སྒྲུང་གཏམ་གསར་རྩོམ་ཐད་ཀྱི་དྲི་བ་དྲིས་ལན་སྐལ་ལྡན་ཡིད་ཀྱི་མུན་སེལ།༼༡༡༽

བཀྲ་བྷ།        2020-04-15

སུམ་བརྒྱ་རྩ་གཅིག  བྱུང་རིམ་ཕྲ་མོ་ལ་བརྟེན་ནས་བརྗོད་བྱའི་དོན་གྱི་སྙིང་བོ་ནི་གང་ལྟར་ལེགས་པར་སྟོན་དགོས།

   ལན། སྒྲུང་གཏམ་གང་ཞིག་ཡིན་རུང་། བརྗོད་བྱར་རྙོག་ཆེ་ན་ཆོག་ལ་མི་ཆེ་ནའང་རུང་། མི་སྣ་མང་ན་རུང་ལ་ཉུང་ནའང་ཆོག  གང་ལྟར་བརྩམས་ཆོས་སུ་དྲངས་འདུག་པའི་བྱུང་རིམ་གྱི་སྡེ་ཚན་བྱེ་བྲག་པ་རྣམས་ལྷན་དུ་བསྡེབས་པ་ན་དོན་དག་རིལ་པོ་གཅིག་སྟོན་དགོས་འདུག་ལ། ལྷག་པར་བྱུང་རིམ་ཕྲ་མོར་བརྟེན་ནས་འཚོ་བའི་རྣམ་པ་ཕྲ་མོ་དང་། མི་སྣའི་རྣམ་པ་ཕྲ་མོ་དང་། ཁོར་ཡུག་གི་རྣམ་པ་ཕྲ་མོ་རྣམས་སྐབས་སུ་བབས་པའི་དགོས་མཁོ་ལྟར་ཞིབ་ཅིང་ཕྲ་བའི་སྒོ་ནས་བཀོད་འབྲི་བྱས་ན། སྒྲུང་གཏམ་གྱི་བརྗོད་བྱ་ཇེ་གསལ་དང་ཇེ་ཞིབ་ལ་བཏང་སྟེ་བརྗོད་བྱའི་དོན་གྱི་སྙིང་བོ་ལེགས་པར་སྟོན་པའི་ཐད་དུ་ནུས་པ་ཆེན་པོ་འདོན་ཐུབ། དཔེར་ན་ཁོ་བོའི་སྒྲུང་ཐུང《ཤ》ཞེས་པའི་བརྗོད་བྱའི་དོན་གྱི་སྙིང་བོ་ནི་རྐྱེན་ངན་དང་འཕྲད་དེ་ས་མཐར་འཁྱམ་དགོས་བྱུང་བའི་གཞོན་ནུ་མ་ཞིག་གིས་ཕ་ཡུལ་དང་ཕ་མ་དྲན་པའི་སྐྱོ་གདུང་དེ་ཡིན་པ་ན། བརྗོད་སྙིང་དེ་ལེགས་པར་སྟོན་ཆེད། བྱུང་རིམ་ཚན་སྐོར་གསུམ་སྟེ་ཕ་ཡུལ་དྲན་དུས་མེ་འཁོར་ས་ཚིགས་སུ་སོང་སྟེ་འཛིན་བྱང་ཉོས་མོད། ཕ་ཡུལ་དུ་ལོག་མི་ཕོད་པས་འཛིན་བྱང་སིལ་བུར་བཤགས་ཏེ་གནམ་ལ་སྤུར་བ།   ཕ་མ་དྲན་དུས་སེ་ར་ལམ་གྱི་ལམ་ལག་ཅིག་ལ་སོང་སྟེ། “བཞིན་གྱི་རྣམ་པ།   ལུས་ཀྱི་ཚུགས་ཀ  སྐད་ཆ་འཆད་སྐབས་ཀྱི་ཉམས་འགྱུར་ནི”[1]རང་གི་ཨ་ཕ་དང་གཉིས་སུ་མེད་པའི་འབྲོག་པ་དེ་ཉིད་ཀྱི་མདུན་ནས་ཤ་ཉོ་བ། མཚན་མོའི་དུས་སུརང་གི“ལས་ཤག”ཏུ་བསྡད་དེ“མགྲོན་པོ”ལ་ངང་སྒུག་བྱེད་བཞིན་ཁྱིམ་ལས་གཉེར་བཞིན་པ་རྣམས་གུང་བསྒྲིགས་པ་མ་ཟད། བྱུང་རིམ་ཚན་སྐོར་གསུམ་ག་རིམ་པ་བཞིན་དུ་མདུན་ལ་འདེད་སྐབས་བྱུང་རིམ་ཕྲ་མོ་དགོས་གལ་ཆེ་བ་རྣམས་བཀོད་འབྲི་ཞིབ་ཕྲ་བྱས་པ་ན། སྒྲུང་གཏམ་གྱི་བརྗོད་བྱའི་དོན་གྱི་སྙིང་བོ་དེ་གང་ལྟར་ཡིན་ན་དེ་ལྟར་སྟོན་ཐུབ་པར་གྱུར་པ་ལྟ་བུའོ།།

སུམ་བརྒྱ་རྩ་གཉིས། བྱུང་རིམ་ཕྲ་མོར་བརྟེན་ནས་རྩོམ་མཁན་གྱི་བསམ་བློ་གང་ལྟར་ལེགས་པར་སྟོན་དགོས།

   ལན། སྒྲུང་གཏམ་གང་དང་གང་ཞིག་གསར་རྩོམ་བྱེད་སྐབས། རྩོམ་པ་པོས་བརྩམས་ཆོས་ལས་རང་ཉིད་ཀྱི་བསམ་བློའམ། འཚོ་བའི་ངོས་ཟིན་གང་ཞིག་མཚོན་པ་ལ་བསམ་བློ་གཏོང་སྲིད་པ་མ་ཟད། ད་དུང་རང་ཉིད་ཀྱི་བསམ་བློ་དང་ངོས་ཟིན་དེ་མི་སྣའི་འགལ་བ་ཅི་དང་ཅི་ལྟ་བུ་ཞིག་དང་། བྱུང་རིམ་གང་དང་གང་ལྟ་བུ་དག་གིས་སྟོན་ཐུབ་པ་དང་། འགལ་བ་དང་དོན་དག་དེ་དག་ཡུལ་དུས་གང་དང་ཇི་ལྟ་བུ་ཞིག་ཏུ་བྱུང་ན་ལེགས་པར་བསམ་བློ་ཞིབ་ཏུ་བཏང་སྟེ། རང་ཉིད་ཀྱི་བསམ་བློའམ་ངོས་ཟིན་སྟོན་པ་ལ་གལ་འགངས་ཆེ་བའི་བྱུང་རིམ་ཕྲ་མོ་རྣམས་ཞིབ་ཅིང་ཕྲ་བའི་སྒོ་ནས་འདྲེན་སྲིད་པ་ན། རྩོམ་པ་པོ་རྣམས་ཀྱིས་སྒྲུང་གཏམ་གསར་རྩོམ་བྱེད་སྐབས། གལ་སྲིད་བྱུང་རིམ་ཕྲ་མོ་སྟེ་འཚོ་བའི་རྣམ་པ་ཕྲ་མོ་དང་། མི་སྣའི་རྣམ་པ་ཕྲ་མོ་དང་།   ཁོར་ཡུག་གི་རྣམ་པ་ཕྲ་མོ་གལ་འགངས་ཆེ་བ་རྣམས་བཀོད་འབྲི་བརྒྱུད་དེ་རང་གི་བརྩམས་ཆོས་སུ་འདྲེན་པར་ནུས་ན། སྒྲུང་གཏམ་ལས་རྩོམ་མཁན་གྱི་བསམ་བློ་གང་དང་གང་ཡིན་པ་དེ་གབ་པའི་ཚུལ་དུ་ལེགས་པར་སྟོན་ཐུབ། དཔེར་ན་སྒྲུང་ཐུང《ཤ་ཡུ་མོ་ཤེའུ》ལས་བོད་པའི་ཕུགས་ཀྱི་འདུན་མར་གཏད་སོ་མེད་པའི་གཤིས་ཀ་སྟོན་འདོད་ཡིན་ལ། རྩོམ་མཁན་གྱི་བསམ་བློ་འདི་ཉིད་བརྩམས་ཆོས་ལས་གོ་འཛོལ་མེད་པར་སྟོན་ཆེད། མི་སྣ་ཞིག་གི་མི་ཚེའི་གོ་རིམ་གཞིར་བཟུང་སྟེ་ལོ་ན་ཆུང་དུས་ཨ་གསར་དང་བཅས་གྲྭ་སར་འགྲིམས་པ།ཆོས་ལ་གོ་བ་ཅུང་ཟད་རྙེད་རྗེས་དགེ་རྒན་གྱི་ལས་ཀར་འགྲམ་ཆུ་ལྡང་སྟེ་སློབ་གྲྭ་ཆེན་མོའི་དགེ་རྒན་བྱས་པ། དགེ་རྒན་དུ་གྱུར་ཏེ་བསྟན་བཅོས་འབའ་ཞིག་བརྩམས་རྗེས་ཚོང་བར་འགྲམ་ཆུ་ལྡང་སྟེ་ཚོང་ལས་གཉེར་བ། ཚོང་ལ་ཕམ་ཁ་བྱུང་རྗེས་སླར་ཡང་སློབ་ཁྲིད་ལ་འབད་པའི་བྱུང་རིམ་དེ་རྣམས་ཕྲེང་བར་བསྒྲིགས་པ་དང་། རྩོམ་མཁན་གྱི་བསམ་བློ་མཚོན་པ་ལ་དགོས་གལ་ཆེ་བའི་བྱུང་རིམ་ཕྲ་མོ་རྣམས་ཕྲ་ཞིང་ཞིབ་པའི་སྒོ་ནས་བཀོད་འབྲི་བྱས་པ་མ་ཟད། རང་གིས་ཅི་ཞིག་བརྗོད་འདོད་ཡོད་པ་དེ་གསལ་པོར་སྟོན་ཆེད། སྒྲུང་གཏམ་གྱི་མཇུག་ལ“བསྟན་འཛིན་ཉི་མ་ད་སྐབས་ཕོ་ལོ་སོ་བརྒྱད་ལ་སོན་ཡོད་ལ། ཁོའི་ལུས་པོ་ཧ་ཅང་བདེ་ཐང་ཡིན།  རྗེས་སུ།《ཤ་ཡུ་མོ་ཤེའུ》ཞེས་པའི་དབྱངས་རྟ་དེ་ལ་གླུ་ཚིག་ག་འདྲ་སྦྱར་དགོས་པ་སུས་ཀྱང་མི་ཤེས”[2]ཞེས་པའི་རང་བྱུང་ཚན་པ་འདི་ཉིད་བཀོད་དེ་གསལ་འདེབས་བྱས་པ་ཡིན་ནོ།།

སུམ་བརྒྱ་རྩ་གསུམ། བྱུང་རིམ་ཕྲ་མོར་བརྟེན་ནས་སྒྲུང་གཏམ་གྱི་ལེགས་པར་སྟོན་ན་ཡིད་འཇོག་བྱ་དགོས་པ་ག་འདྲ་ཡོད།

   ལན། བྱུང་རིམ་ཕྲ་མོར་བརྟེན་ནས་སྒྲུང་གཏམ་གྱི་ལེགས་པར་སྟོན་ན་ཡིད་འཇོག་བྱ་དགོས་པ་འདི་འདྲ་ཡོད་པར་འདོད་དེ། གཅིག  བརྗོད་སྙིང་སྟོན་པར་དགེ་མཚན་ལྡན་པའི་བྱུང་རིམ་ཕྲ་མོ་འདྲེན་དགོས་ཏེ། གལ་སྲིད་བརྗོད་སྟོན་མི་ནུས་པའི་བྱུང་རིམ་ཕྲ་མོ་གང་འདོད་དུ་དྲངས་ན་བརྗོད་སྙིང་སྒྲིབ་པའི་བརྗོད་ཉེས་འབྱུང་ངེས་ཡིན། གཉིས། བརྗོད་སྙིང་ལེགས་པར་སྟོན་པའི་དགོས་མཁོ་དང་བསྟུན་ཏེ། རིགས་མི་འདྲ་བའི་བྱུང་རིམ་ཕྲ་མོ་རྣམས་ལས་གང་ཞིག་མཁོ་གལ་ཆེ་ན་དེ་ཉིད་དམིགས་སུ་བཟུང་ནས་འདྲེན་དགོས། གསུམ། བྱུང་རིམ་ཕྲ་མོ་ལ་ལས་བརྗོད་སྙིང་སྟོན་མི་ཐུབ་ཀྱང་ཀློག་མཁན་གྱི་ཡིད་དབང་འཕྲོག་པར་ནུས་ན་དྲངས་རུང་མི་སྐྱོན་ནོ།།

སུམ་བརྒྱ་རྩ་བཞི། བྱུང་རིམ་ཕྲ་མོར་བརྟེན་ནས་མི་སྣའི་སྣང་བརྙན་གསར་སློང་བྱེད་དོན་ཅི།

   ལན།  མི་སྣའི་གཟུགས་བྱད་ཀྱི་རྣམ་པ་དང་ཉམས་འགྱུར། སེམས་ཁམས་ཀྱི་འགྱུར་ལྡོག  ལུས་ཀྱི་སྤྱོད་སྟངས་སོགས་བདེན་ཁ་མི་འཆོར་བའི་སྒོ་ནས་མཚོན་དགོས་ན། བྱུང་རིམ་ཕྲ་མོའི་བཀོད་འབྲི་ལ་མི་བརྟེན་ཐབས་མེད་ཡིན་པས། སྒྲུང་གཏམ་གསར་རྩོམ་གྱི་ལས་ལ་འཇུག་སྐབས།རྩོམ་མཁན་གྱིས་མི་སྣའི་གཤིས་ཀ་དང་བསྟུན་ཏེ། ཁྱད་ཆོས་མངོན་པར་གསལ་བའི་བྱུང་རིམ་ཕྲ་མོ་འབའ་ཞིག་བདམས་ནས་བདེན་ཁ་མི་འཆོར་བའི་སྒོ་ནས་བཀོད་འབྲི་བྱས་ན། མི་སྣའི་སྣང་བརྙན་ནམ་གཤིས་ཀ་དཔེ་མཚོན་ལྡན་པའི་ངང་ནས་མཚོན་ཐུབ།

སུམ་བརྒྱ་རྩ་ལྔ། སྒྲུང་གཏམ་ལས་བྱུང་རིམ་ཕྲ་མོ་བཀོད་འབྲི་བྱེད་ན་ཡིད་འཇོག་བྱ་དགོས་པ་ག་འདྲ་ཡོད།

   ལན། སྒྲུང་གཏམ་ལས་བྱུང་རིམ་ཕྲ་མོ་བཀོད་འབྲི་བྱེད་ན་ཡིད་འཇོག་བྱ་དགོས་པ་འདི་འདྲ་ཡོད་པར་འདོད་དེ། གཅིགབྱུང་རིམ་ཕྲ་མོ་ནི་བྱུང་རིམ་མདུན་ལ་འདེད་པ་དང་། མི་སྣའི་སྣང་བརྙན་གསར་སློང་བྱེད་པ། བརྩམས་ཆོས་ཀྱི་བརྗོད་སྙིང་ལེགས་པར་སྟོན་པའི་དགོས་མཁོ་དང་བསྟུན་ནས་བཀོད་འབྲི་བྱ་དགོས་ཏེ། གལ་སྲིད་དགོས་མཁོ་མེད་པའི་བྱུང་རིམ་ཕྲ་མོ་མང་པོ་གང་འདོད་དུ་དྲངས་ན། སྒྲུང་གཏམ་གྱི་བརྗོད་དོན་ཡིག་ཚོགས་ཀྱིས་བསྒྲིབས་པ་ལས་ཕན་པ་ཅི་ཡང་མེད། གཉིས། སྒྲུང་གཏམ་གསར་རྩོམ་བྱེད་སྐབས་དཔེ་མཚོན་རང་བཞིན་ལྡན་པའི་བྱུང་རིམ་ཕྲ་མོ་རིན་ཐང་ཅན་རྣམས་འདྲེན་དགོས་ཏེ། གལ་སྲིད་རིན་ཐང་ཡོད་མེད་ཐམས་ཅད་དྲངས་ན་སྒྲུང་གཏམ་གྱི་བྱུང་རིམ་ཉོག་པའམ་འཁྲུགས་པ་ལས་ཅི་ཡང་མེད་དོ།། གསུམ། བྱུང་རིམ་ཕྲ་མོ་ནི་ཀློག་མཁན་གྱི་ཀློག་མཁན་གྱི་ཡིད་སེམས་འགུགས་ཐུབ་མིན་ལ་དམིགས་ནས་བདམ་དགོས་འདུག་པར་འདོད་དེ། ཀློག་མཁན་ལ་སུན་སྣང་བསྐྱེད་སྲིད་པའི་བྱུང་རིམ་ཕྲ་མོ་ནི་བཀོད་འབྲི་ག་འདྲ་བྱས་ཀྱང་ངལ་བའི་རྒྱུ་ལས་མ་འདས་སྙམ་མོ། །

སུམ་བརྒྱ་རྩ་དྲུག  བྱུང་རིམ་ཕྲ་མོ་དང་བྱུང་། མི་སྣ་བཅས་ཀྱི་བར་ན་འབྲེལ་བ་ཅི་ཞིག་ཡོད།

   ལན། བྱུང་རིམ་དང་བྱུང་རིམ་ཕྲ་མོ་གཉིས་ཀར་འབྲེལ་བ་དམ་པོ་ཞིག་ཡོད་དེ། ཅི་ཡིན་ཞེ་ན། སྒྲུང་གཏམ་ཁྲོད་ཀྱི་བརྗོད་བྱ་ནི་བྱུང་རིམ་ཕྲ་མོ་སྣ་ཚོགས་ལྷན་དུ་བསྡེབས་ཏེ་གྲུབ་ཡོད་པ་དང་། དཔེ་མཚོན་རང་བཞིན་ལྡན་པའི་བྱུང་རིམ་གང་དང་གང་ཞིག་བྱུང་རིམ་གྱི་སྲོག་ཤིང་དུ་བཀོད་རྗེས། བྱུང་རིམ་ཕྲ་མོ་དེ་ཉིད་སྒྲུང་གཏམ་ཁྲོད་དུ་ཡང་ནས་ཡང་དུ་བྱུང་བ་ན། མི་སྣ་དང་མི་སྣའི་བར་ལ་འབྲེལ་བ་འབྱུང་བ་མ་ཟད། བྱུང་རིམ་དང་བྱུང་རིམ་བར་ལའང་འབྲེལ་བ་བྱུང་སྟེ་གཏམ་རྒྱུད་རིལ་པོ་གཅིག་འགྲུབ་སྲིད་པ་ཡིན།

སུམ་བརྒྱ་རྩ་བདུན  བྱུང་རིམ་ཕྲ་མོར་བརྟེན་ནས་བྱུང་རིམ་མཐུད་ལུགས་ག་འདྲ་ཡོད།

   ལན། སྒྲུང་གཏམ་གསར་རྩོམ་བྱེད་སྐབས། སྐབས་འགར་རང་ངོས་སུ་འབྲེལ་བ་མེད་པའི་བྱུང་རིམ་དུ་མ་སྔ་ཕྱི་གུང་བསྒྲིགས་ནས་ལྷན་དུ་སྦྱར་དགོས་འདུག་ལ། གནས་ཚུལ་འདི་འདྲར་འཕྲད་སྐབས་རྩོམ་པ་པོས་འཚོ་བའི་རྣམ་པ་ཕྲ་མོའམ། མི་སྣའི་རྣམ་པ་ཕྲ་མོའམ། ཁོར་ཡུག་གི་རྣམ་པ་བཅས་ལས་གང་ཞིག་འོས་ན་དེ་ཉིད་དྲངས་ནས་བྱུང་རིམ་མཐུད་པ་ན། གཅིག་རྩོམ་མཁན་གྱིས་བརྗོད་བདེ་བ་དང་། གཉིས་སུ་ཀློག་པ་པོ་ནི་བྱུང་རིམ་སྔ་མར་མ་ཁེགས་ཏེ་བདེ་བླག་ངང་ནས་བྱུང་རིམ་ཕྱི་མར་འཇུག་ཐུབ་པར་འདོད། དཔེར་ན་མུ་འབྲེལ་སྒྲུང་གཏམ་ཡིག་བརྒྱ་མ《སྒྲོལ་མ་ཉེར་གཅིག》གི་གཉིས་པ་སྟེ《མཁའ་མཐའི་ཉི་མ》ལས་སྒྲོལ་མ་དང་ཚེ་རིང་གཉིས་ཀ་རྡོ་དཀར་གཙང་འགྲམ་དུ་འཛོམས་པའི་བྱུང་རིམ་རིལ་པ་ལེགས་པར་གཏུབས་ཏེ། དགོས་མཁོ་མེད་པ་རྣམས་ཡོངས་སུ་སྤངས་པ་དང་། བརྗོད་པར་འདོད་པའམ་བརྗོད་སྙིང་ལེགས་པར་སྟོན་ཐུབ་པའི་བྱུང་རིམ་གལ་འགངས་ཆེ་བ་རྣམས་ལྷན་དུ་བསྡེབས་ཏེ་སྔ་ཕྱི་འབྲེལ་ཆགས་པ་དང་། ཀློག་མཁན་གྱི་བློ་ལ་ཁེགས་པ་མེད་པའི་སྒོ་ནས་བྱུང་རིམ་འདུན་ལ་འདེད་ཆེད། བྱུང་རིམ་གྱི་སྡེ་ཚན་སིལ་མའི་བར་མཚམས་སུ་ཁོར་ཡུག་གི་རྣ་པ་ཕྲ་མོ་དྲངས་ཏེ་བྱུང་རིམ་མཐུད་པའི་ལས་ལ་འབད་པ་ཡིན་ཏེ། དཔེར་ན་སྒྲུང་གཏམ་གྱི་སྒྲུང་མགོ་རྩོམ་སྐབས། ཉི་མ་ནུབ་བཞིན་ཡོད་པའི་རྣམ་པ་གཞིར་བཟུང་སྟེ“ཉི་མ་ནུབ་ཕྱོགས་ཀྱི་མཁའ་མཐའ་ན་མར་ལྷུང་བཞིན་མཆིས།འོད་ཟེར་གྱི་ཉག་མ་མང་པོ་ཨ་སྔོན་གྱི་མཚམས་སྤྲིན་ལ་འཇུས།ཚེ་རིང་དང་སྒྲོལ་མ་གཉིས་ཀ་སྔར་བཞིན་འོད་སྣང་དམར་བོས་བཏུམས་པའི་རྡོ་དཀར་གཙང་འགྲམ་དུ་འཛོམས”ཞེས་བརྗོད་རྗེས། སྒྲོལ་མ་དང་ཚེ་རིང་གཉིས་ཀ་རྡོ་དཀར་གཙང་འགྲམ་ལ་འབྱོར་ཏེ་གཉིས་ཀའི་གཉེན་དོན་གླེང་བའི་བྱུང་རིམ་དེ་དྲངས་པ་དང་། བྱུང་རིམ་གྱི་སྡེ་ཚན་དེ་རྫོགས་པར་བསྟན་རྗེས། བར་མཚམས་ཀྱི་འབྲེལ་བ་མེད་པའི་བྱུང་རིམ་རྣམས་སྤངས་ཏེ་སྒྲོལ་མ་དང་ཚེ་རིང་གཉིས་ཀས་གཉེན་ཡིག་ལེན་པའི་གྲོས་མོལ་བྱེད་པའི་སྐོར་དེ་ཀློག་མཁན་གྱི་བློ་ལ་ཁེགས་པ་མེད་པའི་སྒོ་ནས་འདྲེན་ཆེད། རྩོམ་མགོ་འཛིན་དུས་དྲངས་པའི་ཉི་ནུབ་རྣམ་པ་ལས“འོད་ཟེར་གྱི་ཉག་མ་མང་པོ”ནི“འོད་ཟེར་གྱི་ཉག་མ་དུ་མ”རུ་བསྒྱུར་ཏེ། སྐབས་དེའི་ཁོར་ཡུག་གི་རྣམ་པ་ཕྲ་མོ་ནི“ཉི་མ་ནུབ་ཕྱོགས་ཀྱི་མཁའ་མཐའ་ན་མར་ལྷུང་བཞིན་མཆིས།འོད་ཟེར་གྱི་ཉག་མ་དུ་མ་ཨ་སྔོན་གྱི་མཚམས་སྤྲིན་ལ་འཇུས། གཙང་འགྲམ་དུ་གྲིབ་ཡོར་གཉིས་དལ་གྱིས་གཡོ”[3]ཞེས་པ་ལྟར་བཀོད་འབྲི་བྱས་ཏེ་བྱུང་རིམ་གྱི་སྡེ་ཚན་སྔ་ཕྱི་གཉིས་ཀ་ལེགས་པར་མཐུད་པ་ལྟ་བུའོ།།

སུམ་བརྒྱ་རྩ་བརྒྱད། བྱུང་རིམ་ཕྲ་མོར་བརྟེན་ནས་མི་སྣར་འབྲེལ་བ་འཛུགས་ལུགས་ག་འདྲ་ཡོད།

   ལན། སྒྲུང་གཏམ་གསར་རྩོམ་བྱེད་སྐབས། སྤྱིར་ན་བྱུང་རིམ་ཕྲ་མོ་བཀོད་འབྲི་བྱས་ཏེ་འཚོ་བ་དང་ཁོར་ཡུག་གི་རྣམ་པ་ཞིབ་ཅིང་ཕྲ་བ་དང་། མི་སྣའི་སྣང་བརྙན་དང་གཤིས་ཀ་མཚོན་བཞིན་ཡོད་མོད། འོན་ཏེ་སྐབས་རེར་བྱུང་རིམ་ཕྲ་མོར་བརྟེན་ནས་མི་སྣ་དང་མི་སྣའི་བར་ལ་འབྲེལ་བ་གཟུགས་དགོས་འདུག་ལ། སྒྲུང་གཏམ་གསར་རྩོམ་བྱེད་སྐབས་བྱུང་རིམ་འདི་འདྲ་དྲངས་པ་ན། མི་སྣ་དང་མི་སྣའི་བར་ལ་འབྲེལ་བ་འབྱུང་བ་དང་། བྱུང་རིམ་བདེ་བླག་ངང་ནས་མདུན་ལ་འདེད་པར་ཕན་པ་ཆེན་པོ་ལྡན་པར་འདོད། ཚུལ་དེ་དཔེར་ན《འཕྲིན་ལས་རྒྱ་མཚོ》ཁྲོད་ཀྱི་འཕྲིན་ལས་རྒྱ་མཚོ་དང་དབང་སྒྲོན་གཉིས་ཀ་ནི་འབྲེལ་བ་མེད་པའི་མི་སྣ་གཉིས་ཡིན་མོད། “སྟོད་ལུང་ཆུ་མཛོད་ཀྱི་རགས་ཁ་ཤོར་བའི་ཡར་སྔོན་ལ།ཁྱོ་གར་གློ་ཚ་བྱུང་སྟེ་མི་དམངས་སྨན་ཁང་དུ་བསྡད་ཡོད་པ་དང་།ཁོ་མོས་ཉིན་མོ་ཁྱོ་གར་ནད་གཡོག་བྱས་ཤིང་མཚན་མོ་མགྲོན་ཁང་དུ་བསྡད་ནས་ཉི་མ་འཁྱོལ་ཐབས་བྱེད་བཞིན་ཡོད”པས།  མི་སྣ་གཉིས་ཀར་འབྲེལ་བ་འབྱུང་བའི་མཐུན་རྐྱེན་ལྡན་པར་གྱུར་། ཅི་ཡིན་ཞེ་ན།   “མགྲོན་ཁང་གི་ཁང་ལེབ་མང་པོ་ཆུ་ལོག་སྔོན་གྱི་རླུང་འཚུབ་ཆེན་པོ་དེས་སྐད་ཅིག་ཉིད་ལ་རྩ་རྫོགས་བྱས”པ་ན། དབང་སྒྲོན་ནི“དངངས་འཚུབ་དང་བཅས་གོག་མ་ནུར་གྱིས་ཡར་ལངས་ཏེ་སྒོ་ཆེན་ཕྱོགས་སུ་རྩལ་དགུ་བཏོན་ནས་བྲོས་མོད།ངོ་གདོང་འཁྱག་སིབ་སེ་སོང་བ་དང་མཉམ་དུ།གར་ཡོང་འདིར་ཡོང་མེད་པའི་ཆུ་རླབས་ཤིག་གིས་ཁོ་མོ་ས་ལ་སྒྱེལ་ཏེ་མྱུར་མོར་ཁུར་འགོ་བརྩམས། སྐབས་དེར། འཕྲིན་ལས་རྒྱ་མཚོའང་ཆུ་ལོག་ཁྲོད་དུ་ཕྱིར་བྲོས་ཏེ་ཆུ་མཐར་བུད་པ་ཙམ་ཡིན་ལ། ཁོས་རང་ཉིད་དང་ཐག་མི་རིང་ས་ན་བུད་མེད་ཅིག་གི་ཨག་འབོད་བྱེད་བཞིན་ཡོད་པ་གོ་མ་ཐགབསམ་དབང་གཟུར་དབང་ཅི་ཡང་མེད་པར་ཆུ་ནང་ལ་མཆོང་སྟེ་ཁོ་མོ་མྱུར་དུ་ཆུ་མཐར་དྲུད”[4]པ་ན། འཕྲིན་ལས་རྒྱ་མཚོ་དང་དབང་སྒྲོན་གཉིས་ཀའི་བར་ལ་འབྲེལ་བ་བྱུང་བ་ལྟ་བུའོ།། 

སུམ་བརྒྱ་རྩ་དགུ། བྱུང་རིམ་ཕྲ་མོར་བརྟེན་ནས་བྱུང་རིམ་མཐུད་པ་དང་མི་སྣའི་བར་ལ་འབྲེལ་བ་འཛུགས་ན་ཡིད་འཇོག་བྱ་དགོས་པ་ག་འདྲ་ཡོད།

   ལན། བྱུང་རིམ་ཕྲ་མོར་བརྟེན་ནས་བྱུང་རིམ་སྔ་ཕྱི་མཐུད་པ་དང་མི་སྣ་དང་མི་སྣའི་བར་ལ་འབྲེལ་བ་འཛུགས་ན་ཡིད་འཇོག་བྱ་དགོས་པ་འདི་འདྲ་ཡོད་པར་འདོད་དེ། གཅིག  བྱུང་རིམ་སྔ་ཕྱི་མཐུད་པ་དང་མི་སྣའི་བར་ལ་བར་ལ་འབྲེལ་བ་འབྱུང་ཆེད་དྲངས་པའི་བྱུང་རིམ་ཕྲ་མོ་ནི་སྒྲུང་གཏམ་གྱི་བརྗོད་བྱའི་གྲུབ་ཆར་འགྱུར་རུང་བ་ཞིག་ཡིན་དགོས། གཉིས། བྱུང་རིམ་ཕྲ་མོ་འདིའི་རིགས་ནི་བྱུང་རིམ་སྔ་ཕྱི་མཐུད་པའམ་མི་སྣའི་བར་ལ་འབྲེལ་བ་འཛུགས་པའི་དགོས་མཁོ་དངོས་དང་བསྟུན་ནས་འདྲེན་དགོས།  

སུམ་བརྒྱ་ཆིག་བཅུ། སྒྲུང་གཏམ་ལས་བྱུང་རིམ་ཕྲ་མོ་གང་ལ་བརྟེན་ནས་དུས་རབས་ཀྱི་ཁྱད་ཆོས་ལྡན་ཞིང་བདེན་ཁ་མི་འཆོར་བའི་མཚོན་དགོས།

   ལན། སྒྲུང་གཏམ་གསར་རྩོམ་གྱི་ལས་ལ་འཇུག་སྐབས། ཕྲ་ཞིང་ཕྲ་བ་དང་བདེན་ཁ་མི་འཆོར་བའི་སྒོ་ནས་བྱུང་རིམ་ཕྲ་མོ་བཀོད་འབྲི་བྱས་ན། རྟགས་མཚན་གསལ་བའི་འཚོ་བའི་རྣམ་པ་ཕྲ་མོ་དང་། མི་སྣའི་རྣམ་པ་ཕྲ་མོ་དང་། ཁོར་ཡུག་གི་རྣམ་པ་ཕྲ་མོ་ལ་བརྟེན་ནས་དུས་རབས་ཀྱི་ཁྱད་ཆོས་དེ་བདེན་པ་བདེན་དྲང་གི་སྒོ་ནས་མཚོན་ཐུབ།  

སུམ་བརྒྱ་བཅུ་གཅིག  སྒྲུང་གཏམ་ལས་འཚོ་བའི་རྣམ་པ་ཕྲ་མོར་བརྟེན་ནས་དུས་རབས་ཀྱི་ཁྱད་ཆོས་གང་ལྟར་མཚོན་དགོས།

   ལན། སྒྲུང་གཏམ་ལ་ཆ་མཚོན་ན། བྱུང་རིམ་ལས་འཚོ་བའི་གོ་རིམ་བྱེ་བྲག་པ་ཞིག་སྟོན་བཞིན་ཡོད་པ་དང་། འཚོ་བ་རྣམ་པ་མཚོན་པའི་བྱུང་རིམ་ཕྲ་མོ་ལས་ལས་རིགས་མི་གཅིག་པ་དང་། དཔལ་འབྱོར་ཆ་རྐྱེན་མི་འདྲ་བ། སྤྱི་ཚོགས་མི་འདྲ་བ། དུས་སྐབས་མི་འདྲ་བའི་མི་རྣམས་ཀྱི་འཚོ་བ་རོལ་ལུགས་ཐད་ཀྱི་རྟགས་མཚན་མི་འདྲ་བ་དེ་རྣམ་པ་གསལ་བའི་སྒོ་ནས་སྟོན་བཞིན་ཡོད་པ་མ་ཟད། སྒྲུང་གཏམ་ཐམས་ཅད་ལས་དུས་རབས་ངེས་ཅན་ཞིག་གི་སྤྱི་ཚོགས་འཚོ་བ་དམིགས་སུ་བཟུང་ནས་སྟོན་དགོས་པ་ན། སྒྲུང་གཏམ་གང་ཞིག་གསར་རྩོམ་བྱེད་སྐབས། གལ་སྲིད་རྩོམ་པ་པོས་དུས་རབས་ཤིག་ལ་དམིགས་པ་གཏད་དེ་མི་རྣམས་ཀྱི་འཚོ་བའི་རྣམས་པ་ཕྲ་མོ་དེ་བདེན་ཁ་མི་འཆོར་བའི་ངང་ནས་བརྩམས་ཆོས་སུ་དྲངས་ཡོད་ན།   བརྩམས་ཆོས་ལས་བྱུང་བའི་འཚོ་བའི་རྣམ་པ་ཕྲ་ལ་དུས་རབས་ཀྱི་ཁྱད་ཆོས་ལྡན་ངེས་ཡིན། ཚུལ་དེ་དཔེར་ན《གྲོང་ཁྱེར་གྱི་འཚོ་བ》ལས་ཁྱུ་ཁྱུ་བཟའ་ཟླ་གཉིས་ཀ་ཤག་གྲོགས་བར་གྱི་འགལ་བ་སྟོན་སྐབས། འཚོ་བའི་རྣམ་པ་བྱེ་བྲག་པ་ཞིག་དམིགས་སུ་བཟུང་ནས་ཚུལ་དེ་ནི“ཁྱུ་ཁྱུའི་ཆུང་མ་ནི་གྲོང་ཁྱེར་ནས་ནར་སོན་པའི་བོད་རིགས་བུ་མོ་ཞིག་ཡིན་ལ། མོའི་སེམས་ཀྱི་གཙང་གཙོག་གི་ལྟ་བ་དེ་བོད་ཀྱི་གོམས་སྲོལ་དང་གཏན་ནས་མི་མཐུན་པས།ནམ་རྒྱུན་དོར་ཐུང་རྣམས་གཙང་མ་བཀྲུས་ཏེ་ནང་ཁྱམས་སུ་བསྐམས་པ་ན། ཁང་མིག་གཞན་གྱི་བོད་རིགས་འདུག་ཡ་དེ་དག་ལ་ཕོག་ཐུག་ཆེན་པོ་བཟོས་པ་དང་། འདུག་ཡ་རྣམས་ཀྱིས་མཚན་མོ་ཆང་འཐུང་རྗེས་འུར་ཆེན་འུར་ཆུང་བཅོ་བརྒྱད་རྒྱག་པར་མ་ཟད། ལྟོགས་དུས་ཁོ་ཚང་གི་ཟ་མ་གང་ཡོད་ལྐོག་ཟ་བྱས་པ་ན། རིམ་གྱིས་ཁྱུ་ཁྱུའི་ཆུང་མ་ལ་ཕོག་ཐུག་ཆེན་པོ་བཟོས་པས། ཕྱོགས་གཉིས་ཀ་སེམས་གཏིང་ནས་འགྲས་སོང”[5]ཞེས་པ་ལྟར་བཀོད་འབྲི་བྱས་ཡོད་ལ། འདི་ལྟར་བཀོད་འབྲི་བྱས་ན་བོད་མི་རྣམས་ཀྱི་གྲོང་ཁྱེར་གྱི་འཚོ་བའི་རྣམ་པ་བྱེ་བྲག་པ་ཞིག་དཔེ་མཚོན་རང་བཞིན་ལྡན་པའི་སྒོ་ནས་སྟོན་ཐུབ་པར་གྱུར་པ་མ་ཟད། བོད་པའི་གཙང་བཙོག་གི་འདུ་ཤེས་འགྱུར་དང་མ་འགྱུར་བའི་མི་སྣའི་འགལ་བ་ལ་བརྟེན་ནས་དུས་རབས་ཀྱི་ཁྱད་ཆོས་བྱེ་བྲག་པ་ཞིག་སྟོན་ཐུབ་པར་གྱུར་པ་ཡིན་ནོ།།

སུམ་བརྒྱ་བཅུ་གཉིས། སྒྲུང་གཏམ་ལས་མི་སྣའི་རྣམ་པ་ཕྲ་མོར་བརྟེན་ནས་དུས་རབས་ཀྱི་ཁྱད་ཆོས་གང་ལྟར་མཚོན་དགོས།

   ལན། མི་རྣམས་ལ་ཆ་མཚོན་ན། དུས་དང་མཐུན་པའི་གྱོན་གོས་གྱོན་ལུགས། རྒྱན་ཆ་འདོགས་ལུགས་ཤིག་ཡོད་པ་མ་ཟད། ལུས་ཀྱི་བྱ་སྟངས་དང་ངག་གི་བཤད་སྟངས་ལའང་དུས་རབས་ཀྱི་རྟགས་མཚན་ཞིག་ཡོད་པས། རྩོམ་པ་པོ་རྣམས་སྒྲུང་གཏམ་གསར་རྩོམ་གྱི་ལས་ལ་འཇུག་སྐབས།    གལ་སྲིད་མི་སྣའི་གཟུགས་བྱད་དང་། སྤྱོད་པ། སེམས་ཁམས་ཀྱི་རྣམ་པ་བྱེ་བྲག་པ་རྣམས་དུས་སྐབས་ཤིག་ལ་དམིགས་པ་གཏད་དེ་བཀོད་འབྲི་ཞིབ་ཕྲ་བྱས་ཡོད་ན།  མི་སྣའི་རྣམ་པ་ཕྲ་མོ་ལ་དུས་རབས་ཀྱི་ཁྱད་ཆོས་ལྡན་ངེས་ཡིན། དཔེར་ན་མུ་འབྲེལ་སྒྲུང་གཏམ་ཡིག་བརྒྱ་མ《སྒྲོལ་མ་ཉེར་གཅིག》གི་བཅུ་དྲུག་པ་སྟེ《ཆུ་ལེན་བུ་མོ》ལས་བགྲེས་མོ་ལྷ་ཆེན་འཚོའི་ལུས་ཀྱི་རྣམ་པ་ཕྲ་མོ་བཀོད་འབྲི་བྱེད་སྐབས། མི་སྣ“ཁོ”ཡི་ངོས་ཟིན་གཞིར་བཟུང་སྟེ། ཐོག་མར་མི་སྣ“ཁོ”ཡིས་བགྲེས་མོའི་དྲི་བར་ལན་འདེབས་གྲབས་བྱེད་སྐབས་ཀྱི་སེམས་ཁམས་དང་བསྟུན་ཏེ“ཁོ་རང་ནི་ལོ་གསུམ་གྱི་སྔོན་ལ་སློབ་གྲྭ་ཆེན་མོ་ནས་མཐར་ཕྱིན་རྗེས།ཞིང་ཆེན་རླུང་འཕྲིན་ཁང་དུ་བགོས། ན་ནིང་གོང་རིམ་གྱི་ཡིག་ཆ་ལྟར་གཞི་རིམ་ལ་སྦྱོར་བརྡར་དུ་ཡོང་སྟེ། མིག་སྔར་རྡོ་དཀར་སློབ་ཆུང་གི་དགེ་རྒན་ཡིན”ཞེས་བརྗོད་རྗེས། མི་སྣ“ཁོ”ཡི་སེམས་ཁམས་ཀྱི་འགྱུར་ལྡོག་དང་མཐོང་སྣང་གཞིར་བཟུང་སྟེ¡¡ãསྤྱིར་ཡིན་ན་ཚིག་ལན་འགོ་རྔ་ཅན་ཞིག་སྟེར་བསམ་མོད། འོན་ཏེ་ཁོ་མོའི་ལྷན་པ་དགུ་རྩེག་ཅན་གྱི་སློག་ཆད་དང་།ཐོག་མའི་ཁ་དོག་མི་ཤེས་པའི་ཚི་ལེན། ཚི་དྲེག་ཆགས་ཤིང་སོ་རྙིང་མི་འདྲ་བའི་སྲུང་གོར་མང་བོ།འོད་ཉམས་པའི་མིག་ཟུང་སོགས་མཐོང་མ་ཐག  ཁོ་རང་བརྒྱུད་པའི་འཇིག་རྟེན་དེ་ཁོ་མོར་ཆ་མེད་རྒྱུས་མེད་ཡིན་བསམས་ཏེ། ཚིག་ལན་གོ་བདེ་བ་ཞིག་སྟེར་དགོས་སྙམ་བྱུང”[6]ཞེས་པ་ལྟར་བརྗོད་དེ། བགྲེས་མོ་ལྷ་ཆེན་འཚོའི་ལུས་ཀྱི་རྣམ་པ་རྟགས་མཚན་གསལ་བའི་སྒོ་ནས་དྲངས་ནས་བརྩམས་ཆོས་སུ་དྲངས་པ་ན། མི་སྣའི་སྣང་བརྙན་ནི་དཔེ་མཚོན་རང་བཞིན་ལྡན་པའི་ངང་ནས་གསར་སློང་བྱེད་ཐུབ་པར་གྱུར་པ་མ་ཟད། རིག་གནས་སྦྱངས་དང་མ་སྦྱངས་པའི་མི་སྣ་བར་གྱི་སྤྱི་ཚོགས་ངོས་ཟིན་ཐད་ཀྱི་ཧེ་བག་ལ་བརྟེན་ནས་དུས་རབས་ཀྱི་ཁྱད་ཆོས་བྱེ་བྲག་པ་ཞིག་སྟོན་ཐུབ་པར་གྱུར་པ་ལྟ་བུ་ཡིན་ནོ།།

སུམ་བརྒྱ་བཅུ་གསུམ། སྒྲུང་གཏམ་ལས་ཁོར་ཡུག་གི་རྣམ་པ་ཕྲ་མོར་བརྟེན་ནས་དུས་རབས་ཀྱི་ཁྱད་ཆོས་གང་ལྟར་མཚོན་དགོས།

   ལན། རྩོམ་རིག་གི་བརྡ་ཆད་དུ་གྱུར་པའི་ཁོར་ཡུག་ནི་རང་བྱུང་ཁོར་ཡུག་དང་སྤྱི་ཚོགས་ཁོར་ཡུག་གཉིས་སུ་དབྱེ་ཆོག་ལ། དེ་གཉིས་ལས་རང་བྱུང་ཁོར་ཡུག་ལ་ཆ་མཚོན་ན། རང་ངོས་སུ་དུས་རབས་ཀྱི་རྟགས་མཚན་གསལ་མི་གསལ་མོད། འགྲོ་བ་མིའི་རིགས་ཀྱི་ཐོན་སྐྱེད་བྱེད་སྟངས་དང་འཚོ་བ་རོལ་སྟངས་སོགས་ལ་འགྱུར་ལྡོག་བྱུང་བ་དང་བསྟུན་ནས་རང་བྱུང་ཁོར་ཡུག་ལའང་འགྱུར་ལྡོག་འབྱུང་བཞིན་ཡོད་པས། སྒྲུང་གཏམ་གསར་རྩོམ་གྱི་ལས་ལ་འཇུག་སྐབས། དུས་སྐབས་ཤིག་ལ་བྱུང་བའི་ཁོར་གི་རྣམ་པ་བྱེ་བྲག་པ་དེ་བཀོད་འབྲི་ཞིབ་ཕྲ་བྱས་ན། ཁོར་ཡུག་གི་རྣམ་པ་ཕྲ་མོ་ལ་དུས་རབས་ཀྱི་ཁྱད་ཆོས་ལྡན་ངེས་ཡིན།  དཔེར་ན་སྒྲུང་ཐུང《ཤ》ལས་ལྷ་ས་མཚན་ལྗོངས་བཀོད་འབྲི་བྱེད་སྐབས། ཐོག་མར་སྤྲོས་བརྗོད་ཀྱི་ཐབས་ལ་བརྟེན་ནས་ལྷ་ས་པ་རྣམས་ཀྱི་འཚོ་བའི་གོམས་སྲོལ་ནི“མུན་རུབ་ནའང་། ཉི་མ་ལྷ་སའི་མི་རྣམས་མཚན་མོའི་འཚོ་བར་ཞེན་པས།   སྔ་མོར་མལ་གྱི་བདེ་བར་རོལ་མི་སྲིད”ཅེས་པ་ལྟར་མཚམས་སྦྱོར་བྱས་རྗེས། ལྷ་སའི་ཁོར་ཡུག་གི་རྣམ་པ་བྱེ་བྲག་པ་དམིགས་སུ་བཟུང་སྟེ། ཡུལ་གྱི་རྣམ་པ་ནི“གཟིགས་དང་། གཞུང་ལམ་ན་རླངས་འཁོར་བཞུར་གྱིན་གདའ། ནང་མ་ན་གླུ་སྐད་མཆེད་ཀྱིན་གདའ། སྲང་ལམ་ན་གོམ་སྒྲ་འཁྲུག་གིན་གདའ”[7]ཞེས་པ་ལྟར་བཀོད་འབྲི་བྱས་པ་ན། ལྷ་སའི་མཚན་ལྗོངས་ནི་དཔེ་མཚོན་རང་བཞིན་ལྡན་པའི་སྒོ་ནས་མཚོན་ཐུབ་པར་གྱུར་པ་མ་ཟད། ཉི་མ་ལྷ་སའི་མཚན་ལྗོངས་ཀྱི་དུས་རབས་ཀྱི་ཁྱད་ཆོས་དེའང་སྟོན་ཐུབ་སོང་བ་ལྟ་བུ་ཡིན་ནོ།།

སུམ་བརྒྱ་བཅུ་བཞི། བྱུང་རིམ་ཕྲ་མོར་དུས་རབས་ཀྱི་ཁྱད་ཆོས་ལྡན་དགོས་ན་ཡིད་འཇོག་བྱ་དགོས་པ་ག་འདྲ་ཡོད།

   ལན། སྒྲུང་གཏམ་དུ་བཀོད་འབྲི་བྱས་པའི་བྱུང་རིམ་ཕྲ་མོར་དུས་རབས་ཀྱི་ཁྱད་ཆོས་ལྡན་དགོས་ན་ཡིད་འཇོག་བྱ་དགོས་པ་འདི་འདྲ་ཡོད་པར་འདོད་དེ། གཅིག  དུས་རབས་ཀྱི་རྟགས་མཚན་མི་སྣའི་འཚོ་བའི་རྣམ་པ་ཕྲ་མོའམ། མི་སྣའི་ལུས་ཀྱི་རྣམ་པ་ཕྲ་མོའམ། ཁོར་ཡུག་གི་རྣམ་པ་ཕྲ་མོར་དྲངས་ནས་མཚོན་དགོས། གཉིས། དཔེ་མཚོན་རང་བཞིན་རང་བཞིན་ལྡན་པའི་རྟགས་མཚན་ལ་བརྟེན་ནས་དུས་རབས་ཀྱི་ཁྱད་ཆོས་མཚོན་དགོས།

སུམ་བརྒྱ་བཅོ་ལྔ། ཅི་ཞིག་ལ་སྒྲིག་གཞི་ཟེར།

   ལན། གོ་སླ་ཞིང་འཛིན་བདེ་བར་བརྗོད་ན། རྩོམ་ཡིག་ཀུན་གྱི་རྗོད་བྱེད་ཚིག་སྒྲིག་ལུགས་དང་བརྗོད་བྱའི་དོན་གྱི་སྟོན་ལུགས་ལ་སྒྲིག་གཞི་ཟེར་བ་དང་།དེ་གཉིས་ལས་རྗོད་བྱེད་ཚིག་གི་སྒྲིག་གཞི་ནི་སྤྲོས་བརྗོད་ཀྱི་དབྱངས་འགྲོས་དང་བསྟུན་ཏེ་རྒྱས་བསྡུས་ཡོད་པ་དང་། གྲིམ་ལྷོད་ཡོད་པའི་སྒོ་ནས་བརྗོད་པའི་ཚིག་གི་བརྗོད་སྟངས་ཤིག་ལ་གོ་དགོས་པ་དང་། བརྗོད་བྱའི་དོན་གྱི་སྒྲིག་གཞི་ཞེས་པ་ནི་བརྗོད་བྱའི་དོན་ལས་གང་ཞིག་སྔོན་ལ་བརྗོད་པ་དང་གང་ཞིག་རྗེས་སུ་བརྗོད་པ་སྟེ་བརྗོད་བྱའི་དོན་གྱི་རིམ་པ་སྒྲིག་ལུགས་དང་། ཁག་གང་ཞིག་རྒྱས་པར་བརྗོད་པ། ཁག་གང་ཞིག་བསྡུས་ནས་བརྗོད་པ། ཁག་གང་ཞིག་མི་བརྗོད་པར་བསྐྱུངས་པ་སྟེ་བརྗོད་བྱའི་དོན་དེ་རྒྱས་བསྡུས་དང་སྟོང་ཆ་ཡོད་པའི་སྒོ་ནས་སྟོན་ལུགས་ལ་གོ་དགོས་འདུག  དེ་གཉིས་དོ་མཉམ་པའི་ངང་ནས་རྩོམ་མཁན་གྱི་བསམ་བློ་དང་། གསར་རྩོམ་གྱི་དམིགས་ཡུལ།སྒྱུ་རྩལ་ཐད་ཀྱི་འདུན་མ་དང་བཅས་པ་གོ་རིམ་དང་གཞི་མཐུན་ཡོད་པའི་སྒོ་ནས་ལྷན་དུ་བསྡེབས་ཏེ། བརྗོད་པར་འདོད་པ་གང་ཞིག་ཡི་གེའི་རྣམ་པ་ན། སྒྲུང་གཏམ་ཕུལ་དུ་བྱུང་བ་ཞིག་རྨང་གཞི་བྱུང་བ་ཡིན་པས།སྒྲུང་གཏམ་སྤྱི་ལ་ཆ་མཚོན་ན། དེ་ཉིད་ཀྱི་སྒྱུ་རྩལ་མཚོན་སྟངས་སྣ་ཚོགས་ལས་ཆེས་གལ་འགངས་ཆེ་བ་དང་བརྩམས་ཆོས་ལེགས་འགྲུབ་འབྱུང་མིན་གྱི་འགག་རྩར་གྱུར་པ་ནི་སྒྲིག་གཞི་ཡིན་ཞེས་བརྗོད་ཀྱང་ཆོག་ལ། གཤམ་དུ་བརྗོད་གྲབས་ཡོད་པ་ནི་སྒྲུང་གཏམ་གྱི་བརྗོད་བྱའི་དོན་གྱི་སྒྲིག་གཞི་དེ་ཡིན་ནོ།།

སུམ་བརྒྱ་བཅུ་དྲུག  སྒྲུང་གཏམ་གྱི་སྒྲིག་གཞིར་ནང་གསེས་སུ་དབྱེ་ན་ག་ཙམ་ཡོད།

   ལན། སྒྲུང་གཏམ་གྱི་སྒྲིག་གཞི་ལ་དབྱེ་ལུགས་སྣ་ཚོགས་ཤིག་ཡོད་ཆོག་ཀྱང་། གལ་སྲིད་རང་ཉིད་ཀྱི་གསར་རྩོམ་ཉམས་མྱོང་ལ་རྒྱབ་བཅོལ་བ་དང་། སྒྲུང་གཏམ་རྩོམ་ལུགས་སྨྲ་བ་སྐོར་ཞིག་གི་རང་ལུགས་ཚད་མར་བཟུང་སྟེ་དཔྱད་ན་ངོས་ཟིན་འདི་འདྲ་འབྱུང་སྲིད་དེ། ཞིབ་ཏུ་དཔྱད་ན་བརྩམས་ཆོས་ཀྱི་སྒྲིག་གཞི་སྤྱི་དང་བྱེ་བྲག་གི་བྱུང་རིམ་སྒྲིག་ལུགས་ཡོངས་སུ་མཚུངས་པའི་སྒྲུང་གཏམ་གཉིས་ནི་གཏན་ནས་འདྲེན་ཐབས་མེད་མོད། དེ་དག་ལས་བརྩམས་ཆོས་རིགས་མཐུན་རྣམས་ཀྱི་ཐུན་མོང་གི་ཁྱད་ཆོས་ལ་དམིགས་པ་གཏད་དེ་དབྱེ་ན་ཁུངས་སྣེ་གཅིག་ཅན་གྱི་སྒྲིག་གཞི་དང་།ཁུངས་སྣེ་གཉིས་ཅན་གྱི་སྒྲིག་གཞི་དང་། ཁུངས་སྣེ་མང་པོ་ཅན་གྱི་སྒྲིག་གཞི་དང་། འཆར་སྒོའི་རྗེས་སུ་འབྲངས་པའི་སྒྲིག་གཞི་དང་། གཅིག་ནས་ཀུན་ལ་མཆེད་པའི་སྒྲིག་གཞི་བཅས་ལྔ་ཡོད་དོ།།

སུམ་བརྒྱ་བཅུ་བདུན། ཁུངས་སྣེ་གཅིག་ཅན་གྱི་སྒྲིག་གཞི་ལ་ཁྱད་ཆོས་ཅི་ཞིག་ཡོད།

   ལན། སྒྲུང་གཏམ་མང་པོ་ཞིག་ལ་ཆ་མཚོན་ན། ཁུངས་སྣེ་གཅིག་གིས་བརྗོད་བྱའི་དོན་ཀུན་ཡོངས་སུ་རྫོགས་པར་སྦྲེལ་ནས་གྲུབ་ཡོད་ལ།   སྒྲུང་གཏམ་འདིའི་རིགས་ཀྱི་བྱུང་རིམ་ལ་རྙོག་དྲ་མེད་པ་མ་ཟད། ཁུངས་སྣེ་ཤིན་ཏུ་གསལ་བ་དང་། གཏམ་རྒྱུད་ནི་མི་སྣའི་རྗེས་སུ་འབྲངས་ཏེ་མདུན་ལ་འདེད་བཞིན་ཡོད་པ་ན།འཚོ་བའི་འགལ་བ་དང་འབྲེལ་བ་དཔེ་མཚོན་རང་བཞིན་ལྡན་ཞིང་རྙོག་དྲ་མེད་པའི་སྒོ་ནས་མཚོན་པ་དང་། མི་སྣའི་སྣང་བརྙན་སླ་ཞིང་སླ་བའི་སྒོ་ནས་ལེགས་པར་མཚོན་པ་ལ་ཕན་པ་ཆེན་པོ་ལྡན་པ་ཡིན། ཁོ་བོའི་རྣམས་ལས《སྒྲོལ་མ་ཉེར་གཅིག》ཏུ་དྲངས་འདུག་པའི་སྒྲུང་གཏམ་མ་ཕལ་མོ་ཆེ་དང་། སྒྲུང་ཐུང《གལ་ཏེ》དང་། 《ཤ་ཡུ་མོ་ཤེའུ》དང་། 《ཤ》དང་། 《ཧ་ཅང་ཧ་ཅང》དང་། 《དར་ལྕོག  རླུང་བུ།  ད་དུང་ལྷེམ་ལྷེམ་གཡོ་བའི་རླུང་རྟ》སོགས་ཀྱི་སྒྲིག་གཞི་ནི་ཁུངས་སྣེ་གཅིག་ཅན་གྱི་གྲས་སུ་གཏོགས་ཞེས་བརྗོད་ཆོག  

སུམ་བརྒྱ་བཅོ་བརྒྱད།  ཁུངས་སྣེའི་གྲུབ་ལུགས་ལྟར་དབྱེ་ན་ཁུངས་སྣེ་གཅིག་ཅན་ལ་ནང་གསེས་ག་ཙམ་ཡོད།

   ལན། ཁུངས་སྣེ་གཅིག་ཅན་གྱི་སྒྲུང་གཏམ་ལ་ཁུངས་སྣེའི་གྲུབ་ལུགས་ལྟར་དབྱེ་ན་བཞི་ཡོད་ལ། དེ་དག་ནི་ཁུངས་སྣེ་དྲང་རྐྱང་མ་དང་། ཁུངས་སྣེ་ཀྱག་ཀྱོག་མ་དང་། ཁུངས་སྣེ་ཕྲེང་བསྟར་མ་དང་། ཁུངས་སྣེ་གཏན་ཚིགས་མ་རྣམས་སོ།།

སུམ་བརྒྱ་བཅུ་དགུ། ཁུངས་སྣེ་དྲང་རྐྱང་མ་ལ་ཁྱད་ཆོས་ཅི་ཞིག་ཡོད།

   ལན། ཁུངས་སྣེ་དྲང་རྐྱང་མ་ལ་ཆ་མཚོན་ན། སྒྲུང་གཏམ་ཡོངས་སུ་མི་སྣ་ཞིག་གམ་དོན་དག་ཅིག་བྲིས་ཏེ་བྱུང་རིམ་མདུན་ལ་འདེད་བཞིན་ཡོད་པ་མ་ཟད། བྱུང་རིམ་ལ་རྙོག་དྲ་དང་འཕྱོ་འཇགས་མེད་ཅིང་། སྒྲིག་གཞི་ནི་བབ་ཆགས་ཡིན་པས། བཀླགས་པ་ཙམ་གྱིས་སྒྱུ་རྩལ་གྱི་རིན་ཐང་ཆེན་པོ་མེད་པའི་ཚོར་བ་བསྟེར་མོད།  དོན་དམ་དུ་རྩོམ་སྟངས་དེ་རིགས་ནི་འཚོ་བའི་བདེན་པ་དང་ཡོངས་སུ་མཐུན་པ་ཞིག་ཡིན། ཁྱད་ཆོས་འདི་ལ་གཞིགས་ན་ཁོ་བོའི་སྒྲུང་གཏམ་རྣམས་ལས《སྒྲོལ་མ་ཉེར་གཅིག》ཏུ་དྲངས་འདུག་པའི་སྒྲུང་གཏམ་ཡིག་བརྒྱ་མ་ཕལ་མོ་ཆེ་དང་། 《བཀྲ་བྷ་ཡི་སྒྲུང་གཏམ་ཕྱོགས་བསྒྲིགས》སུ་བཀོད་ཡོད་པའི་སྒྲུང་ཐུང《གལ་ཏེ》དང་། 《ཤ་ཡུ་མོ་ཤེའུ》དང་། 《ཤ》དང་།  《གནས་རི》སོགས་ནི་ཁུངས་སྣེ་དྲང་རྐྱང་མའི་བརྩམས་ཆོས་ཀྱི་གྲས་སུ་གཏོགས་པ་འདྲ་ཞིང་། དེ་དག་ལས《ཤ་ཡུ་མོ་ཤེའུ》ལ་ཆ་མཚོན་ན་མི་སྣ་དམིགས་སུ་བཟུང་སྟེ། བསྟན་འཛིན་ཉི་མ་ཆོས་སྒོར་འགྲིམ་པ་དང་། བསྟན་འཛིན་ཉི་མ་སློབ་གྲྭ་ཆེན་མོའི་དགེ་རྒན་ཏུ་གྱུར་པ། བསྟན་འཛིན་ཉི་མས་ཚོང་ལས་གཉེར་བ། ཚོང་ལ་ཕམ་ཁ་བྱུང་རྗེས་བསྟན་འཛིན་ཉི་མས་སླར་ཡང་སློབ་འཁྲིད་འབད་པའི་གོ་རིམ་དེ་དྲང་ཐིག་གཅིག་ལ་དྲངས་ཏེ་ཀྱག་ཀྱོག་མེད་པར་བརྗོད་ཡོད་པ་དང་། 《གནས་རི》ལ་ཆ་མཚོན་ན་བརྗོད་བྱ་ནི་གནས་རིའི་གཏེར་ཁ་སྔོག་མིན་དེ་ཡིན་ལ།  སྒྲུང་གཏམ་གསར་རྩོམ་བྱེད་སྐབས། སྤྲུལ་སྐུ་མཁའ་ལྡིང་ལགས་ཀྱིས་གནས་རི་སྟོབས་ལྡན་དབང་ཕྱུག་གི་གཏེར་ཁ་གཞན་འཚོང་ཆེད་སྡེ་དཔོན་ལ་གཡོ་ཇུས་བཤམས་པ་དང་། སྡེ་དཔོན་གཡུ་འབྲུག་གིས་གཏེར་ཁ་སྲུང་ཆེད་སྤྲུལ་སྐུ་ལ་བློ་རིག་འགྲམ་པ་ན། མཇུག་མཐར་སྤྲུལ་སྐུ་ཕམ་ཞིང་སྡེ་དཔོན་རྒྱལ་བའི་གོ་རིམ་བརྩམས་ཆོས་ཀྱི་མགོ་མཇུག་བར་གསུམ་དུ་སྙོམ་པར་བརྗོད་ཡོད་ཅིང་། བྱུང་རིམ་ལ་འཕྱོ་འཇགས་དང་བློ་ཡུལ་ལས་འགངས་པའི་འགྱུར་ལྡོག་ཅི་ཡང་མེད་པ་ལྟ་བུ་ཡིན་ནོ།།

སུམ་བརྒྱ་ཉི་ཤུ། ཁུངས་སྣེ་ཀྱག་ཀྱོག་མ་ལ་ཁྱད་ཆོས་ཅི་ཞིག་ཡོད།

   ལན། ཁུངས་སྣེ་ཀྱག་ཀྱོག་མ་ལ་ཆ་མཚོན་ན། ཁུངས་སྣེ་དྲང་རྐྱང་མ་དང་འདྲ་བར་སྒྲུང་གཏམ་ལས་མི་ཞིག་གམ་དོན་དག་ཅིག་བརྗོད་བཞིན་ཡོད་རུང་། བྱུང་རིམ་ལ་འཕྱོ་འཇགས་ཆེ་བ་མ་ཟད། བྱུང་རིམ་གྱི་འཕེལ་སྟངས་ནི་མིའི་བློ་ཡུལ་ལས་འདས་པའི་སྐབས་ཀྱང་ཡོད་པ་ཡིན། ཁོ་བོའི་བརྩམས་ཆོས་རྣམས་ལས་སྒྲུང་ཐུང《ཧ་ཅང་ཧ་ཅང》དང་། 《བྱང་ཆུབ་སེམས་དཔའ་རི་བོང་བློ་ལྡན་གྱི་རྟོགས་བརྗོད》དང་།   《ཚངས་དབྱངས་རྒྱ་མཚོ》དང་། སྒྲུང་འབྲིང《གྱོད》སོགས་ལ་ཁུངས་སྣེ་གཅིག་ལས་མེད་ཀྱང་། ལ་ལའི་བྱུང་རིམ་གྱི་འཕེལ་ཕྱོགས་ལ་རྙོག་དྲ་དང་འགྱུང་ཅུང་ཟད་ཆེ་བ་དང་། ལ་ལའི་མི་སྣའི་སེམས་ཁམས་ལ་འགྱུར་ལྡོག་དང་རྙོག་དྲ་ཅུང་ཟད་ཡོད་པས། ཡོད་ཚད་ཁུངས་སྣེ་ཀྱག་ཀྱོག་ཅན་གྱི་བརྩམས་ཆོས་ཀྱི་གྲས་སུ་གཏོགས་པ་འདྲ།  

སུམ་བརྒྱ་ཉེར་གཅིག  ཁུངས་སྣེ་ཕྲེང་བསྟར་མ་ལ་ཁྱད་ཆོས་ཅི་ཞིག་ཡོད།

   ལན། ཁུངས་སྣེ་ཕྲེང་བསྟར་མ་ལྟར་བརྩམས་པའི་སྒྲུང་གཏམ་ནི་ཅུང་ཟད་ཉུང་སྟེ། སྒྲུང་གཏམ་འདིའི་རིགས་ལ་ཆ་མཚོན་ན་ཁུངས་སྣེ་གཅིག་ལ་བརྟེན་ནས་རང་སྟེང་ན་འབྲེལ་བ་ཅི་ཡང་མེད་པའི་གཏམ་རྒྱུད་དུ་མ་གཞི་གཅིག་ལ་སྦྲེལ་ཡོད་པ་དང། གཏམ་རྒྱུད་བྱེ་བྲག་པ་རྣམས་ལྷན་དུ་བསྡུས་ན་བརྗོད་དོན་རིལ་པོ་གཅིག་སྟོན་ཐུབ། དཔེར་ན་རྒྱ་རིགས་ཀྱི་སྒྲུང་གཏམ་གྲགས་ཅན《ཐང་སིན་བླ་མའི་རྟོགས་བརྗོད》ལ་ཆ་མཚོན་ན། ཐང་སིན་བླ་མས་རང་གི་འཁོར་རྣམས་རྗེས་སུ་ཁྲིད་དེ་རྒྱ་གར་འཕགས་པའི་ཡུལ་ལ་དམ་པའི་ལྷ་ཆོས་གདན་འདྲེན་ཞུ་བར་ཕེབས་པ་ནི་སྒྲུང་གཏམ་གྱི་སྲོག་ཤིང་དུ་གྱུར་པའི་ཁུངས་སྣེ་དེ་ཡིན་པ་དང་། ཕྱགས་ཕེབས་པའི་ལམ་དུ་བར་ཆད་དགུ་དགུ་གྱ་གཅིག་བྱུང་སྟེ། སེམས་ཅན་མ་རུང་བ་རྣམས་ཀྱིས་ཡང་ནས་ཡང་དུ་གཙེ་བའི་གཏམ་རྒྱུད་བྱེ་བྲག་པ་རྣམས་ལ་རང་སྟེང་ན་འབྲེལ་བ་ཅི་ཡང་མེད་མོད། ཐང་སིན་རྒྱ་གར་ལ་ཕྱགས་ཕེབས་པ་དེ་སྲོག་ཤིང་བྱས་ཏེ་ཕྲེང་བར་བསྒྲིགས་པ་ན། གཏམ་རྒྱུད་སིལ་མ་རྣམས་གཞི་གཅིག་ལ་འདུས་བྱུང་བ་མ་ཟད། ཧ་ཤིང་ཆེན་པོ་དེ་ཉིད་འཕགས་ཡུལ་ལ་ཕེབས་སྐབས་འཕྲད་པའི་དཀའ་སྡུག་སྣ་ཚོགས་གཟུགས་རིས་ཡོད་པའི་སྒོ་ནས་མཚོན་ཐུབ་པར་གྱུར། དེ་མིན། 《མི་རོ་རྩེ་སྒྲུང》ཞེས་པའི་གཏམ་རྒྱུད་ཕྲེང་བསྟར་མ་འདི་ནི་སྒྲུང་གཏམ་གྱི་ཁུངས་ལ་འདྲེན་མི་རུང་ནའང་། སྒྲིག་གཞི་ནི་ཁུངས་སྣེ་ཕྲེང་བསྟར་མའི་སྒྲུང་གཏམ་དང་གཉིས་སུ་མ་མཆིས་པས། གལ་སྲིད་རྗེས་སུ་རྩོམ་པ་པོ་སུ་དང་གང་ཞིག་གིས《མི་རོ་རྩེ་སྒྲུང》གཞིར་བཟུང་སྟེ《རོ་སྒྲུང་གསར་མ》ཞེས་པའི་སྒྲུང་ཚོམ་ཞིག་རྩོམ་པར་ནུས་ན། དེ་དུས་བོད་ལའང་སྒྲུང་གཏམ་ཕྲེང་བསྟར་མ་ཡོད་པར་གྱུར་པ་ཡིན་ནོ།།

སུམ་བརྒྱ་ཉེར་གཉིས། ཁུངས་སྣེ་གཏན་ཚིགས་མ་ནི་ག་འདྲ་ཞིག་ལ་ངོས་འཛིན་དགོས་འདུག

   ལན། ཁུངས་སྣེ་གཏན་ཚིགས་མའི་སྒྲུང་གཏམ་རྣམས་ལ་ཆ་མཚོན་ན། དེ་དག་ལ་བྱུང་རིམ་ལྷན་དུ་སྡེབ་པར་ནུས་པའི་ཁུངས་སྣེ་མངོན་པར་གསལ་བ་ཞིག་མེད་རུང་། རྩོམ་པ་པོ་གཅིག་གི་སྒྲུང་གཏམ་གྱི་བརྗོད་བྱའི་ཐད་དུ་ཕན་ཚུན་ལ་འབྲེལ་བ་ཡོད་པ་དང་། རྩོམ་གཤིས་འདྲ་ཞིང་བརྗོད་སྙིང་གཅིག་གྱུར་ཡིན་པ་མ་ཟད། གཏན་ཚིགས་ཀྱི་ཐད་ནས་དེ་དག་ལ་མི་མངོན་པའི་ཁུངས་སྣེ་ཞིག་གྲུབ་འདུག་པ་ན། དེ་དག་ནི་ཁུངས་སྣེ་གཅིག་ཅན་གྱི་སྒྲུང་གཏམ་ལས་ཁུངས་སྣེ་གཏན་ཚིགས་མའི་ཁུངས་སུ་བསྡུས་ཆོགཁུངས་སྣེ་གཏན་ཚིགས་མའི་སྒྲུང་གཏམ་ལ་ནང་གསེས་སུ་དབྱེ་ན་གཉིས་ཡོད་དེ། རིགས་ཤིག་ནི་རྩོམ་པ་པོ་གཅིག་གིས་བརྩམས་པའི་ཆ་རྐྱེན་འོག་ཏུ།བརྗོད་བྱར་འབྲེལ་བ་ཡོད་པ་དང་། རྩོམ་གཤིས་དང་བརྗོད་སྙིང་གཅིག་གྱུར་ཡིན་པ་མ་ཟད།སྒྲུང་གཏམ་རིགས་མཐུན་ནི་བརྩམས་ཆོས་གསུམ་གྱིས་གྲུབ་ཡོད་པ་ན། རྒྱ་རིགས་ཀྱི་རྩོམ་རིག་གཞུང་ལུགས་སྨྲ་བ་རྣམས་ཀྱིས་དེ་ལ“三部曲”ཞེས་འབོད་བཞིན་ཡོད་ལ། བོད་ལ་བརྡ་ཆད་འདི་ཉིད་འདྲེན་ན“མཐུན་པ་སྤུན་གསུམ”ཞེས་སུ་བསྒྱུར་ན་ལེགས་པ་འདྲ་ཞིང་། དཔེར་ན་རྒྱ་རིགས་རྩོམ་གྲགས་ཅན་པཱ་ཅིང་ལགས་ཀྱི“爱情三部曲”[8]དང“激流三部曲”[9]ལྟ་བུ་རེད། རིགས་གཞན་ཞིག་ནི་སྒྲུང་གཏམ་མང་པོ་ནི་རྩོམ་པ་གཅིག་གིས་བརྩམས་པ་མ་ཟད། རྩོམ་གཤིས་མཚུངས་ཤིང་བརྗོད་སྙིང་གཅིག་ལ་འབབ་མོད།   བརྩམས་ཆོས་ཀྱི་གྲངས་འབོར་ནི་གསུམ་ལས་རིང་དུ་བརྒལ་འདུག་པ་ན། “三部曲”སྟེ“མཐུན་པ་སྤུན་གསུམ”གྱི་གྲས་སུ་འདྲེན་མི་རུང་ཡང་། གཏན་ཚིགས་ཤིག་གིས་དེ་དག་གཞི་གཅིག་ལ་བསྡུས་འདུག་པ་ན། ཁུངས་སྣེ་གཏན་ཚིགས་མའི་གྲས་སུ་གཏོགས་པ་ཡིན།   དཔེར་ན་བདག་གི་མུ་འབྲེལ་སྒྲུང་གཏམ་ཡིག་བརྒྱ་མ《སྒྲོལ་མ་ཉེར་གཅིག》ལ་མཚོན་ན། དེ་ཉིད་ཁྲོད་ཀྱི་སྒྲུང་གཏམ་ཡིག་བརྒྱ་མ་ཉེར་གཅིག་ནི་བརྗོད་བྱ་དང་མི་སྣའི་ཐད་དུ་ཕན་ཚུན་ལ་འབྲེལ་བ་ཅི་ཡང་མེད་རུང་། བརྩམས་ཆོས་ཡོད་ཚད་ཀྱི་རྩོམ་གཤིས་མཚུངས་པ་མ་ཟད། ཐུན་མོང་གི་བརྗོད་སྙིང་ནི་བོད་རིགས་སྐྱེས་མའི་ལས་དབང་ཡིན་པ་ན། དེ་དག་ལ་གཏན་ཚིགས་ཀྱི་ཁུངས་སྣེ་ཞིག་ཡོད་པར་གྱུར་པས། ཁུངས་སྣེ་གཏན་ཚིགས་མའི་གྲས་སུ་དྲངས་ཆོག་པར་གྱུར།

སུམ་བརྒྱ་ཉེར་གསུམ། ཁུངས་སྣེ་གཅིག་ཅན་གྱི་སྒྲུང་གཏམ་གསར་རྩོམ་བྱེད་ན་ཡིད་འཇོག་བྱ་དགོས་པ་ག་འདྲ་ཡོད།

   ལན། ཁུངས་སྣེ་གཅིག་ཅན་གྱི་སྒྲུང་གཏམ་གསར་རྩོམ་བྱེད་ན་ཡིད་འཇོག་བྱ་དགོས་པ་འདི་འདྲ་ཡོད་དེ། གཅིག གཏམ་རྒྱུད་ཀྱི་རྒྱུན་གཅིག་བཟུང་སྟེ་བརྗོད་བྱའི་དོན་ཀུན་རྫོགས་པར་སྟོན་པར་ནུས་དགོས། གཉིས། ཁུངས་སྣེ་གཅིག་ལ་གཏམ་རྒྱུད་ཀྱི་རྒྱུན་མི་གཅིག་པ་མང་པོ་དྲངས་ཏེ་ནང་འགལ་དང་བློ་གོལ་མི་འབྱུང་བའི་ངང་ནས་སྟོན་ནུས་དགོས།

སུམ་བརྒྱ་ཉེར་བཞི། ཁུངས་སྣེ་གཉིས་ཅན་གྱི་སྒྲིག་གཞི་ལ་ཁྱད་ཆོས་ཅི་ཞིག་ཡོད།

   ལན། ཁུངས་སྣེ་གཉིས་ཅན་གྱི་སྒྲུང་གཏམ་ལ་ཆ་མཚོན་ན། ཁྱད་ཆོས་གཙོ་བོ་འདི་འདྲ་ཡོད་དེ། གཅིག  བརྩམས་ཆོས་རིལ་པོ་གཅིག་ལ་གཏམ་རྒྱུད་ཀྱི་རྒྱུན་གཉིས་ཡོད་པ་དང་། གསར་རྩོམ་ལ་འཇུག་སྐབས་གཏམ་རྒྱུད་ཀྱི་རྒྱུན་གཉིས་ཀ་དུམ་བུར་གཏུབས་རྗེས། ཁུངས་སྣེ་གཉིས་ཀའི་གཏམ་རྒྱུད་ཀྱི་རྒྱུན་དུམ་བུ་རྣམས་ཕྲེང་བར་བསྒྲིགས་ཏེ་འདྲེན་བཞིན་ཡོད། སྐབས་འདིའི་ཁུངས་སྣེ་གཉིས་ཞེས་པ་ནི་གཏམ་རྒྱུད་ཀྱི་རྒྱུན་མི་འདྲ་བ་གཉིས་དང་གཏམ་རྒྱུད་གཅིག་གི་ཁུགས་སོ་གཏུབས་ནས་རྒྱུན་གཉིས་སུ་བསྒྱུར་པ་ལ་གོ་དགོས་ཤིང་། རྒྱུན་རིགས་མི་འདྲ་བ་དེ་གཉིས་ཀ་ཕྲེང་བར་སྒྲིག་སྐབས།རྩོམ་པ་པོས་སྒྲུང་གཏམ་གྱི་བརྗོད་དོན་ལེགས་པར་སྟོན་པའི་དགོས་མཁོ་ལ་དམིགས་ཏེ།   སྐབས་རེར་ཁུངས་སྣེ་གཉིས་ཀ་དོ་མཉམ་པ་དང་། མཚམས་རེར་ཁུངས་སྣེ་གཉིས་ཀར་གཙོ་ཕལ་ཡོད་པ་དང་། ལན་རེར་ཁུངས་སྣེ་གཉིས་ཀར་མངོན་ལྐོག་གི་དབྱེ་བ་གསལ་བའི་སྒོ་ནས་བྱུང་རིམ་མདུན་ལ་འདེད་བཞིན་མཆིས། བརྗོད་བྱའི་དོན་གྱི་ཁྱད་ཆོས་ལ་གཞིགས་ན། ཁུངས་སྣེ་གཉིས་ཅན་གྱི་སྒྲུང་གཏམ་ཕལ་མོ་ཆེའི་བྱུང་རིམ་ལ་རྙོག་དྲ་ཆེ་ཞིང་། འགལ་བ་དང་འབྲེལ་བ་སྣ་ཚོགས་དྲ་བར་བསྣོལ་འདུག་པ་ན། གཞི་རྒྱ་ཆེ་བའི་སྤྱི་ཚོགས་འཚོ་བ་གང་ཞིག་དཔེ་མཚོན་རང་བཞིན་ལྡན་པའི་ངང་ནས་མཚོན་ན་སྟབས་བདེ་ཡིན།

སུམ་བརྒྱ་ཉེར་ལྔ། ཁུངས་སྣེ་གཉིས་ཅན་གྱི་སྒྲུང་གཏམ་ནང་གསེས་སུ་དབྱེ་ན་ག་ཙམ་ཡོད།

   ལན། རྩོམ་པ་པོ་གཞན་གྱི་བརྩམས་ཆོས་དང་རང་ཉིད་ཀྱི་གསར་རྩོམ་ཉམས་མྱོང་ལྟར་ན། ཁུངས་སྣེ་གཉིས་ཅན་གྱི་སྒྲུང་གཏམ་ལ་ནང་གསེས་སུ་དབྱེ་ན་ཁུགས་སོ་གཏུབས་པའི་ཁུངས་སྣེ་དང་རྒྱུན་གཉིས་གཤིབ་པའི་ཁུངས་སྣེ་གཉིས་ཡོད་པར་འདོད་དོ།།

སུམ་བརྒྱ་ཉེར་དྲུག  ཁུགས་སོ་གཏུབས་པའི་ཁུངས་སྣེ་ཞེས་པ་ག་འདྲ་ཞིག་ལ་ངོས་འཛིན་དགོས་འདུག

   ལན། སྒྲུང་གཏམ་གྱི་བརྗོད་བྱར་རུང་བའི་གཏམ་རྒྱུད་འབའ་ཞིག་ལ་མཚོན་ན། གཅིག་ན་དུས་ཀྱི་བརྒལ་ཡུན་རིང་བས། རིམ་པ་བཞིན་བརྗོད་ན་རིན་ཐང་མེད་པའི་དོན་དག་མང་པོ་ཞིག་བརྗོད་དགོས་པ་མ་ཟད། ཡོད་ཚད་བརྗོད་ན་ཀློག་པ་པོར་སུན་སྣང་སྦྱིན་པའི་ཉེན་ཁ་ཡོད་པ་དང་། གཉིས་སུ་གཏམ་རྒྱུད་ཀྱི་ཁུགས་སོ་གཏུབས་ཏེ་འདས་པ་ནི་འབྱུང་འགྱུར་ཁྲོད་ལ་དྲངས་ནས་གསབ་བརྗོད་བྱས་ན། བསབ་བྱར་གྱུར་པའི་བྱུང་རིམ་རྣམས་གསབ་ཡུལ་དུ་གྱུར་པའི་གཏམ་རྒྱུད་ཀྱི་བར་མཚམས་སུ་ཤོང་དཀའ། སྣང་ཚུལ་འདི་འདྲར་འཕྲད་སྐབས། ཐོག་མར་གཏམ་རྒྱུད་རིང་མོ་དེའི་ཁུགས་སོ་ཞིག་ནས་དུམ་བུ་གཉིས་སུ་གཏུབས་པ་དང་།དེ་ནས་གཏམ་རྒྱུད་དུམ་བུ་གཉིས་ཀའང་ཚན་པ་དུ་མར་སིལ་བུར་གཏོར་རྗེས། སྒྲུང་གཏམ་གྱི་བརྗོད་བྱའི་ཁྱད་ཆོས་དང་ཀློག་མཁན་གྱི་སེམས་ཁམས་དང་བསྟུན་ཏེ། ཁུངས་སྣེ་ཅིག་གི་ཚན་པ་བྱེ་བྲག་པ་ཞིག་གི་རྗེས་ལ་ཁུངས་སྣེ་གཞན་པའི་ཚན་པ་བྱེ་བྲག་པ་ཞིག་མཐུད་དེ་བྱུང་རིམ་མདུན་ལ་དེད་ན། བརྗོད་བྱའི་རྔམས་ཀ་ཇེ་མཐུག་ལ་གཏོང་བ་དང་། མི་སྣའི་གཤིས་ཀ་ལེགས་པར་མཚོན་པ། སྤྱི་ཚོགས་ཀྱི་རྣམ་པ་བདེན་ཁ་མི་འཆོར་བའི་སྒོ་ནས་སྟོན་པ་ལ་ཤིན་ཏུ་ཕན་པར་འདོད། ཁོ་བོའི་སྒྲུང་གཏམ་རྣམས་ལས་སྒྲུང་འབྲིང་སྟེ《སྲིན་པོ་གཡུ་རྔོག་དང་ཉི་མ་ལྷ་ས》དང་། སྒྲུང་ཐུང་སྟེ《མེ་ལོང་ནང་གི་ཕྱེ་མ་ལེབ》དང་། 《གླག》དང་། 《བྱང་ཆུབ་སེམས་དཔའ། སྤྱང་མོ། ད་དུང་འཇིགས་སུ་རུང་བའི་དམྱལ་ཁམས》བཅས་ནི་གཏམ་རྒྱུད་རིལ་པོ་གཅིག་གི་ཁུགས་སོ་གཏུབས་ཏེ་ཁུངས་སྣེ་གཉིས་སུ་བསྒྱུར་ནས་བརྩམས་པ་ཡིན།  

སུམ་བརྒྱ་ཉེར་བདུན། རྒྱུན་གཉིས་གཤིབ་པའི་ཁུངས་སྣེ་ནི་ག་འདྲ་ཞིག་ལ་གོ་དགོས་འདུག

   ལན། ཁུངས་སྣེ་མཉམ་གཤིབ་མའི་སྒྲུང་གཏམ་ཁ་ཤས་ལ་མཚོན་ན། ཁུངས་སྣེ་རེ་ལ་མི་སྣ་ཚན་སྐོར་རེ་དང་བྱུང་རིམ་འདེད་སའི་གནས་རེ་ཡོད་པ་མ་ཟད། ཚན་སྐོར་གཉིས་ཀའི་མི་སྣ་ཕན་ཚུན་ལ་འཕྲད་མི་སྲིད་པ་དང་། བྱུང་རིམ་ནི་ཕན་ཚུན་ལ་སྣོལ་མི་སྲིད་མོད། ཁུངས་སྣེ་གཉིས་ཀྱིས་ཕན་ཚུན་ལ་རམ་འདེགས་བྱས་ན། བརྩམས་ཆོས་ཀྱི་ལྟ་ཀློག་རིན་ཐང་དང་སྒྱུ་རྩལ་རིན་ཐང་ཇེ་མཐོར་གཏོང་བ་ལ་ཤིན་ཏུ་ཕན་པ་ཡིན།   དཔེར་ན་བདག་གི་སྒྲུང་འབྲིང《ནས》ལ་ཆ་མཚོན་ན། ཇོ་རུ་དང་ཁྲོ་ཁུང་གཉིས་ཀ་འདན་མ་ནང་རྫོང་འབེབས་པར་ཕྱིན་པ་དང་སྔགས་འཆང་པདྨ་ཁྲོ་རྒྱལ་དང་ཇོ་སྐྱབས་གཉིས་ཀ་གཅེས་ནོར་འཚོལ་པར་ཕྱིན་པ་དེ་ནི་རྒྱུན་མི་གཅིག་པའི་གཏམ་རྒྱུད་གཉིས་ཡིན་མོད། སྒྲུང་གཏམ་གསར་རྩོམ་བྱེད་སྐབས། གཏམ་རྒྱུད་ཀྱི་རྒྱུན་གཉིས་ཀ་སིལ་བུར་གཏོར་རྗེས། ཁུངས་སྣེ་གཉིས་ཀའི་ཚན་པ་སིལ་མ་གཞི་གཅིག་ལ་ཕྲེང་བར་བསྒྲིགས་ཏེ་བྱུང་རིམ་མདུན་ལ་དེད།  བརྗོད་དོན་རྫོགས་པར་བསྟན་པ་ལྟ་བུའོ།།

སུམ་བརྒྱ་ཉེར་བརྒྱད། ཁུངས་སྣེ་གཉིས་ཅན་ལ་ཁུངས་སྣེ་ལྷན་དུ་སྡེབ་ལུགས་ག་འདྲ་ཡོད།

   ལན། ཁུངས་སྣེ་གཉིས་ཅན་གྱི་སྒྲུང་གཏམ་ལ་ཆ་མཚོན་ན། ཁུངས་སྣེ་ལྷན་དུ་སྡེབ་ལུགས་ནི་འདྲ་མིན་སྣ་ཚོགས་ཡོད་དགོས་འདུག་མོད།  བརྗོད་དོན་སྟོན་ལུགས་དམིགས་སུ་བཟུང་ནས་དབྱེ་ན་ཁུངས་སྣེ་གཉིས་ཀ་གཙོ་ཕལ་གྱི་དབྱེ་བ་མེད་པར་དོ་མཉམ་པའི་ངང་ནས་བྱུང་རིམ་མདུན་ལ་འདེད་པ་དང་། མངོན་ལྐོག་གཉིས་ཀའི་སྒོ་ནས་བྱུང་རིམ་མདུན་ལ་འདེད་པ་དང་། ཁུངས་སྣེ་ལ་གཙོ་ཕལ་ཡོད་པའི་བྱུང་རིམ་མདུན་ལ་འདེད་པ་བཅས་ལྷན་དུ་གསུམ་ཡོད་དོ།།

སུམ་བརྒྱ་ཉེར་དགུ། ཁུངས་སྣེ་གཉིས་དོ་མཉམ་པར་ལྷན་དུ་བསྡེབས་ན་དགེ་མཚན་ཅི་ཞིག་ཡོད། 

   ལན། སྒྲུང་གཏམ་ཉུང་ཤས་ཤིག་ལ་ཆ་མཚོན་ན། རང་རྐྱ་འཕེར་བའི་ཁུངས་སྣེ་གཉིས་ཡོད་པ་མ་ཟད། རྩོམ་མགོ་འཛིན་པའི་དུས་ནས་བཟུང་། ཁུངས་སྣེ་གཉིས་ཀའི་གཏམ་རྒྱུད་ཀྱི་རྒྱུན་དེ་གཙོ་ཕལ་མེད་པ་དང་རྒྱས་བསྡུས་མེད་པའི་སྒོ་ནས་མདུན་ལ་འདེད་བཞིན་ཡོད་རུང། བྱུང་རིམ་བྱེ་བྲག་པ་རྣམས་ནི་གང་ལྟར་གཏུབས་ཏེ་ཇི་ལྟར་མཐུད་ཀྱང་། ཁུངས་སྣེ་གཉིས་ཀའི་འགལ་བ་དང་འབྲེལ་བ་གསར་བ་ཅི་ཡང་མི་འབྱུང་མོད། འདི་ལྟར་བསྒྲིགས་ན་སྒྲུང་གཏམ་གྱི་བྱུང་རིམ་རྙོག་དྲ་ཅན་དུ་བསྒྱུར་པ་དང་། མི་སྣའི་གཤིས་ཀ་གཟུགས་རིས་ལྡན་པའི་སྒོ་ནས་མཚོན་པ།  བརྗོད་དོན་གྱི་ཟབས་ཚད་ལ་རྔམས་ཀ་དང་ལྡན་པར་བསྒྱུར་པར་ཕན་པ་ཆེན་པོ་ལྡན་པ་ཡིན།ཁོ་བོའི་སྒྲུང་གཏམ་རྣམས་ལས《སྲིན་པོ་གཡུ་རྔོག་དང་ཉི་མ་ལྷ་ས》དང《ནས》གཉིས་ཀ་ནི་ཁུངས་སྣེ་དོ་མཉམ་མའི་བརྩམས་ཆོས་ཀྱི་གྲས་སུ་གཏོགས་ཏེ། དཔེར་ན་སྒྲུང་འབྲིང《ནས》ཀྱི་བརྗོད་བྱ་ནི་ཇོ་རུ་དང་ཁྲོ་ཐུང་གཉིས་ཀ་འདན་ཡུལ་ལ་འདན་མ་ནས་རྫོང་ཕབ་པར་ཕྱིན་པ་དང་། སྔགས་འཆང་པདྨ་ཁྲོ་རྒྱལ་དང་ཇོ་སྐྱབས་གཉིས་ཀ་རྐྱང་རྒོད་གཤོང་ཆེན་ལ་མེས་པོའི་གཅེས་ནོར་འཚོལ་བར་ཕྱིན་པ་དེ་ཡིན་ལ། སྒྲུང་གཏམ་དེ་ཉིད་གསར་རྩོམ་བྱེད་སྐབས། ཁུངས་སྣེ་གཉིས་ཀ་སིལ་བུར་གཏོར་ཏེ་བསྐྱར་དུ་བསྒྲིགས་ཡོད་རུང་། གཏམ་རྒྱུད་ཀྱི་རྒྱུན་དེ་གཉིས་ཀའི་བྱུང་རིམ་རྣམས་ནི་རྒྱས་བསྡུས་མེད་པ་དང་། གཙོ་ཕལ་མེད་པའི་སྒོ་ནས་མདུན་ལ་དེད་དེ་རྫོགས་པར་བརྗོད་པ་ན། སྒྲུང་འབྲིང《ནས》ནི་ཁུངས་སྣེ་དོ་མཉམ་པའི་བརྩམས་ཆོས་ཀྱི་གྲས་སུ་ཚུད་པར་གྱུར་པ་ཡིན་ནོ།།

སུམ་བརྒྱ་སུམ་ཅུ། ཁུངས་སྣེ་མངོན་ལྐོག་མ་ནི་ག་འདྲ་ཞིག་ངོས་འཛིན་དགོས་འདུག

   ལན། ཁུངས་སྣེ་གཉིས་ཅན་གྱི་སྒྲུང་གཏམ་ཁ་ཤས་ལ་ཆ་མཚོན་ན། དེ་དག་གི་ཁུངས་སྣེ་གཉིས་ལས་གཅིག་ནི་མངོན་པ་དང་གཞན་ཞིག་ནི་མི་མངོན་པའི་ཚུལ་གྱིས་མདུན་ལ་བསྲིངས་ཡོད་པ་མ་ཟད། མངོན་པའི་ཁུངས་སྣེས་མི་མངོན་པའི་ཁུངས་སྣེ་གབ་ལ་མ་གབ་པའི་ཚུལ་གྱི་ས་འདྲུད་པ་དང་། མི་མངོན་པའི་ཁུངས་སྣེས་མངོན་པའི་ཁུངས་སྣེ་ལ་རམ་འདེགས་བྱས་ཏེ། མངོན་ལྐོག་གཉིས་ཀྱི་སྒོ་ནས་སྐབས་སུ་བབས་པའི་བརྗོད་དོན་ལེགས་པར་སྟོན་བཞིན་ཡོད། ཁོ་བོའི་སྒྲུང་གཏམ་རྣམས་ལས་སྒྲུང་ཐུང《དྲེད་མོང》དང《རླུང》ཁུངས་སྣེ་མངོན་ལྐོག་མའི་གྲས་སུ་གཏོགས་ཏེ། དཔེར་ན《དྲེད་མོང》ལས་ཚེ་རིང་གཡུ་མཚོ་དྲེད་མོང་གི་གནོད་འཚེ་ལ་འཇིགས་པ་དང་། ཁྱོ་ག་མྱུར་མོར་ཁྱིམ་ལ་ལོག་པར་རེ་ལྟོས་བྱེད་བཞིན་སྦྲ་གུར་དུ་སྡོད་སྐབས། “སྒོ་ཁྱིས་གློ་བུར་དུ་ཟུག་བྱུང་བ་དང་། ར་ལུག་གློ་བུར་དུ་འདྲོགས་བྱུང་བ་དང་བསྟུན་ནས། ཚེ་རིང་གཡུ་མཚོར་འཇིགས་སྣང་གློ་བུར་བ་ཞིག་བྱུང་སྟེ།ལུས་པོ་སྦྲིད་ཀྱི་ལེར་སོང་བ”[10]ཞེས་པ་སོགས་བརྗོད་དེ་བྱུང་རིམ་མདུན་ལ་དེད་ཡོད་པ་ན། ཁུངས་སྣེ་འདི་མངོན་པ་གངོན་གསལ་སྒོ་ནས་བྲིས་པའི་ཁུངས་སྣེའི་གྲས་སུ་གཏོགས་པ་དང་། བཀྲ་ཤིས་ཀྱིས་རང་ཁྱིམ་གྱི་ནོར་ལུག་བརྐུས་པ་དེ་སྒྲུང་གཏམ་གྱི་མཇུག་ཏུ་གསལ་འདེབས་ཀྱི་ཚུལ་དུ་བསྟན་པ་ན། ཁུངས་སྣེ་འདི་ནི་མངོན་ལྐོག་གཉིས་ལས་ལྐོག་ཏུ་བསྟན་པའི་གྲས་ལ་ཚུད་པ་རེད།


[1]བཀྲ་བྷ།《བཀྲ་བྷ་ཡི་སྒྲུང་ཐུང་ཕྱོགས་བསྒྲིགས》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2016ལོ།ཤོག་ངོས192ན་གསལ།

[2]བཀྲ་བྷ།《བཀྲ་བྷ་ཡི་སྒྲུང་ཐུང་ཕྱོགས་བསྒྲིགས》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2016ལོ།ཤོག་ངོས82ན་གསལ།

[3]བཀྲ་བྷ།《སྒྲོལ་མ་ཉེར་གཅིག》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།2015ལོ།ཤོག་ངོས14-16ན་གསལ།

[4]བཀྲ་བྷ།《བཀྲ་བྷ་ཡི་སྒྲུང་ཐུང་ཕྱོགས་བསྒྲིགས》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2016ལོ།ཤོག་ངོས16ན་གསལ།

[5]བཀྲ་བྷ།《བཀྲ་བྷ་ཡི་སྒྲུང་ཐུང་ཕྱོགས་བསྒྲིགས》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2016ལོ།ཤོག་ངོས108ན་གསལ།

[6][6]བཀྲ་བྷ།《སྒྲོལ་མ་ཉེར་གཅིག》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2015ལོ། ཤོག་ངོས164ན་གསལ།

[7]བཀྲ་བྷ།《བཀྲ་བྷ་ཡི་སྒྲུང་ཐུང་ཕྱོགས་བསྒྲིགས》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2016ལོ།ཤོག་ངོས193ན་གསལ།

[8]པཱ་ཅིང་གི་ཁ་བྱང་ལ《雾》དང《雨》དང་།《电》བཅས་པའི་སྒྲུང་གཏམ་གསུམ་ལ“爱情三部曲”འབོད་པ་ཡིན།

[9]པཱ་ཅིང་གི་ཁ་བྱང་ལ《家》དང《春》དང་།《秋》བཅས་པའི་སྒྲུང་གཏམ་གསུམ་ལ“激流三部曲”འབོད་པ་ཡིན།

[10]བཀྲ་བྷ།《བཀྲ་བྷ་ཡི་སྒྲུང་ཐུང་ཕྱོགས་བསྒྲིགས》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2016ལོ།ཤོག་ངོས235ན་གསལ།

  • ལེ་ཚན་སྔོན་མ།:སྒྲུང་གཏམ་གསར་རྩོམ་ཐད་ཀྱི་དྲི་བ་དྲིས་ལན་སྐལ་ལྡན་ཡིད་ཀྱི་མུན་སེལ།༼༡༠༽
  • ལེ་ཚན་རྗེས་མ།:སྒྲུང་གཏམ་གསར་རྩོམ་ཐད་ཀྱི་དྲི་བ་དྲིས་ལན་སྐལ་ལྡན་ཡིད་ཀྱི་མུན་སེལ།༼༡༢༽
  • དོ་སྣང་ཆེ་བའི་རྩོམ།