཕྲུག་མང་པོ་ཞིག་ནི་སྦྲ་ནག་ལ་ཆ་རྒྱུས་མེད་པ་དང་། རང་གི་ཕ་མེས་ཡང་མེས་རྣམས་ཀྱི་བློ་གྲོས་ཀྱི་རྩལ་བྱུང་བའི་སྦྲ་ནག་ཏུ་འཚོ་བ་རོལ་བའི་གོ་སྐབས་ཉུང་དུ་ཕྱིན་ཡོད། གལ་ཏེ་སྔར་བཞིན་སྦྲ་ནག་ཏུ་འཚོ་བ་སྐྱེལ་བཞིན་ཡོད་ནའང་། ཕོ་སྦྲ་དང་མོ་སྦྲ་སོགས་ཀྱི་ཁྱད་པར་གང་ཡང་མེད་ཅིང་ཁྱིམ་ཚང་གང་བོས་རང་ཉིད་ཀྱི་འདོད་པ་ལྟར་དུ་ལས་ཀ་ལས་ཤིང་གནས་ཡོད་པ་རེད། 

༥༽འབྲོག་པའི་འཚོ་བ་ལས་འཕྲོས་པ།

འབྲོག་པའི་འཚོ་རྟེན་དངོས་ནི་སྒོ་ཕྱུགས་ཏེ་འབྲི་གཡག་དང་ལུག་སོགས་ཡིན་ལ། ནམ་རྒྱུན་གྱི་བཟའ་བཅའ་གཙོ་བོའང་ཤ་དང་མར། ཕྱུར་བ།ཐུད།གྲོ་མ་སོགས་ཡིན་པ་དང་། རྒྱུན་གྱི་གྱོན་ཆས་ཀྱང་གཙོ་ཆེ་བ་ནི་ལུག་ལྤགས་དང་ལུག་ཚར། ལུག་བལ་གྱིས་བཟོས་པའི་འཕྱིང་བ་རྣམས་ཡིན་པ་རེད།

འོན་ཀྱང་། དེང་སང་འབྲོག་པ་ཕལ་ཆེར་གྱིས་སྒོ་ཕྱུགས་ཐམས་ཅད་གཞན་ལ་བཙོང་བའམ་བཤས་རར་འདེད་པ་སོགས་བྱས་ཏེ་གྲོང་དང་གྲོང་ཁྱེར་དུ་འཚོ་བ་རོལ་བཞིན་ཡོད་པས། འབྲོག་པའི་ཁྱིམ་རྒྱུད་གཙང་མ་ནས་འཚར་ལོངས་བྱུང་བའི་བུ་ཕྲུག་རྣམས་ཀྱིས་ཀྱང་རྟ་ནོར་ལུག་གསུམ་མཐོང་ཚེ་ཡ་མཚན་པ་དང་། བཅུད་དང་ལྡན་པའི་ཤ་མར་ཐུད་གསུམ་སོགས་ཡི་གར་མི་འཕྲོད་པའི་ཚད་དུ་གནས་པ་རེད། དེ་མིན་འབྲོག་པའི་རིག་གནས་ཀྱི་སྐོར་ལ་ཆ་རྒྱུས་ཅི་ཡང་མེད་ཅིང་། ཐ་ན་ལྕི་བ་ལ“ཟོག་གི་སྐྱག་པ”ཞེས་འབོད་དགོས་པའི་ཚད་དུ་སླེབས་ཡོད་པ་རེད། དྲང་མོར་བཤད་ན། འདི་དག་ནི་མི་རིགས་ཤིག་གི་རིག་གནས་དང་སྲོལ་རྒྱུན་སོགས་ཉམས་རྒུད་དུ་འགྱུར་བཞིན་པའི་རྟགས་མཚན་ངན་པ་ཞིག་ཅི་ལ་མིན། 

༦༽འབྲོག་པའི་གཉེན་སྒྲིག་ལས་འཕྲོས་པ།

སྤྱིར་གནའ་བོའི་འབྲོག་མིའི་གཉེན་སྒྲིག་ལ་དེང་སང་ལྟ་བུའི་རང་དབང་མེད་དེ། བུ་དང་བུ་མོའི་གཉེན་དོན་ཕལ་ཆེར་ཕ་མ་དང་གཉེན་ཉེ་རྣམས་ཀྱིས་ཐག་གཅོད་བྱེད་ཀྱིན་ཡོད། དེས་བུ་དང་བུ་མོ་ཚོའི་སེམས་ལ་སྡུག་བསྔལ་མང་པོ་ཞིག་གཏད་ཀྱིན་ཡོད་པ་ནི་སྨྲོས་མ་དགོས། འོན་ཀྱང་། སྐབས་དེར་གཉེན་སྒྲིག་རང་དབང་མིན་པའི་དབང་དུ་བཏང་ནའང་། སྐབས་དེའི་གཉེན་སྒྲིག་ལ་མི་རིགས་དང་སྲོལ་རྒྱུན་གྱི་ཁྱད་ཆོས་བླ་ལྷག་ལྡན་པ་རེད། དཔེར་ན། གནའ་བོའི་འབྲོག་མིའི་གཉེན་སྒྲིག་ལྟར་ན། ཐོག་མར་བག་མ་སློང་དུ་འགྲོ་དགོས་པ་དང་བག་མ་སློང་རྟེན་སྦྱིན་དགོས་པ་ལྟ་བུ་དང་། བུ་མོའི་ཁྱིམ་གྱི་ཕ་མ་དང་གཉེན་ཉེ་སོགས་འཐད་པ་བྱུང་ན་དེ་པ་ཚང་གིས་བག་ཆས་གྲ་སྒྲིག་བྱེད་དགོས་པ་དང་། གཞན་བག་མ་འཐོན་ཚུལ་དང་བག་ཞྭ་ལེན་ཚུལ། བག་མའི་རྟ་ཁ་ལེན་ཚུལ།བག་མ་སྦྲ་ནང་དུ་ཞུགས་ཚུལ། བག་སྐལ་སྟེར་ཚུལ་སོགས་གོམས་སྲོལ་རབ་དང་རིམ་པ་ཞིག་ཡོད་པ་རེད།

འོན་ཀྱང་། དེང་སང་སྤྱིའི་ཆ་ནས་སྔོན་དང་བསྡུར་ན་གཉེན་སྒྲིག་ལ་རང་དབང་ཆེན་པོ་ལྡན་ན་ཡང་། གཉེན་སྒྲིག་གི་མཛད་སྒོ་སྤེལ་སྟངས་ནི་མི་རིགས་གཞན་པར་ལད་མོ་བྱས་པ་མང་དྲགས་པའི་ཚད་དུ་གནས། དཔེར་ན། མག་གསར་གྱིས་པུས་མོ་སར་བཙུགས་ནས་བག་གསར་ལ་མཛུབ་དཀྲིས་འདོགས་པ་ལྟ་བུ་དང་། མག་གསར་གྱི་ཕ་མ་དང་གཉེན་ཉེ། མགྲོན་པོ་ཐམས་ཅད་ཀྱི་མདུན་ནས་འཛེམ་དོགས་ཅི་ཡང་མེད་པར་བག་གསར་ལ་འོ་སྦྱར་བ་ལྟ་བུ། མག་གསར་དང་བག་གསར་གཉིས་ཀྱིས་ཕན་ཚུན་ལ་མགོ་བོ་བསྒུར་ནས་མི་རིགས་གཞན་གྱི་བཟོ་ལྟ་སྟོན་པ་སོགས་ཤིན་ཏུ་དགོད་བྲོ་བ་དང་ཡ་མཚན་པ་འདུག་གོ། 

༧༽འབྲོག་པའི་སྐྱེལ་འགྲུལ་ལས་འཕྲོས་པ།

གནའ་བོའི་འབྲོག་པ་ཚོས“རུ་སྤོ་བ”སྟེ་དབྱར་དགུན་གྱི་མཚེར་ས་སྤོ་འཇོག་བྱེད་པའི་སྐབས་དང་རོང་ཡུལ་ཁག་ཏུ་ཚོང་འགྲུལ་ལ་འགྲོ་བའི་ཚེ“སྣ་མ”ཞེས་ཁལ་མའམ་གཡག་ལ་བརྟེན་ནས་མཁོ་ཆས་རྣམས་སྐྱེལ་འགྲུལ་བྱེད་ཀྱིན་ཡོད་པས། སྐབས་དེ་དག་ཏུ་འབྲི་གཡག་གི་དབྱེ་བ་མེད་པར་ཐམས་ཅད་འབྲོག་པའི་གཅེས་ནོར་ཡིན་པ་རེད།

འོན་ཀྱང་། དེང་སང་ཚན་རིག་ལག་རྩལ་འཕེལ་རྒྱས་སུ་ཕྱིན་ཏེ་འགྲིམ་འགྲུལ་སྟབས་བདེ་བའི་སྐབས་འདིར། སྤྱིར་འབྲོག་པ་མང་པོ་ཞིག་སྟོང་ཚར་བ་དང་། ཁར་ཁེར་རེ་ལུས་ཡོད་པ་རྣམས་ཀྱིས་ཀྱང་གཡག་རྒན་ཐམས་ཅད་བཤས་རར་འཕགས་ཏེ་སྐྱེལ་འགྲུལ་གྱི་བྱ་བ་ཐམས་ཅད་རླངས་འཁོར་དང་འདྲུད་འཁོར་སོགས་ཀྱིས་སྒྲུབ་བཞིན་ཡོད་པ་རེད། མ་གཞི་འདི་ནི་སྤྱི་ཚོགས་དང་དུས་རབས་ཀྱི་དགོས་མཁོ་ཞིག་ལོས་ཡིན་མོད། འོན་ཀྱང་། སྦྲ་ནག་དང་གཡག་རྒན་གཅིག་ཀྱང་མཐོང་རྒྱུ་མེད་པའི་འབྲོག་ཡུལ་འདི་དག་ཀྱང་དགོད་བྲོ་ལ་ངུ་སྐྱེན་པའི་གནས་ཡུལ་ཞིག་ཏུ་ཅི་ལ་མི་མཐོང་།

ལྔ། མཇུག་གི་སྐད་ཆ།

བདག་གིས《བྱང་འབྲོག་གི་ལམ་ཡིག》ཅེས་པའི་དཔེ་ཆ་འདི་ཉིད་ཀློག་པའི་མགོ་མཇུག་བར་གསུམ་དུ། རྒྱང་རིང་གི་ཨ་ཞང་འབྲོག་པ་དེར་ཁ་པར་གྱི་ལམ་ནས་འབྲེལ་བ་བྱས་ཏེ་འབྲོག་པའི་ལོ་རྒྱུས་དང་རིག་གནས་སྐོར་ལ་ཁ་བརྡ་མི་ཉུང་བ་ཞིག་བྱེད་དགོས་བྱུང་། སྤྱིར་བདག་རང་ཉིད་ཀྱང་འབྲོག་ཕྲུག་རྣལ་མ་ཡིན་མོད། འོན་ཀྱང་། ང་རང་ཆུང་བྱིས་པ་ཡིན་དུས་ནས་ངེད་ཚང་གི་སྒོ་ཕྱུགས་ཡོད་དོ་ཅོག་གཞན་ལ་བཙོང་སྟེ་འབྲོག་པ་མེད་པར་བྱས་བཞག་པའི་སྟབས་ཀྱིས། ད་ལྟ་འབྲོག་པའི་རིག་གནས་དང་ལོ་རྒྱུས་མང་པོ་ཞིག་ཆ་མེད་རྒྱུས་མེད་དུ་གྱུར་འདུག་ཅིང་། ཐ་ན་རང་ཉིད་འབྲོག་པ་ཞིག་ཡིན་ཞེས་གཞན་ལ་ངོ་སྤྲོད་བྱེད་པའང་ངོ་གནོང་དགོས་པའི་ཚད་དུ་འདུག། རྒྱུ་མཚན་དེས་ཀྱང་བདག་གིས《བྱང་འབྲོག་གི་ལམ་ཡིག》ལ་མ་མཐའ་ཡང་ཚར་གཅིག་བལྟ་དགོས་སྙམ་པའི་ཀུན་སློང་སྔོན་ནས་སྐྱེས་པ་ཡིན།

《བྱང་འབྲོག་གི་ལམ་ཡིག》ནི་གཙོ་བོ་ཁམས་ཀྱི་བྱང་ཕྱོགས་ཀྱི་འབྲོག་སྡེ་རྫ་ཆུ་ཁ་དང་གསེར་ཐའི་ཕྱོགས་སུ་ཕྱིན་པའི་ལམ་ཡིག་ཅིག་ཡིན་སྟབས། འདིར་བྲིས་པ་ཐམས་ཅད་ཀྱང་གཙོ་བོ་འབྲོག་སྡེ་དེ་དག་གི་རིག་གནས་དང་ལོ་རྒྱུས་ཡིན་ངེས་པས། བདག་གིས་དཔེ་ཆ་འདིའི་དོན་ཚན་རེ་རེར་བལྟས་རྗེས་ཨ་ཞང་ལ་དེའི་སྐོར་ནས་ཁ་བརྡ་བྱས་ཤིང་། ངའི་ཕ་ཡུལ་སྟེ་ཁམས་བྲག་མགོའི་འབྲོག་སྡེའི་རིག་གནས་དང་ལོ་རྒྱུས། ཡུལ་སྲོལ་གོམས་གཤིས་རྣམས་ཀྱང་དེ་ལྟ་བུ་ཞིག་ཡིན་མིན་གྱི་འདྲི་རྩད་བྱས་པ་ཡིན་ལ། ཕལ་ཆེར་ཐམས་ཅད་གཅིག་མཚུངས་སུ་གནས་འདུག། འོན་ཀྱང་། མི་འདྲ་ས་ཁར་ཁེར་རེ་ཡང་མེད་པ་མིན་ཏེ། དཔེར་ན་གསེར་ཐ་སོགས་སུ་བྱ་ཟླ་ཟླ་བ་དང་པོར་རྩི་བ་དང་། “གླང་ཟླའི་བཞི་རྒྱལ”ཞེས་ཟླ་བ་ལྔ་པའི་ཚེས་བཞི་ཉིན་ལྷ་རི་དང་གཞི་བདག་མཆོད་པ་དང་། ང་ཚོའི་ཕ་ཡུལ་དུ་སྤྲེལ་ཟླ་ཟླ་བ་དང་པོར་རྩི་བས། ཟླ་བ་ལྔ་པའི་ཚེས་བཞི་ཉིན་ལྷ་རི་དང་གཞི་བདག་མཆོད་པ་ལ“བྱི་ཟླའི་བཞི་རྒྱལ”ཟེར་བ་ལྟ་བུ་རེད།

གང་ལྟར་ཡང་། བདག་གིས《བྱང་འབྲོག་གི་ལམ་ཡིག》ཅེས་པའི་དཔེ་ཆ་འདི་ཉིད་བཀླགས་གྲུབ་རྗེས། ཐོག་མར་རང་ཉིད་ལ་ངོ་གནོང་དགོས་པ་ཞིག་བྱུང་། རྒྱུ་མཚན་ནི་སྤྱིར་རང་ཉིད་ཀྱང་འབྲོག་ཕྲུག་ཅིག་གི་སྐྱེ་བ་ཡིན་མོད། འོན་ཀྱང་། ད་ལྟ་འབྲོག་པའི་འཚོ་བ་དང་ཡུལ་སྲོལ་གོམས་གཤིས་སོགས་ལ་ཆ་རྒྱུས་གང་ཡང་མེད་པ་ཞིག་ཏུ་གྱུར་འདུག་ལ། ཐ་ན་འབྲོག་སྐད་མང་པོ་ཞིག་ཀྱང་གཏིང་བརྗེད་དུ་གྱུར་ཏེ་ད་ལྟ་རང་ཉིད་ཀྱིས་ཤོད་བཞིན་པ་དེ་ཡུལ་ལུང་གང་གི་སྐད་ཡིན་ཧ་མི་གོ་བའི་ཚད་དུ་མཆིས། དེ་ནས་རང་ཉིད་ལ་ང་རྒྱལ་ཞིག་ཀྱང་སྐྱེས་བྱུང་། རྒྱུ་མཚན་ནི་རང་ཉིད་ཀྱི་མེས་པོ་གོང་མ་རྣམས་ནི་དེ་ལྟ་བུའི་དཔའ་རྩལ་ལྡན་ཞིང་བློ་གྲོས་འཛོམས་པ་དང་། གཞུང་རྒྱུད་དྲང་ལ་རང་ཚུགས་བརྟན་པ་ཤ་སྟག་རེད་འདུག་སྙམ་སྟེ་སྤོབས་པ་རབ་ཏུ་རྒྱས། དེ་ནས་སླར་ཡང་ཕངས་སེམས་ཤིག་ཀྱང་ངང་ངམ་ཤུགས་ཀྱིས་སྐྱེས། རྒྱུ་མཚན་ནི་ང་ཚོའི་མི་རབས་འདིས་མེས་པོ་གོང་མ་དག་གི་འཚོ་བ་རོལ་སྟངས་རྨང་ནས་བརྗེད་དེ་གཞན་པ་ཡི་རྗེས་སྙེག་གིན་འདུག་པས་སོ།།

མཇུག་མཐར་བདག་གིས་ཀློག་པ་པོ་ཀུན་ལ་རེ་བ་ཆུང་ཆུང་ཞིག་ཞུ་འདོད་པ་ནི། སྤྱིར་ང་ཚོས་དཔེ་ཀློག་གི་གོམས་གཤིས་བཟང་པོ་ཞིག་རྒྱུན་འཁྱོངས་བྱེད་དགོས་པ་དང་། སྒོས་སུ་གཞོན་སྐྱེས་རྣམས་ཀྱིས《བྱང་འབྲོག་གི་ལམ་ཡིག》ལྟ་བུའི་མེས་པོ་གོང་མ་ཚོའི་ཞབས་རྗེས་འཚོལ་བའི་དཔེ་ཆ་རེར་བལྟ་རྒྱུ་ནི་ཤིན་ཏུ་གལ་ཆེ། ཁྱད་པར་དུ་རང་ཉིད་ལ་རྩོམ་པ་པོ་འདོགས་པའི་སྙུག་ཐོགས་པ་རྣམས་ཀྱིས་དེ་ལས་ཀྱང་འདི་ལྟ་བུའི་རང་ཉིད་ཀྱི་འཚོ་བ་དང་ཁ་ཐག་ཆེས་ཉེ་བའི་བརྗོད་བྱ་དང་རྗོད་བྱེད་བཅས་ལ་རོལ་མྱོང་བྱེད་དགོས་པར་འདོད་དོ།།

རྩོམ་སྒྲིག་པ། མགར་རྒྱལ་སྲས།

  • ལེ་ཚན་སྔོན་མ།:སྒྲུང་གཏམ་གསར་རྩོམ་ཐད་ཀྱི་དྲི་བ་དྲིས་ལན་སྐལ་ལྡན་ཡིད་ཀྱི་མུན་སེལ།༼༡༢༽
  • ལེ་ཚན་རྗེས་མ།:གནའ་དེང་གི་བོད་ཀྱི་སློབ་གསོའི་སྐོར་གླེང་བ།
  • དོ་སྣང་ཆེ་བའི་རྩོམ།