སྒྲུང་གཏམ་གསར་རྩོམ་ཐད་ཀྱི་དྲི་བ་དྲིས་ལན་སྐལ་ལྡན་ཡིད་ཀྱི་མུན་སེལ།༼༨༽

བཀྲ་བྷ།        2020-04-07

ཉིས་བརྒྱ་བཅུ་གཅིག སྒྲུང་གཏམ་ལས་མི་སྣ་འབྲི་སྐབས་གཤིས་ཀའི་ཁྱད་ཆོས་གཙོ་ཕལ་ལྷན་དུ་སྡེབ་དོན་ཅི།

   ལན། སྐབས་འདིའི་ཕྱོགས་གཙོ་བོ་ནི་མི་སྣའི་གཤིས་ཀའི་ཐད་ཀྱི་ཁྱད་ཆོས་གཙོ་བོ་དེ་ལ་ངོས་འཛིན་དགོས་པ་དང་། ཕལ་བ་རྣམས་ཞེས་པ་ནི་མི་སྣའི་གཤིས་ཀའི་ཁྲོད་ཀྱི་གཞི་གཅིག་ལ་མི་འབབ་པ་དང་རྙོག་དྲ་ལྡན་པའི་ཆ་དེ་ལ་འཛིན་དགོས་འདུག མི་ནི་སེམས་ཅན་རྙོག་དྲ་ཅན་ཞིག་ཡིན་པས།   རྩོམ་མཁན་གྱིས་སྒྲུང་གཏམ་གསར་རྩོམ་བྱེད་སྐབས།  མི་སྣའི་གཤིས་ཀ་གཙོ་ཕལ་གཉིས་ཀ་དམིགས་སུ་བཟུང་སྟེ་བྱུང་རིམ་མདུན་ལ་འདེད་པ་དང་སྣང་བརྙན་གསར་སློང་བྱས་ན། བརྩམས་ཆོས་ལ་སྣང་བརྙན་གསལ་ཞིང་རང་གཤིས་དོད་པོ་ལྡན་པའི་མི་སྣ་འབྱུང་བའི་རེ་བ་ཡོད།   དཔེར་ན་ཁོ་བོའི་སྒྲུང་འབྲིང《རླུང》གི་མི་སྣ་གཙོ་བོ“ང”ལ་ཆ་མཚོན་ན། བསླབ་ལ་མི་འབད་རྣམ་གཡེང་ལ་རོལ་བ། སྐྱེས་མ་ལ་འགྲོགས་དུས་དགའ་མགུར་རོལ་བར་མོས་པ་ལས་བརྩེ་བ་འབྱུང་དཀའ་ནི“ང”སྟེ་བསོད་ནམས་རྒྱ་མཚོའི་གཤིས་ཀའི་ཁྱད་ཆོས་ཡིན་པ་ན།《རླུང》ལས་གཤིས་ཀ་གཙོ་བོ་འདི་ཉིད་དམིགས་སུ་བཟུང་ནས་བྱུང་རིམ་མདུན་ལ་དེད་པ་ཡིན་མོད། འོན་ཏེ་ཆགས་སྡང་གི་དབྱེ་བ་གསལ་བའི་རང་གཤིས་ཞིག་ཀྱང་ཡོད་པ་ན། གཤིས་ཀ་ཕལ་བ་དེ་ཉིད་ཀྱང་མ་སྤངས་ཏེ་བྱུང་རིམ་གྱི་རྣམ་པར་བསྒྱུར་ནས་བརྩམས་ཆོས་ཀྱི་བར་མཚམས་སོ་སོར་དྲངས་པ་ཡིན།

ཉིས་བརྒྱ་བཅུ་གཉིས། སྒྲུང་སྒྲུང་གཏམ་ལས་མི་སྣའི་ལུས་སེམས་ཀྱི་ཁྱད་ཆོས་ལྷན་དུ་སྡེབ་དོན་ཅི།

   ལན། སྐབས་འདིའི་ལུས་ནི་མི་སྣའི་ལུས་ཀྱི་རྣམ་པ་དང་། ལུས་ཀྱི་བྱ་སྟངས། ངག་གི་བཤད་སྟངས་བཅས་ལ་གོ་བ་དང་། སེམས་ནི་མི་སྣའི་ནང་སེམས་ཀྱི་འགྱུར་བ་སྣ་ཚོགས་ལ་གོ་དགོས་འདུག གསར་རྩོམ་གྱི་ལས་ལ་དངོས་སུ་འཇུག་སྐབས། རྩོམ་པ་པོ་རྣམས་ཀྱིས་སྐབས་སུ་བབས་པའི་སྒྲུང་གཏམ་གྱི་བརྗོད་དོན་ལེགས་པར་སྟོན་པའི་དགོས་མཁོ་དངོས་ལ་དམིགས་ཏེ།སྐབས་རེར་མི་སྣའི་ལུས་ཀྱི་ཉམས་དང་སེམས་ཀྱི་འགྱུར་བ་གཉིས་ཀ་གཅིག་གྱུར་ཡོང་བར་འབད་བཞིན་ཡོད་པ་དང་། མཚམས་རེར་མི་སྣའི་ལུས་ཉམས་དང་སེམས་ཀྱི་འགྱུར་བ་གཉིས་ཀ་འགལ་བ་ལྟག་སྤྲོད་ཀྱི་ཚུལ་དུ་བཀོད་དེ་སྟོན་བཞིན་ཡོད། དཔེར་ན་ཁོ་བོའི་སྒྲུང་འབྲིང《སྲིན་པོ་གཡུ་རྔོག་དང་ཉི་མ་ལྷ་ས》ཞེས་པར་ཨ་ཁུ་ཀླུ་སྐྱབས་ཀྱིས་འཕྱི་བ་ཕོ་མོ་འཁྲིག་སྦྱོར་ལ་འཇུག་ལུགས་སྟོན་པའི་བྱུང་རིམ་ཕྲ་མོ་ཞིག་འདི་ལྟར་དྲངས་ཡོད་ལ།བྱུང་རིམ་ཕྲ་མོ་དེར་ཨ་ཁུ་ཀླུ་སྐྱབས“རི་ངོས་ནས་དལ་བུར་མར་བབས། སྐབས་ཤིག་ལ་ཕོ་འཕྱི་ཞིག་གིས་མོ་འཕྱི་གཅིག་ཕར་འདེད་ཚུར་འདེད་བྱེད་བཞིན་འདུག་པ་མཐོང་བས། སེམས་ལ་ཅི་ཞིག་བོར་བ་ལྟ་བུའི་སྣང་བ་ཞིག་སྐྱེས”ཞེས་བརྗོད་པ་ལས་སེམས་ཁམས་ཀྱི་འགྱུར་ལྡོག་གི་འབྱུང་རྐྱེན་བསྟན་པ་དང་།  ཚིག་ཕྲེང་འདི་དག་གི་རྗེས་ལ་བཀོད་པའི“‘མི་རྒས་ནས་ཅི་ཡང་མི་ནུས་སྐབས། དུད་འགྲོ་འདི་ཚོས་ཀྱང་བརྙོས་བཅོས་བྱེད’”ཅེས་ཟེར་བཞིན་ས་ནས་རྡོ་ལོག་ཅིག་བླངས་ཏེ་ཤུགས་ཀྱིས་གཡུགས་པ་ན། འཕྱི་བ་ལ་མ་ཕོག་མོད། རང་ཉིད་ཀྱི་རྐུབ་ནས་དྲི་ཆེན་སྐད་སྒྲ་ཅན་ཞིག་ཤོར་སོང”[1]ཞེས་པ་ལས་ཨ་ཁུ་ཀླུ་སྐྱབས་ལ་སྣང་བ་དེ་འདྲ་སྐྱེས་རྗེས་ཀྱི་སྦྱོར་བ་བསྟན་ཏེ་མི་སྣའི་སེམས་ཀྱི་འགྱུར་བ་དང་ལུས་ཀྱི་སྤྱོད་པ་གཉིས་ཀ་རྒྱུ་དང་འབྲས་བུའི་འབྲེལ་བར་བཀོད་དེ་མཐུན་པར་བསྡེབས་པ་ཡིན། ཡང་དཔེར་ན《སྒྲོལ་མ་ཉེར་གཅིག》གི་གཉིས་པ་སྟེ《མཁའ་མཐའི་ཉི་མ》ཡི་མི་སྣ་སྒྲོལ་མ་དང་ཚེ་རིང་གཉིས་ཀ་མཛའ་གྲོགས་ཡིན་ལ། དེ་གཉིས་བར་ན་གསང་བ་ཞིག་ཡོད་པ་ནི“ཚེ་རིང་གིས་རང་ཉིད་ཀྱི་ནད་དེ་ཅི་ཡིན་མི་ཤེས་མོད།གསོ་རིག་ལ་མཁས་པའི་སྒྲོལ་མའི་སེམས་སུ་ཁྲིགས་ཁྲིགས་ཡིན”[2]པས། གཞོན་ནུ་དེ་གཉིས་རྡོ་དཀར་གཙང་འགྲམ་དུ་འཛོམས་ཏེ་འཆམ་འཆམ་བྱེད་སྐབས། སྒྲོལ་མས་རང་གི་ཡིད་སེམས་ཀྱི་འགྱུར་ལྡོག་དེ་ཚེ་རིང་གིས་རྟོགས་ན་མི་ལེགས་སྙམ་བཞིན་ཡོད་པ་ན། སྒྲུང་གཏམ་གྱི་མགོ་མཇུག་ཀུན་ཏུ་སྒྲོལ་མའི་སྤྱོད་པ་དང་སེམས་ཁམས་གཉིས་ཀ་འགལ་བ་ལྟག་སྤྲོད་ཀྱི་ཚུལ་དུ་བཀོད་འབྲི་བྱ་དགོས་བྱུང་།

ཉིས་བརྒྱ་བཅུ་གསུམ། མི་སྣའི་སྣང་བརྙན་གསར་སློང་བྱེད་པའི་ལས་ལ་བྱང་ཐབས་ག་འདྲ་ཡོད།

   ལན། གསར་རྩོམ་ཐད་ཀྱི་ཉམས་མྱོང་དངོས་ལ་གཞིགས་ན། མི་སྣའི་སྣང་བརྙན་གསར་སློང་བྱེད་པའི་ལས་ལ་བྱང་ལུགས་འདི་འདྲ་ཡོད་པར་འདོད་དེ། གཅིག རྩོམ་པ་པོ་གྲགས་ཅན་མང་པོའི་བརྩམས་ཆོས་བཀླགས་ཏེ་ཁོ་ཚོའི་མི་སྣའི་སྣང་བརྙན་གསར་སློང་བྱེད་ལུགས་ཡིད་ལ་ངེས་པར་བྱ་དགོས། གཉིས། སྒྲུང་གཏམ་གསར་རྩོམ་ཐད་ཀྱི་གཞུང་ལུགས་དཔེ་དེབ་བཀླགས་ཏེ་མི་སྣའི་སྣང་བརྙན་གསར་སློང་བྱེད་ལུགས་ཀྱི་རྒྱུན་ཤེས་ངེས་པར་བྱ་དགོས། གསུམ། སྒྲུང་གཏམ་གསར་རྩོམ་གྱི་ལས་ལ་ཡང་ཡང་ཞུགས་ཏེ་མི་སྣའི་སྣང་བརྙན་གསར་སློང་ལ་བྱང་བར་བྱ་དགོས།

ཉིས་བརྒྱ་བཅུ་བཞི། ཅི་ཞིག་ལ་བྱུང་རིམ་ཟེར།

   ལན། སྤྱིར་བཤད་ན་བྱུང་རིམ་ནི་ཇི་ལྟར་བྱུང་བའི་གོ་རིམ་དང་ཇི་ལྟར་འགྱུར་བའི་གོ་རིམ་གསལ་བའི་དོན་དོན་བྱེ་བྲག་པ་ཞིག་ལ་གོ་ན་འགྲིག་པ་འདྲ་ཞིང་། འདི་ལྟར་བཀྲལ་ན་གོ་སླ་ཞིང་འཛིན་བདེ་བ་མ་ཟད། གཞུང་ལུགས་ཐད་ཀྱི་རྩོད་ཉོག་ཀྱང་འབྱུང་མི་སྲིད་མོད། དེང་སྐབས་མཁས་པ་མང་པོས་ཡིན་ལུགས་སྣ་ཚོགས་ཤིག་བརྗོད་འདུག་པ་དང་། ཨུ་ཚུགས་ལ་མོས་པའི་གཞུང་ལུགས་སྨྲ་བ་རྣམས་ཀྱི་མཁྲེགས་འཛིན་དེ་མི་ཕལ་བ་ཞིག་གིས་འཇོམས་པར་མི་ནུས་པས་བྱུང་རིམ་ལ་གོ་དོན་སྤྱི་ལ་ཁྱབ་པ་ཞིག་འདྲེན་ཐབས་བྲལ་སོང་། 

ཉིས་བརྒྱ་བཅོ་ལྔ། བྱུང་རིམ་དང་གཏམ་རྒྱུད་གཉིས་ལ་ཁྱད་པར་ཅི་ཞིག་ཡོད།

ལན། མཁས་པ་སྐོར་ཞིག་གི་བཞེད་པ་ལྟར་ན། མི་སྣ་དང་མི་སྣ་བར་གྱི་འགལ་བ་དང་འབྲེལ་བ། མི་སྣ་དང་ཁོར་ཡུག་བར་གྱི་འགལ་བ་དང་འབྲེལ་བ་ཛ་དྲག་ཅན་དང་རྙོག་དྲ་ཅན་དེ་སྟོན་པའི་མི་སྣའི་བྱ་བྱེད་སྣ་ཚོགས་ལ་བྱུང་རིམ་ཟེར་བར་འདོད་པ་མ་ཟད། གཏམ་རྒྱུད་ནི་བྱུང་རིམ་རབ་དང་རིམ་པས་གྲུབ་པ་ན། བྱུང་རིམ་ནི་གཏམ་རྒྱུད་ཀྱི་གྲུབ་ཆ་བྱེ་བྲག་པ་ཞིག་ཡིན་པར་བརྗོད། འདོད་ཚུལ་འདི་ནི་གནས་ལུགས་དང་མཐུན་པ་མ་ཟད། རིག་པས་དེད་ན་རང་ཚུགས་མི་ཐུབ་པ་ཞིག་ཀྱང་མ་ཡིན་ཏེ། ཅི་ཡིན་ཞེ་ན།  དཔེར་ན《མི་རོ་རྩེ་སྒྲུང》ཁྲོད་ཀྱི་《མོ་སྟོན་ཕག་མགོ》ནི་རྩོམ་ལུས་དང་བརྗོད་བྱའི་དོན་དག་གཉིས་ཀའི་ཆ་ནས་དཔྱད་ཀྱང་བརྗོད་དོན་རྫོགས་པར་བསྟན་པའི་གཏམ་རྒྱུད་ཅིག་ཡིན་མོད། དེ་ཉིད་ཀྱི་གཏམ་རྒྱུད་སྤྱི་ནི་མར་གྲོད་རྙེད་པའི་སྐོར་དང་། རི་དྭགས་རྔོན་པར་ཕྱིན་པའི་སྐོར་དང་། རྒྱལ་པོའི་བླ་གཡུ་བཙལ་པའི་སྐོར་དང་། རྒྱལ་པོའི་མཛོད་ཀྱི་དངོས་པོ་བརྐུས་པའི་རྐུན་མ་བརྩད་བཅད་པའི་སྐོར་དང་། དཔོན་པོའི་བུ་ནད་ལས་སྒྲོལ་བའི་སྐོར་དང་། རྔོན་པའི་ཆུང་མར་ལུང་རྫུན་མ་བསྟན་པའི་སྐོར་བཅས་བྱུང་རིམ་བྱེ་བྲག་པ་དྲུག་གིས་གྲུབ་ཡོད་པས། གལ་སྲིད་བྱུང་རིམ་བྱེ་བྲག་པ་དེ་དག་ནི་གཏམ་རྒྱུད་རེ་རེར་གོ་སྟེ།  《མོ་སྟོན་ཕག་མགོ》ཟེར་བའི་གཏམ་རྒྱུད་རིལ་པོ་དེ་ནི་གཏམ་རྒྱུད་མི་འདྲ་བ་དྲུག་གིས་གྲུབ་པར་བརྗོད་ན། གཅིག་ན་གཞུང་ལུགས་ཐད་དུ་དགོས་མེད་ཀྱི་རྙོག་དྲ་འབྱུང་བ་དང་། གཉིས་སུ་ལས་དང་པོ་བ་དག་ནི་རྩོད་ཉོག་གི་ཀློང་ལ་རྣམ་པར་འཁྱམ་སྲིད།  

ཉིས་བརྒྱ་བཅུ་དྲུག སྒྲུང་གཏམ་གྱི་བྱུང་རིམ་ནི་རྐྱེན་གང་དག་ལ་བརྟེན་ནས་བྱུང་བ་ཡིན།

   ལན། བྱུང་རིམ་ནི་ཇི་ལྟར་བྱུང་བའི་གོ་རིམ་དང་ཇི་ལྟར་འགྱུར་བའི་གོ་རིམ་གསལ་བའི་དོན་དོན་བྱེ་བྲག་པ་ཞིག་ཡིན་པ་ཟད། བྱུང་རིམ་ལ་ཆ་མཚོན་ན་དེ་ནི་བརྗོད་དོན་རྫོགས་པར་སྟོན་ནུས་པ་དོན་དག་བྱེ་བྲག་པ་ཞིག་ཡིན་པ་དང་། དེ་ཉིད་ཀྱི་འབྱུང་ཁུངས་ནི་འཚོ་བ་ཡིན་པ་ན། རྩོམ་མཁན་གྱི་དངོས་བརྒྱུད་གཉིས་ཀྱི་ཉམས་མྱོང་ལ་བརྟེན་ནས་འགྲུབ་དགོས་འདུག སྒྲུང་གཏམ་པའི་སེམས་སུ་ཐོག་མར་བྱུང་རིམ་འགྲུབ་སྐབས། ཕལ་ཆེ་བ་ནི་ཡུལ་གྱི་རྣམ་པ་ཞིག་གམ། དོན་དག་ཅིག་གམ། མི་སྣ་ཞིག་གི་རམ་འདེགས་ལ་བརྟེན་ནས་འབྱུང་དགོས་ཤིང་།བྱུང་རིམ་བྱེ་བྲག་པ་དེ་ཉིད་བྱུང་རྗེས། ཡུལ་དང་དོན་དག མི་སྣ་གཞན་ལ་བསམ་གཞིག་བྱས་ན། བྱུང་རིམ་སྣ་ཚོགས་ཅན་གྱི་སྒྲུང་གཏམ་ཞིག་གི་སྤྱི་ཁོག་འགྲུབ་སྲིད་པ་ཡིན།   མདོར་ན། སྒྲུང་གཏམ་གྱི་བྱུང་རིམ་ནི་ཁོར་ཡུག་ལ་བརྟེན་ནས་བྱུང་བ་དང་། ངག་རྒྱུན་ལ་བརྟེན་ནས་བྱུང་བ་དང་། གཏམ་རྒྱུད་ལ་བརྟེན་ནས་བྱུང་བ་དང་། སྣང་ཚུལ་ལ་བརྟེན་ནས་བྱུང་བ་དང་།མིའི་གཤིས་ཀར་བརྟེན་ནས་བྱུང་བ་དང་། མི་སྣའི་ཐོབ་ཐང་དང་གཤིས་ཀར་བརྟེན་ནས་བྱུང་བ་དང་། རྩོམ་མཁན་གྱི་འདོད་བློ་ལ་བརྟེན་ནས་བྱུང་བར་བརྗོད་ན་འོས་པར་འདོད་དོ།།

སྒྲུང་གཏམ་གསར་རྩོམ་ཐད་ཀྱི་དྲི་བ་དྲིས་ལན་སྐལ་ལྡན་ཡིད་ཀྱི་མུན་སེལ།༼༨༽

ཉིས་བརྒྱ་བཅུ་བདུན། ཁོར་ཡུག་ལ་བརྟེན་ནས་སྒྲུང་གཏམ་གྱི་བྱུང་རིམ་ནི་གང་ལྟར་གྲུབ་པ་ཡིན།

   ལན། སྐབས་ལ་ལར། སྒྲུང་གཏམ་པས་འཚོ་བའི་རྣམ་པའམ་ཡུལ་ལྗོངས་ཁྱད་པར་བ་རེ་མཐོང་བ་ན། སེམས་ལ་མཐོང་སྣང་དང་མཐུན་པའི་དོན་དག་ཕྲན་བུ་མང་པོ་འཕོ་སྲིད་པ་དང་། དོན་དག་ཕྲན་བུ་དེ་དག་ལྷན་དུ་བསྡེབས་ན་སྒྲུང་གཏམ་གྱི་བྱུང་རིམ་གྲུབ་པ་ཡིན་ཏེ། དཔེར་ན་ཨུ་རུ་སུའི་རྩོམ་པ་པོ་གྲགས་ཅན་ཐུའུ་ཀི་ཉིས་ཧྥུའུ་ལགས་ནི་ལའེ་ཡུན་གཙང་པོར་གྲུ་ལ་བསྡད་དེ་འགྲོ་སྐབས། གཙང་པོའི་འགྲམ་གྱི་རྩིག་སྙིགས་ར་བའི་ཉེ་ལོགས་ན་ཐོག་ཁང་ཆུང་ཆུང་ཞིག་ཡོད་པ་དང་། ཐོག་ཁང་ནང་ན་སྐྱེས་མ་རྒན་གཞོན་གཉིས་ཡོད་པ་མཐོང་བ་ན།   རང་གིས་རང་ལ་ཁོ་གཉིས་ཀའི་འབྲེལ་བ་ནི་ཅི་ཞིག་ཡིན་པ་དང་། དེ་གར་སྡོད་དོན་ཅི་ཡི་པ་འདྲི་བའི་ཞོར་དུ། དྲི་བ་རེ་རེར་རྟོག་བཟོ་བརྒྱུད་ནས་ལན་རེ་བཏབ་པ་ན། 《ཨ་ཞ》ཞེས་པའི་སྒྲུང་གཏམ་དེའི་བྱུང་རིམ་ཆ་ཚང་ཡིད་ལ་འཁོར་བྱུང་བར་བརྗོད་པ་ལྟ་བུ་ཡིན་ནོ།། 

ཉིས་བརྒྱ་བཅོ་བརྒྱད། ངག་རྒྱུན་ལ་བརྟེན་ནས་སྒྲུང་གཏམ་གྱི་བྱུང་རིམ་གང་ལྟར་གྲུབ་པ་ཡིན།

   ལན། རྩོམ་པ་པོ་ཡུལ་གྲུ་སོ་སོར་འགྲོ་བ་དང་མི་སྣ་ཚོགས་དང་གཏམ་གླེང་བྱེད་སྐབས། ངག་རྒྱུན་ཡིད་དུ་འོང་བ་མང་པོ་ཐོས་སྲིད་ལ། ངག་རྒྱུན་དེ་འདྲ་ཐོས་པ་ན་གསར་རྩོམ་ལ་འཇུག་པའི་འདུན་པ་གློ་བུར་བ་ཞིག་འབྱུང་སྲིད་པ་མ་ཟད། ངག་རྒྱུན་གང་ཞིག་གནད་དུ་བཟུང་སྟེ་བློས་སློང་གི་ལས་ལ་རོལ་བ་ན། སྒྲུང་གཏམ་ལ་བྱུང་རིམ་ཆ་ཚང་བ་ཞིག་འབྱུང་བའི་སྐབས་ཀྱང་ཡོད་དེ།ཁོ་བོའི་རྣམས་ལས《མེད》དང་།《བསོད་ནམས》དང་།《གནས་རི》སོགས་ཀྱི་བྱུང་རིམ་གཙོ་བོ་ནི་ངག་རྒྱུན་ལ་བརྟེན་ནས་བྱུང་བ་ཡིན།   

ཉིས་བརྒྱ་བཅུ་དགུ། གཏམ་རྒྱུད་ལ་བརྟེན་ནས་སྒྲུང་གཏམ་གྱི་བྱུང་རིམ་གང་ལྟར་གྲུབ་ཡིན།

   ལན། རྩོམ་པ་པོ་རྣམས་སྒྲུང་གཏམ་གསར་རྩོམ་ལ་འཇུག་སྐབས། གཏམ་རྒྱུད་ཅིག་རྒྱ་བསྐྱེད་པ་དང་། གཏམ་རྒྱུད་མང་པོའི་བྱུང་རིམ་གཞི་མཐུན་ཡོད་པ་རྣམས་ཕྱོགས་གཅིག་ལ་བསྡུ་བ། ཡང་ན་གཏམ་རྒྱུད་ཅིག་གི་ཚན་པ་ཞིག་གནད་དུ་བཟུང་སྟེ་བྱུང་རིམ་བཀོད་སྒྲིག་བྱེད་པའི་ཕྱག་སྲོལ་ཞིག་སྔ་མོ་ནས་ཆགས་ཡོད་པ་དང་། ཁོ་བོས་འདིའི་ཐད་ནས་ཚོད་བལྟ་ལན་གྲངས་མང་པོར་བྱས་པ་མ་ཟད། ད་དུང་བརྩམས་ཆོས་རེ་འགའ་ཡང་བྲིས་མྱོང་སྟེ། སྒྲུང་གཏམ་དེ་དག་ལས《ར་བྷ་འདྲེ་མིག་དང་རིན་ཆེན་རྐྱལ་ཁ》དཔེར་བཀོད་ནས་བརྗོད་ན། དེ་ཉིད་ཀྱི་བྱུང་རིམ་ནི་གཏམ་རྒྱུད་སྐོར་ཞིག་ལས་དྲངས་པ་ཡིན་པས། གསར་རྩོམ་བྱེད་དུས་ཀློག་མཁན་རྣམས་ལ་གསལ་འདེབས་བྱེད་ཆེད།ཁ་བྱང་གི་འགབ་ལ་རྩོམ་པ་པོའི་གཏམ་བཀོད་དེ“ང་བྱིས་པའི་དུས་སུ། སྤོ་བོ་ལགས་ཀྱིས‘གནའ་སྔ་མོ་སྔ་མོ་ཞིག་ལ’ཟེར་ནས་གཏམ་རྒྱུད་ཡ་མཚན་གང་མང་བཤད་མྱོང་ལ། བདག་གིས་གཏམ་རྒྱུད་དེ་རྣམས་ལས་བྱུང་རིམ་ཕྱོགས་མཐུན་ཐམས་ཅད་གཞི་གཅིག་ཏུ་བསྒྲིགས་ཏེ་སྤོ་བོ་མཐོ་རིས་པོ་དང་ཀློག་མཁན་སྤྱི་ལ་ཕུལ་པ་ཡིན”[3]ཞེས་བརྗོད་པ་ཡིན།

ཉིས་བརྒྱ་ཉི་ཤུ། སྣང་ཚུལ་ལ་བརྟེན་ནས་སྒྲུང་གཏམ་གྱི་བྱུང་རིམ་གང་ལྟར་གྲུབ་པ་ཡིན།

   ལན། སྒྲུང་གཏམ་པ་ནི་སྤྱི་ཚོགས་ཀྱི་སྣང་ཚུལ་ཞིག་ལ་འཕྲད་པ་དང་། ཡང་ན་སྣང་ཚུལ་གང་ཞིག་ལ་ཞིབ་འཇུག་བྱས་པ་ན། སྐབས་རེར་གསར་རྩོམ་ལ་འཇུག་པའི་འཆར་སྒོ་དང་འདུན་པ་གློ་བུར་བ་ཞིག་འབྱུང་ངེས་ཡིན། འཆར་སྒོ་དེ་འདྲ་བྱུང་བ་ན། རྩོམ་པ་པོས་གསར་རྩོམ་གྱི་དགོས་མཁོ་ལྟར་ཆ་རྒྱུས་ཡོད་པའི་ཡུལ་གཅིག་གམ་དུ་མ་གནད་དུ་བཟུང་སྟེ། སྣང་ཚུལ་གང་ཞིག་མཚོན་པ་ལ་མཁོ་གལ་ཆེ་བའི་དཔེ་མཚོན་རང་བཞིན་ལྡན་པའི་དོན་དག་དུ་མ་གཞི་གཅིག་ལ་བསྡུ་བ་དང་། སྐབས་སུ་བབས་པའི་དགོས་མཁོ་ལྟར་བྱུང་རིམ་འབའ་ཞིག་རྟོག་བཟོ་བྱས་པ་ན། སྒྲུང་གཏམ་ལ་བྱུང་རིམ་ཆ་ཚང་ཞིག་འབྱུང་ངེས་ཡིན། ཁོ་བོའི་སྒྲུང་གཏམ་རྣམས་ལས《སྒྲོལ་མ་ཉེར་གཅིག》གི་བཅུ་གསུམ་པ་སྟེ《བྲག་སྲིན་མོར་མངལ་ཆགས་པའི་གཏམ་རྒྱུད》དང་།《སྒྲོལ་མ་ཉེར་གཅིག》གི་བཅུ་དྲུག་པ་སྟེ《ཆུ་ལེན་བུ་མོ》དང་།《སྒྲོལ་མ་ཉེར་གཅིག》གི་བཅོ་བརྒྱད་པ་སྟེ《རྨི་ལམ་ལྗང་ཁུ》དང་། སྒྲུང་ཐུང་སྟེ《བྱང་ཆུབ་སེམས་དཔའ་རི་བོང་བློ་ལྡན་གྱི་རྟོགས་བརྗོད》དང་།《ལམ》དང་།《ཤ་ཡུ་མོ་ཤེའུ》དང་། སྒྲུང་འབྲིང་སྟེ《རླུང》བཅས་ཀྱི་བྱུང་རིམ་ནི་སྤྱི་ཚོགས་ཀྱི་སྣང་ཚུལ་ལ་བརྟེན་ནས་བྱུང་བ་ཡིན།

ཉིས་བརྒྱ་ཉེར་གཅིག མིའི་གཤིས་ཀར་བརྟེན་ནས་སྒྲུང་གཏམ་གྱི་བྱུང་རིམ་ནི་གང་ལྟར་གྲུབ་པ་ཡིན།

   ལན། ནམ་རྒྱུན་གྱི་འཚོ་བའི་ཁྲོད་དུ། རྩོམ་པ་པོ་ནི་ཐོབ་ཐང་ཁྱད་པར་ཅན་དང་གཤིས་ཀ་ཁྱད་པར་ཅན། འཚོ་བའི་བརྒྱུད་རིམ་ཁྱད་པར་ཅན་གྱི་མི་དང་འཕྲད་སྲིད་ལ། མི་འདི་འདྲ་དང་འཕྲད་སྐབས། གལ་སྲིད་རྩོམ་པ་པོར་གསར་རྩོམ་ལ་འཇུག་པའི་འདུན་པ་གློ་བུར་བ་ཞིག་བྱུང་ན། མི་དེ་རིགས་ཀྱི་གཤིས་ཀ་དང་ལས་དབང་སྟོན་ནུས་པའི་དམིགས་སུ་བསལ་བའི་ཁོར་ཡུག་དང་འཚོ་བ་རོལ་ལུགས་དེ་ལུགས་དང་མཐུན་པའི་སྒོ་ནས་རྟོག་བཟོ་བྱས་རྗེས། མི་སྣ་དཔེ་མཚོན་རང་བཞིན་ལྡན་པའི་ཁོར་ཡུག་དེ་གར་དྲངས་ཏེ། མི་སྣའི་སེམས་ཁམས་དང་། མི་སྣའི་སྤྱོད་པ་སོགས་གཞིར་བཟུང་སྟེ་བརྗོད་བྱའི་གཞི་རྐང་བསྒྲིགས་པ་ན།གཞི་མཐུན་ཡོད་པའི་བྱུང་རིམ་གྱི་ཚོགས་པ་ཞིག་འགྲུབ་ངེས་ཡིན། ཁོ་བོའི་སྒྲུང་གཏམ་རྣམས་ལས《སྒྲོལ་མ་ཉེར་གཅིག》གི་བཅུ་གཅིག་པ་སྟེ《ཁྱིམ་མཚེས་ཚང་བདག་མ》དང་།《སྒྲོལ་མ་ཉེར་གཅིག》གི་ཉེར་གཅིག་པ་སྟེ《རླུང་ལྭ་དམར་པོ》སོགས་ཀྱི་བྱུང་རིམ་ནི་མི་རྣམས་ལས་ཚོགས་པ་ཞིག་གི་དཔེ་མཚོན་རང་བཞིན་ལྡན་པའི་གཤིས་ཀ་ལ་བརྟེན་ནས་བྱུང་བ་ཡིན།  

ཉིས་བརྒྱ་ཉེར་གཉིས། རྩོམ་མཁན་གྱི་འདོད་བློ་ལ་བརྟེན་ནས་སྒྲུང་གཏམ་གྱི་བྱུང་རིམ་གང་ལྟར་གྲུབ་པ་ཡིན།

   ལན། སྒྲུང་གཏམ་གྱི་བརྗོད་བྱ་ནི་འཚོ་བ་ལས་བྱུང་བ་ཡིན་པས། རྩོམ་པ་པོ་ཐམས་ཅད་གསར་རྩོམ་ལ་འཇུག་སྐབས་འཚོ་བ་དང་འབྲལ་ཐབས་མེད་མོད།འོན་ཏེ་རྩོམ་པ་པོ་མང་པོ་ཞིག་གིས་སྒྲུང་གཏམ་གསར་རྩོམ་བྱེད་སྐབས། བརྩམས་ཆོས་ཀྱི་བྱུང་རིམ་ནི་རྐྱེན་ཅི་ཞིག་ལ་བརྟེན་ནས་བྱུང་བ་མི་བརྗོད་པ་ན། དེ་དག་གི་སྒྲུང་གཏམ་གྱི་བྱུང་རིམ་ཇི་ལྟར་བྱུང་བ་རྟོགས་དཀའ་མོད། ཁོ་བོར་ཆ་མཚོན་ན། སྒྲུང་གཏམ་མང་པོ་ཞིག་གི་བྱུང་རིམ་ནི་དུས་སྐབས་ཤིག་གི་མི་སྒེར་གྱི་འདོད་བློ་དང་ཡིད་སེམས་ཀྱི་བདེ་སྡུག་དེ་མཚོན་ཆེད་རྟོག་བཟོ་བྱས་ནས་གྲུབ་པ་ཡིན་པས། བྱུང་རིམ་དེ་དག་ནི་དེ་དང་དེ་ཉིད་དང་འདི་དང་འདི་ཉིད་ལ་བརྟེན་ནས་བྱུང་བ་ཡིན་ཞེས་གཏན་ནས་བརྗོད་མི་ནུས་པ་མ་ཟད། གསར་རྩོམ་བྱེད་སྐབས་སྒྲུང་གཏམ་མང་པོ་ཞིག་གི་བྱུང་རིམ་འཚོ་བ་གང་ལས་བྱུང་བ་དང་འཚོ་བ་དང་འབྲེལ་ཡོད་མེད་ཀྱང་གཏན་ནས་མི་ཤེས། སྐབས་རེར་ཁོ་བོའི་ཡིད་ལ་ཁ་བྱང་ཡག་པོ་སྟེ《མེ་ལོང་ནང་གི་ཕྱེ་མ་ལེབ》ལྟ་བུ་རེ་འཕོས་བྱུང་ན། རྟོག་བཟོ་ཁོ་ན་ལ་བརྟེན་ནས་ཁ་བྱང་དེ་ཉིད་མཚོན་ཐུབ་པའི་སྒྲུང་གཏམ་ཞིག་གསར་རྩོམ་བྱས་པ་དང་། མཚམས་རེར་གཏམ་རྒྱུད་ཀྱི་བརྗོད་སྟངས་ཡག་པོ་ཞིག་ཡིད་ལ་འཕོས་པ་ན།    བྱུང་རིམ་ནི་རྟོག་བཟོ་ཁོ་ན་བྱས་ཏེ《དར་ལྕོག རླུང་བུ། ད་དུང་ལྷེམ་ལྷེམ་གཡོ་བའི་རླུང་རྟ》ལྟ་བུའི་སྒྲུང་གཏམ་རེ་གཉིས་ཚོད་བལྟའི་ཚུལ་དུ་བརྩམས་པ་དང་། ཡང་མཚམས་རེར་ལྟ་བ་གང་ཞིག་ལ་དོགས་སློང་བྱེད་འདོད་བྱུང་ན།   བྱུང་རིམ་རྟོག་བཟོ་བྱས་ཏེ《གླག》དང《བྱང་ཆུབ་སེམས་དཔའ།    སྤྱང་མོ།   ད་དུང་འཇིགས་སུ་རུང་བའི་དམྱལ་ཁམས》དང་།《ཕུགས་རེ》《སྒྲོལ་མ་ཉེར་གཅིག》གི་དང་པོ)ལྟ་བུ་བརྩམས་པ་དང་།    དེ་མིན་སྐབས་རེར་ངོས་ཟིན་གསར་བ་རེ་བྱུང་ན། བྱུང་རིམ་རྟོག་བཟོ་བྱས་ཏེ《ཨ་ཁུ་ཁྱི་སྐྱག་རྟ་ལ་དགའ》དང《སྒྲོལ་མ་ཉེར་གཅིག》གི་བཅུ་པ་སྟེ《སློང་མོ་བ》ལྟ་བུ་བརྩམས་པ་ཡིན། སྣང་ཚུལ་འདི་ལ་གཞིགས་ན། སྒྲུང་གཏམ་གྱི་བྱུང་རིམ་ལ་རྟོག་བཟོ་གལ་ཆེ་བ་དང་། སྒྲུང་གཏམ་པ་ཚད་ལྡན་ཞིག་བྱེད་ན་རྟོག་བཟོ་ལ་མཁས་པ་དང་རྟོག་བཟོ་ཐད་དུ་འཇོན་ཐང་ཆེན་པོ་ལྡན་དགོས་འདུག་པ་འདྲ།


སྒྲུང་གཏམ་གསར་རྩོམ་ཐད་ཀྱི་དྲི་བ་དྲིས་ལན་སྐལ་ལྡན་ཡིད་ཀྱི་མུན་སེལ།༼༨༽

ཉིས་བརྒྱ་ཉེར་གསུམ། བྱུང་རིམ་གྱི་སྒྲིག་སྦྱོར་ལ་ཚད་གཞི་ག་འདྲ་ཡོད།

   ལན། སྒྲུང་གཏམ་རྩོམ་ལུགས་སྨྲ་བ་ལ་ལ་དང་ཁོ་བོའི་གསར་རྩོམ་གྱི་ཉམས་མྱོང་ལྷན་དུ་བསྡེབས་ཏེ་ཞིབ་ཏུ་དཔྱད་ན། བྱུང་རིམ་ལ་སྒྲིག་སྦྱོར་ཚད་གཞི་མི་འདྲ་བ་ལྔ་ལ་ཡིད་འཇོག་བྱ་དགོས་པ་འདྲ་ཞིང་། དེ་དག་ནི་བརྗོད་སྙིང་ལེགས་པར་སྟོན་པའི་དགོས་མཁོ་དང་བསྟུན་པ་དང་།རྩོམ་མཁན་གྱི་བསམ་བློ་གཏམ་རྒྱུད་དུ་སྒྱུར་བའི་དགོས་མཁོ་དང་བསྟུན་པ་དང་། མི་སྣའི་སྣང་བརྙན་གསར་སློང་གི་དགོས་མཁོ་དང་བསྟུན་པ་དང་། མི་སྣར་རང་དབང་སྩོལ་བའི་དགོས་མཁོ་དང་བསྟུན་པ་དང་། ཀློག་མཁན་གྱི་ཡིད་དབང་འཕྲོག་པའི་དགོས་མཁོ་དང་བསྟུན་པ་རྣམས་སོ།།

ཉིས་བརྒྱ་ཉེར་བཞི། སྒྲུང་གཏམ་གྱི་བྱུང་རིམ་སྒྲིག་སྦྱོར་ནི་བརྗོད་སྙིང་ལེགས་པར་སྟོན་པའི་དགོས་མཁོ་དང་བསྟུན་དོན་ཅི།

   ལན། ལས་དང་པོ་བ་སྐོར་ཞིག་གིས་སྒྲུང་གཏམ་གྱི་བྱུང་རིམ་ལ་ཆ་མཚོན་ན། དེ་ཉིད་ཀྱི་རྨང་གཞི་ནི་འཚོ་བ་ཡིན་རུང་། ངོ་བོ་ཆ་ནས་བརྗོད་ན་རྟོག་བཟོའི་མཐའ་འབྲས་ལས་མ་འདས་པ་ན། སྒྲུང་གཏམ་གསར་རྩོམ་གྱི་ལས་ལ་འཇུག་སྐབས། ཐོག་མར་ཡིད་ཀྱི་རྩོལ་བ་ལ་བརྟེན་ནས་བྱུང་རིམ་འབའ་ཞིག་རྟོག་བཟོ་བྱེད་པ་དང་།དེ་ན་བྱུང་རིམ་དེ་དག་ལྷན་དུ་བསྡེབས་ཏེ་གཏམ་རྒྱུད་ངོ་མཚར་བ་ཞིག་གི་གཞི་རྐང་བསྒྲིགས་ན་རུང་བས། བྱུང་རིམ་སྒྲིག་སྦྱོར་བྱེད་སྐབས་བརྗོད་སྙིང་ལ་ཡིད་འཇོག་མ་བྱས་ན་ཆོག་པར་འདོད་མོད། དོན་དམ་དུ་འདི་ནི་བསམ་ཚུལ་ཕྱིན་ཅི་ལོག་པ་ཞིག་ཡིན་ཏེ། ཅི་ཡིན་ཞེ་ན། གཅིག་ན་གསར་རྩོམ་ལ་བྱང་ཆ་ཡོད་པའི་སྒྲུང་གཏམ་པ་རྣམས་ཀྱིས་བྱུང་རིམ་གྱི་སྒྲིག་སྦྱོར་ལ་བརྟེན་ནས་གཏམ་རྒྱུད་ཡག་པོ་ཞིག་འཆད་བཞིན་ཡོད་པ་མ་ཟད།  ད་དུང་བྱུང་རིམ་སྣ་ཚོགས་ལ་བརྟེན་ནས་རང་ཉིད་ཀྱི་འཚོ་བའི་ངོས་ཟིན་དེའང་མཚོན་བཞིན་ཡོད་པ་ན། བརྗོད་སྙིང་ལེགས་པར་སྟོན་པ་ནི་སྒྲུང་གཏམ་གསར་རྩོམ་གྱི་དམིགས་འབེན་གལ་འགངས་ཆེ་བ་ཞིག་ཏུ་གྱུར་ཡོད་པས།བྱུང་རིམ་གྱི་སྒྲིག་སྦྱོར་ནི་སྒྲུང་གཏམ་གྱི་བརྗོད་སྙིང་ལེགས་པར་སྟོན་པའི་དགོས་མཁོ་དང་མི་བསྟུན་ཀ་མེད་བྱུང་། གཉིས་སུ་སྒྲུང་གཏམ་མང་པོ་ཞིག་གི་བྱུང་རིམ་ནི་སྔ་ཕྱིར་འབྲེལ་བ་མེད་པའི་དོན་དག་ཕྲན་བུ་ཞིག་གི་གོ་རིམ་ཡིན་པས། གལ་སྲིད་ངེས་གཏན་ཅན་གྱི་བརྗོད་སྙིང་ཞིག་མེད་ན། བྱུང་རིམ་དེ་དག་ལྷན་དུ་བསྡེབས་ཀྱང་སོ་སོར་ཐོར་ཏེ་ཕན་ཚུན་བར་ལ་གཏན་ཚིགས་ཀྱི་འབྲེལ་བ་འབྱུང་མི་སྲིད་པ་ན། སྒྲུང་གཏམ་གྱི་བྱུང་རིམ་སྒྲིག་སྦྱོར་བྱེད་སྐབས་བརྗོད་སྙིང་དང་བསྟུན་དགོས་བྱུང་བ་རེད། གསུམ་ན་གལ་སྲིད་སྒྲུང་གཏམ་ལ་བརྗོད་སྙིང་ངེས་གཏན་ཅན་ཞིག་མེད་ན། རྩོམ་པ་པོས་བྱུང་རིམ་སྒྲིག་སྦྱོར་བྱེད་སྐབས་གང་ཞིག་འདྲེན་པ་དང་གང་ཞིག་སྤོང་བའི་ཐད་ལ་རྩ་དོན་མེད་པར་འགྱུར་བས། སྒྲིག་གཏམ་གྱི་བྱུང་རིམ་སྒྲིག་སྦྱོར་ནི་བརྗོད་སྙིང་ལེགས་པར་མཚོན་པའི་དགོས་མཁོ་དང་བསྟུན་དགོས་བྱུང་བ་རེད།

ཉིས་བརྒྱ་ཉེར་ལྔ། སྒྲུང་གཏམ་གྱི་བྱུང་རིམ་སྒྲིག་སྦྱོར་བྱེད་སྐབས་ཡིད་འཇོག་བྱ་དགོས་པ་གང་ཞིག་ཡོད།

   ལན། ཀུན་གྱིས་མཁྱེན་པ་ནང་བཞིན། རྩོམ་རིག་གི་བརྡ་ཆད་དུ་གྱུར་པའི་བརྗོད་སྙིང་ནི་དོན་གཉིས་ལ་འཇུག་སྟེ། དང་པོ་ལྟར་ན་དེ་ནི་རྩོམ་ཡིག་གང་དང་གང་ཞིག་གི་བརྗོད་བྱའི་དོན་གྱི་སྙིང་བོ་དེ་ལ་གོ་དགོས་པ་དང༌། གཉིས་པ་ལྟར་ན་རྩོམ་མཁན་གྱི་བསམ་བློ་བརྩམས་ཆོས་བརྒྱུད་ནས་བསྟན་པ་དེ་ལ་གོ་བ་ན། སྒྲུང་གཏམ་གྱི་བྱུང་རིམ་སྒྲིག་སྦྱོར་བྱེད་སྐབས་བརྗོད་བྱའི་དོན་གྱི་སྙིང་བོ་དང་རྩོམ་མཁན་གྱི་བསམ་བློ་གཉིས་ཀར་ཡིད་འཇོག་བྱ་དགོས།

ཉིས་བརྒྱ་ཉེར་དྲུག སྒྲུང་གཏམ་གྱི་བྱུང་རིམ་སྒྲིག་སྦྱོར་བྱེད་སྐབས་བརྗོད་བྱའི་དོན་གྱི་སྙིང་བོར་གང་ལྟར་བསྟུན་དགོས།

   ལན། སྒྲུང་གཏམ་ནི་དོན་གྱི་བྱུང་བ་བརྗོད་པའི་རྩོམ་ལུས་བྱེ་བྲག་པ་ཞིག་ཡིན་པ་ན། དེ་ཉིད་བྱུང་རིམ་དང་འབྲལ་ཐབས་མེད་པ་དང་། བྱུང་རིམ་ཡོད་ཚད་ནི་བརྗོད་བྱའི་དོན་གྱི་སྙིང་བོ་མཚོན་ཆེད་དྲངས་པ་ཡིན་པས། རྩོམ་པ་པོས་རྩོམ་གྲབས་ཡོད་པའི་སྒྲུང་གཏམ་གྱི་བྱུང་རིམ་བཀོད་སྒྲིག་བྱེད་སྐབས། བརྗོད་སྙིང་སྟོན་པ་ལ་མཁོ་གལ་ཆེན་པོ་ལྡན་པའི་བྱུང་རིམ་རྣམས་རྒྱས་པར་འདྲེན་པ་དང་། བརྗོད་སྙིང་སྟོན་པ་ལ་རམ་འདེགས་ཀྱི་ནུས་པ་ཙམ་ལས་འདོན་མི་ནུས་པའི་བྱུང་རིམ་ནི་བསྡུས་ནས་འདྲེན་པ་དང་། བརྗོད་སྙིང་མཚོན་པ་ལ་དགོས་མཁོ་ཅི་ཡང་མེད་པའི་བྱུང་རིམ་ནི་ཡོངས་སུ་སྤང་དགོས་ལ། འདི་ལྟར་བྲིས་ན་བརྗོད་བྱའི་དོན་གྱི་སྙིང་བོ་ནི་དགོས་མེད་ཀྱི་ཡིག་ཚོགས་ཀྱིས་བསྒྲིབས་མི་སྲིད་པ་མ་ཟད། རྩོམ་མཁན་གྱིས་སྒྲུང་གཏམ་གཅིག་ལས་གང་བྲིས་ཐམས་ཅད་གཞི་གཅིག་ལ་འབབ་ངེས་ཡིན་ནོ།།

ཉིས་བརྒྱ་ཉེར་བདུན། སྒྲུང་གཏམ་གྱི་བྱུང་རིམ་སྒྲིག་སྦྱོར་བྱེད་སྐབས་རྩོམ་མཁན་གྱི་བསམ་བློར་གང་ལྟར་བསྟུན་དགོས།

   ལན། སྒྲུང་གཏམ་གང་དང་གང་ཞིག་ཡིན་རུང་། གསོན་ཉམས་ལྡན་པའི་སྒྱུ་རྩལ་གྱི་སྣང་བརྙན་ལ་བརྟེན་ནས་མི་སེམས་འགུགས་དགོས་པ་ན།   བྱུང་རིམ་བཀོད་སྒྲིག་ལ་དང་དོད་ཆེན་པོ་བྱ་དགོས་པ་དང་། བྱུང་རིམ་བཀོད་སྒྲིག་ལ་དང་དོད་བྱེད་སྐབས་རྩོམ་གྱི་བསམ་བློ་ནི་བྱུང་རིམ་གྱི་རྟེན་གཞིར་འགྱུར་དགོས་པས། སྒྲུང་གཏམ་གསར་རྩོམ་གྱི་ལས་ལ་འཇུག་སྐབས། རྩོམ་མཁན་གྱིས་རང་གི་བསམ་བློ་དམིགས་སུ་བཟུང་སྟེ། བསམ་བློ་མཚོན་ལ་དགོས་མཁོ་ཆེན་པོ་ལྡན་པའི་བྱུང་རིམ་དཔེ་མཚོན་ལྡན་པ་རྣམས་རྒྱས་པར་འདྲེན་པ་དང་། བསམ་བློ་ལེགས་པར་སྟོན་པ་ལ་རམ་འདེགས་ཀྱི་ནུས་པ་འདོན་ནུས་པ་རྣམས་བསྡུས་ཏེ་འདྲེན་པ་དང་། བསམ་བློ་མཚོན་ལ་དགེ་མཚན་མེད་པ་རྣམས་ཡོངས་སུ་སྤངས་ཏེ་བྱུང་རིམ་སྒྲིག་སྦྱོར་བྱ་དགོས་འདུག་ལ། འདི་ལྟར་བྲིས་པ་ན། ད་གཟོད་རྩོམ་མཁན་གྱི་བསམ་བློ་གང་དང་གང་ཡིན་པ་དེ་སྒྲུང་གཏམ་ལས་ལྷག་ལུས་མེད་པ་དང་། སྒྲིབ་པ་མེད་པའི་སྒོ་ནས་མཚོན་ཐུབ་པར་འདོད་དོ།།

ཉིས་བརྒྱ་ཉེར་བརྒྱད། སྒྲུང་གཏམ་གྱི་བྱུང་རིམ་སྒྲིག་སྦྱོར་བྱེད་སྐབས་རྩོམ་མཁན་གྱི་བསམ་བློ་གཏམ་རྒྱུད་དུ་སྒྱུར་བའི་དགོས་མཁོ་དང་གང་ལྟར་བསྟུན་དགོས།

   ལན། སྒྲུང་གཏམ་མང་པོ་གསར་རྩོམ་བྱེད་སྐབས། རྩོམ་པ་པོ་ལ་ཐོག་མའི་དུས་སུ་བསམ་བློ་ཡན་གར་བ་ཞིག་ལས་མེད་ལ། གནས་ཚུལ་འདི་འདྲར་འཕྲད་སྐབས། རྩོམ་པ་པོས་རང་གི་བསམ་བློ་གཞིར་འཛིན་པ་དང་། རང་གི་བསམ་བློ་མཚོན་པར་ནུས་པའི་བྱུང་རིམ་རྟོག་བཟོ་དང་སྒྲིག་སྦྱོར་བྱས་ཏེ། བསམ་བློ་གང་དང་གང་ཞིག་གཏམ་རྒྱུད་ཀྱི་རྣམ་པར་སྒྱུར་བཞིན་ཡོད། སྒྲུང་གཏམ་པ་རྣམས་ཀྱིས་རང་གི་བསམ་བློ་གང་ཞིག་གཏམ་རྒྱུད་དུ་སྒྱུར་སྐབས། རྩོམ་མཁན་གྱི་བསམ་བློ་རྫོགས་པར་སྟོན་ནུས་པའི་བྱུང་རིམ་བྱེ་བྲག་པ་སྐོར་ཞིག་རྟོག་བཟོ་བྱེད་པ་དང་། བྱུང་རིམ་གྱི་རྒྱས་བསྡུས་ནི་བརྩམས་ཆོས་ཀྱི་བརྗོད་སྙིང་དང་རྩོམ་མཁན་གྱི་བསམ་བློ་མཚོན་པའི་དགོས་མཁོར་བསྟུན་པ། བྱུང་རིམ་གྱི་སྒྲིག་གཞི་ནི་རྩོམ་མཁན་གྱི་སྒྱུ་རྩལ་མོས་འདུན་དང་བསྟུན་ནས་ལྷན་དུ་བསྡེབས་པ་ན། ད་གཟོད་རྩོམ་གྱི་བསམ་བློ་གཏམ་རྒྱུད་དུ་བསྒྱུར་པའི་ལས་འགན་དེ་ལུགས་དང་མཐུན་པའི་སྒོ་ནས་གྲུབ་པར་གྱུར་པ་ཡིན།

སྒྲུང་གཏམ་གསར་རྩོམ་ཐད་ཀྱི་དྲི་བ་དྲིས་ལན་སྐལ་ལྡན་ཡིད་ཀྱི་མུན་སེལ།༼༨༽

ཉིས་བརྒྱ་ཉེར་དགུ། སྒྲུང་གཏམ་གྱི་བྱུང་རིམ་སྒྲིག་སྦྱོར་བྱེད་སྐབས་མི་སྣའི་སྣང་བརྙན་གསར་སློང་གི་དགོས་མཁོ་དང་གང་ལྟར་བསྟུན་དགོས།

   ལན། སྒྲུང་གཏམ་ནི“སྤྲོས་བརྗོད་སྒྱུ་རྩལ”གྱི་གྲས་སུ་གཏོགས་པས། གཏམ་རྒྱུད་ནི་རྩོམ་ལུས་བྱེ་བྲག་པ་འདི་ཉིད་ལ་མཚོན་ན་ཧ་ཅང་གལ་འགངས་ཆེ་བ་ཞིག་ཡིན་མོད། འོན་ཏེ་རྩོམ་པ་པོའི་མཐར་ཐུག་གི་དམིགས་ཡུལ་ནི་མི་སྣའི་སྣང་བརྙན་གསར་སློང་བྱེད་པ་ལས་མ་འདས་པ་ན།   སྒྲུང་གཏམ་གསར་རྩོམ་གྱི་ལས་ལ་འཇུག་སྐབས། བྱུང་རིམ་ཕལ་མོ་ཆེ་ནི་མི་སྣའི་སྣང་བརྙན་གསར་སློང་གི་དགོས་མཁོ་དང་བསྟུན་ཏེ་སྒྲིག་སྦྱོར་བྱ་དགོས་འདུག་ལ།ཞིབ་ཏུ་བརྗོད་ན་བྱུང་རིམ་ཅི་ཞིག་འབྲི་བ་དང་གང་ཞིག་མི་འབྲི་བ། བྱུང་རིམ་བྱེ་བྲག་པ་རྣམས་ཇི་ལྟར་འབྲི་བ།  དཔེ་མཚོན་རང་བཞིན་ལྡན་པའི་བྱུང་རིམ་གང་ཞིག་འདྲེན་པ། བྱུང་རིམ་བྱེ་བྲག་པ་རྣམས་ལས་གང་ཞིག་རྒྱས་པར་བརྗོད་པ་གང་ཞིག་བསྡུས་པར་བརྗོད་པ་ནི་མི་སྣའི་སྣང་བརྙན་གསར་སློང་བྱེད་པའི་དགོས་མཁོ་དང་བསྟུན་དགོས། གལ་སྲིད་གནད་འདི་ལ་ཡིད་འཇོག་མ་བྱས་ན། མི་སྣའི་སྣང་བརྙན་འཁྲུག་པར་གྱུར་ཏེ་སྒྲུང་གཏམ་ཚད་ལྡན་ཞིག་འབྱུང་མི་སྲིད་པར་འདོད།

ཉིས་བརྒྱ་སུམ་ཅུ། སྒྲུང་གཏམ་གྱི་བྱུང་རིམ་སྒྲིག་སྦྱོར་བྱེད་སྐབས་མི་སྣར་རང་དབང་སྩོལ་བའི་དགོས་མཁོ་དང་གང་ལྟར་བསྟུན་དགོས།

   ལན། ནམ་རྒྱུན་གྱི་འཚོ་བའི་ཁྲོད་དུ།མི་རྣམས་ཀྱི་འཚོ་བར་མི་ཕལ་བ་རྣམས་ཀྱིས་མངའ་དབང་སྒྱུར་ཐབས་མེད་པ་དང་། མི་ཤིན་ཏུ་མང་པོ་ཞིག་གིས་རང་གི་མི་གཤིས་དང་བསྟུན་ཏེ་འཚོ་བ་རོལ་བཞིན་ཡོད་པས། རྩོམ་པ་པོས་བདེན་ཁ་མི་འཆོར་བའི་སྒོ་ནས་སྤྱི་ཚོགས་འཚོ་བ་མཚོན་དགོས་ན། ང་གཏམ་གྱི་བྱུང་རིམ་ནི་མི་སྣའི་གཤིས་ཀའི་རྗེས་སུ་འབྲངས་ཏེ་བཀོད་སྒྲིག་མི་བྱེད་ཐབས་མེད་ཡིན། གལ་སྲིད་བྱུང་རིམ་གྱི་བཀོད་སྒྲིག་ནི་མི་གཤིས་མཁྲེགས་འཛིན་དང་མི་གཤིས་འགྱུར་ལྡོག་ཐད་ཀྱི་གཏན་ཚིགས་དང་མ་བསྟུན་ན། མི་སྣའི་སྣང་བརྙན་ལ་འཚོ་བའི་བདེན་པ་དང་སྒྱུ་རྩལ་གྱི་བདེན་པ་གཉིས་ཀའི་གཅིག་ཀྱང་ལྡན་མི་སྲིད།འདིར་གསལ་བཤད་བྱ་དགོས་པ་ཞིག་ནི། སྒྲུང་གཏམ་བློས་སློང་གི་སྐབས་སུ། མི་སྣའི་གཤིས་ཀ་ནི་རྩོམ་པ་པོས་གཏན་ལ་དབབ་དགོས་མོད། འོན་ཏེ་མི་སྣར་གཤིས་ཀ་དོད་པོ་ལྡན་པར་གྱུར་རྗེས། དེ་དག་གིས་རང་ཉིད་ཀྱི་འདོད་མོས་དང་།   རང་ཉིད་ཀྱི་གཤིས་ཀ  རང་ཉིད་ཀྱི་ལངས་ཕྱོགས་དང་བསྟུན་ནས་བྱུང་རིམ་མདུན་ལ་འདེད་པ་ཡིན་པས། སྒྲུང་གཏམ་པ་ཚད་ལྡན་ཞིག་ཡིན་ན། སྒྲུང་གཏམ་གྱི་སྒྲུང་མགོ་བཟུང་བ་ནས་མགོ་བརྩམས་ཏེ། བྱུང་རིམ་ནི་མི་སྣའི་གཤིས་ཀའི་རྗེས་སུ་འབྲངས་ཏེ་བཀོད་སྒྲིག་བྱེད་པ་དང་། རང་ཉིད་ཀྱིས་མི་སྣའི་བྱ་བྱེད་སྣ་ཚོགས་ཟིན་བྲིས་སུ་འདེབས་པའི་ཚུལ་གྱིས་གསར་རྩོམ་གྱི་ལས་ལ་འཇུག་པ་ཡིན།

ཉིས་བརྒྱ་སོ་གཅིག སྒྲུང་གཏམ་གྱི་བྱུང་རིམ་སྒྲིག་སྦྱོར་བྱེད་སྐབས་ཀློག་མཁན་གྱི་ཡིད་དབང་འཕྲོག་པའི་དགོས་མཁོ་དང་གང་ལྟར་བསྟུན་དགོས།

   ལན། སྒྲུང་གཏམ་ཕུལ་དུ་བྱུང་བ་ཞིག་ཡིན་ན། དེ་ལས་བསྟན་པའི་གཏམ་རྒྱུད་ནི་སྒྱུ་རྩལ་གྱི་ཉམས་ཕུན་སུམ་ཚོགས་པ་དང་། ཀློག་པ་པོའི་ཡིད་དབང་འཕྲོག་པ་ཞིག་ཡིན་དགོས་འདུག གལ་སྲིད་སྒྲུང་གཏམ་ཞིག་ལ་ཁྱད་ཆོས་འདི་འདྲ་ལྡན་དགོས་ན། རྩོམ་པ་པོས་རྩོམ་གྲབས་ཡོད་པའི་སྒྲུང་གཏམ་གྱི་བྱུང་རིམ་བཀོད་སྒྲིག་བྱེད་སྐབས། བྱུང་རིམ་གྱིས་གཏམ་རྒྱུད་རྫོགས་པར་སྟོན་པ་དང་མི་སྣའི་སྣང་བརྙན་ལུགས་དང་མཐུན་པའི་སྒོ་ནས་གསར་སློང་བྱེད་ཐུབ་པའི་ཆ་རྐྱེན་འོག་ཏུ། བྱུང་རིམ་གང་ཞིག་དྲངས་ན་ཀློག་མཁན་གྱི་ཡིད་སེམས་འཕྲོག་པ་དང་། བྱུང་རིམ་ཇི་ལྟར་དྲངས་ནས་ཀློག་མཁན་ཀློག་མཁན་གྱི་ཡིད་དབང་འཕྲོག་པར་བསམ་བློ་མི་གཏོང་ཐབས་མེད་ཡིན། ལག་ལེན་དངོས་ལ་གཞིགས་ན། གལ་སྲིད་སྒྲུང་གཏམ་གྱི་བྱུང་རིམ་གྱིས་ཀློག་མཁན་གྱི་ཡིད་དབང་འཕྲོག་དགོས་ན་ཆ་རྐྱེན་འདི་འདྲ་ཡོད་པ་འདྲ་སྟེ། གཅིག་ན་བྱུང་རིམ་གྱི་འགྱུར་ལྡོག་ནི་ཀློག་མཁན་གྱི་བློ་ཡུལ་ལས་འདས་པ་ཞིག་ཡིན་དགོས་པ་དང་། གཉིས་སུ་བྱུང་རིམ་གྱི་འཕེལ་ཕྱོགས་ནི་ཀློག་མཁན་གྱི་འདོད་བློ་དང་འགལ་བ་ཡིན་དགོས་པ་དང་། གསུམ་ན་བྱུང་རིམ་གྱི་སྒྲིག་གཞི་ལ་སྒྱུ་རྩལ་རིན་ཐང་ལྡན་དགོས་འདུག་པར་སྙམ།

ཉིས་བརྒྱ་སོ་གཉིས། སྒྲུང་གཏམ་གྱི་བྱུང་རིམ་ལ་སྟོབས་སྩོལ་བའི་ཐབས་ལམ་གང་དག་ཡོད།

   ལན། སྒྲུང་གཏམ་ཕུལ་དུ་བྱུང་བ་ཞིག་ཡིན་ན། དེ་ལ་རྙོག་དྲ་ཆེ་བའམ་ཡིད་དབང་འཕྲོག་པའམ། ཡང་ན་སྡེབ་ལུགས་བློ་ཡུལ་ལས་འགོངས་པའི་བྱུང་རིམ་ཞིག་ཅིས་ཀྱང་ཡོད་དགོས་འདུག  དེར་བརྟེན། སྒྲུང་གཏམ་པ་རྣམས་རྩོམ་པའི་ལས་ལ་འཇུག་སྐབས།སྐབས་སུ་བབས་པའི་བརྗོད་བྱའི་ཁྱད་ཆོས་དང་བསྟུན་ནས་བྱུང་རིམ་བཀོད་སྒྲིག་ལ་ཡིད་འཇོག་ཆེན་པོ་བྱས་ཏེ། རྩོམ་གྲབས་ཡོད་པའི་བརྩམས་ཆོས་ཀྱི་ལྟ་ཀློག་དང་སྒྱུ་རྩལ་གྱི་རིན་ཐང་ཇེ་མཐོར་གཏོང་བ་ལ་དང་དོད་དང་འབད་པ་ཆེན་པོ་བྱེད་བཞིན་ཡོད། འབྲེལ་ཡོད་མཁས་པའི་འདོད་ཚུལ་དང་རང་ཉིད་ཀྱི་གསར་རྩོམ་ཉམས་མྱོང་ལྟར་ན། སྒྲུང་གཏམ་གྱི་བྱུང་རིམ་ལ་སྟོབས་བསྩལ་ཏེ་ཡིད་དབང་འཕྲོག་པ་ཞིག་ཏུ་བསྒྱུར་དགོས་ན་ཐབས་ལམ་གཙོ་ཆེ་བ་ནི་ལྔ་ཡོད་པ་འདྲ་ལ།དེ་དག་ནི་གོ་བ་ལོག་པར་བླངས་པ་ལ་བརྟེན་ནས་གོ་འཛོལ་གྱི་འགལ་བ་སྣ་ཚོགས་བསྟུད་མུར་འདྲེན་པ་དང་། སྟེས་དབང་ལ་བརྟེན་ནས་སྟབས་འགྲིག་པའི་དོན་དག་བརྗོད་པ་དང་།དོགས་པ་བསླངས་ཏེ་དོགས་གཞི་བཟོ་བ་དང་། སྤྲོས་བརྗོད་ཀྱི་འགྲོས་དང་དོན་དག་གི་གོ་རིམ་ངོ་སྤྲོད་བྱེད་ལུགས་ཇེ་དལ་དུ་གཏོང་བ་སྟེ་ནར་འགྱངས་བྱེད་པ་རྣམས་སོ།།

ཉིས་བརྒྱ་སོ་གསུམ། ཅི་ཞིག་ལ་གོ་འཛོལ་ཟེར།

   ལན། བྱ་དངོས་ཀྱི་ངོ་བོ་དང་རང་བཞིན། ཁྱད་ཆོས་དེ་མིའི་སེམས་ལ་ངེས་པ་དང་འགལ་བ་ལྟག་སྤྲོད་དུ་གྱུར་པ་ལ་གོ་འཛོལ་ཟེར་ཏེ། ནམ་རྒྱུན་གྱི་འཚོ་བའི་ཁྲོད་དུ། མི་རྣམས་དོན་དག་ཅིག་ལ་འཕྲད་སྐབས། གནས་ཚུལ་དངོས་དེ་མ་རྟོགས་པར་གོ་བ་ལོག་པར་བླངས་པ་ན། མི་དང་མིའི་བར་ལ་འགལ་བ་དང་འབྲེལ་བ་སྣ་ཚོགས་བསྟུད་མར་བྱུང་དང་འབྱུང་བཞིན་ཡོད་པས། སྒྲུང་གཏམ་གསར་རྩོམ་གྱི་ལས་ལ་འཇུག་སྐབས། རྩོམ་པ་པོ་རྣམས་ཀྱིས་འཚོ་བའི་བདེན་པ་མི་ལྷོད་པའི་ཆ་རྐྱེན་འོག་ཏུ་མི་སྣ་དང་མི་སྣའི་བར་ལ་གོ་འཛོལ་བསླངས་ཏེ་བྱུང་རིམ་སྟོབས་སྩོལ་བཞིན་ཡོད། 

ཉིས་བརྒྱ་སོ་བཞི། ངོས་ཟིན་ལ་བརྟེན་ནས་བྱུང་རིམ་ལ་སྟོབས་སྩོལ་ལུགས་ག་འདྲ་ཡོད།

   ལན། སྒྲུང་གཏམ་རྩོམ་ལུགས་སྨྲ་བ་ལ་ལའི་ཞིབ་འཇུག་གྲུབ་འབྲས་དང་རང་ཉིད་ཀྱི་གསར་རྩོམ་ཉམས་མྱོང་ལྟར་ན། སྐབས་འདིའི་གོ་འཛོལ་ལ་ནང་གསེས་སུ་དབྱེ་ན་ངོས་ཟིན་ཐད་ཀྱི་གོ་འཛོལ་དང་ངོས་འཛིན་མཁན་ཐད་ཀྱི་གོ་འཛོལ་གཉིས་ཡོད་ལ། རྩོམ་པ་པོ་རྣམས་གསར་རྩོམ་གྱི་ལས་ལ་འཇུག་སྐབས། གོ་འཛོལ་ལ་བརྟེན་ནས་བྱུང་བའི་འགལ་བ་དང་འབྲེལ་བ་སྣ་ཚོགས་གཞིར་བཟུང་སྟེ་བྱུང་རིམ་བཀོད་སྒྲིག་བྱས་ན། སྐབས་སུ་བབས་པའི་བརྩམས་ཆོས་ཀྱི་བྱུང་རིམ་ཀྱག་ཀྱོག་ཏུ་འགྱུར་བ་དང་། མི་སྣའི་གཤིས་ཀ་ལེགས་པར་མཚོན་པ་ལ་ཕན་པ་ཆེན་པོ་ལྡན་པ་མ་ཟད། ཀློག་མཁན་གྱི་ལྟ་ཀློག་གི་འདུན་པའང་ཆེ་ཆེར་བསྐྱེད་ཐུབ།

སྒྲུང་གཏམ་གསར་རྩོམ་ཐད་ཀྱི་དྲི་བ་དྲིས་ལན་སྐལ་ལྡན་ཡིད་ཀྱི་མུན་སེལ།༼༨༽
ཉིས་བརྒྱ་སོ་ལྔ། ངོས་ཟིན་ཐད་ཀྱི་གོ་འཛོལ་ལ་ནང་གསེས་སུ་དབྱེ་ན་གང་དག་ཡོད། ལག་ལེན་དངོས་ཀྱི་སྐབས་སུ་གང་ལྟར་སྤྱད་དགོས།

   ལན། ངོས་ཟིན་ནི་བྱ་དངོས་ཀྱི་རྣམ་པ་དང་ཁྱད་ཆོས་དེ་འཁྲུལ་དང་མ་འཁྲུལ་གཉིས་ཀའི་སྒོ་ནས་གང་ཟག་གི་ཡིད་ལ་ངེས་པ་ལ་གོ་དགོས་པ་དང་། གོ་འཛོལ་ནི་བྱ་དངོས་ཀྱི་ངོས་ཟིན་ཞིག་ཡིན་པ་མ་ཟད། ཡིན་པ་མིན་པར་བཟུང་བ་དང་མིན་པ་ཡིན་པར་བཟུང་བའི་འཁྲུལ་ཤེས་ཤིག་ཀྱང་ཡིན་པ་ན། སྒྲུང་གཏམ་ཁྲོད་ཀྱི་གོ་འཛོལ་ལ་ཡིན་པ་མིན་པར་འཁྲུལ་བ་དང་མིན་པ་ཡིན་པར་འཁྲུལ་བ་སྟེ་འཁྲུལ་ལུགས་རིགས་གཉིས་ཡོད་དགོས་འདུག ངོས་ཟིན་ཐད་ཀྱི་གོ་འཛོལ་གྱི་ནང་གསེས་དང་པོ་སྟེ་ཡིན་པ་མིན་པར་འཁྲུལ་བ་ནི་མཚུངས་ཆོས་ཅན་གྱི་བྱ་དངོས་གཉིས་སམ་དུ་མར་འཕྲད་སྐབས།བྱ་དངོས་ཀྱི་རྣམ་པ་དང་ཁྱད་ཆོས།མཚོན་དོན་བཅས་ལ་བརྟེན་ནས་བྱ་དངོས་རང་ལྡོག་འཛིན་མ་ནུས་པར་གཞན་ལ་འཁྲུལ་བར་གོ་དགོས་ཏེ། ཁོ་བོའི་སྒྲུང་གཏམ་རྣམས་ལས་སྒྲུང་ཐུང《མེད》ལ་ཆ་མཚོན་ན་ཡིན་པ་མིན་པར་འཁྲུལ་བའི་འཁྲུལ་ཤེས་དེ་བརྩམས་ཆོས་ཀྱི་སྲོག་ཤིང་ལ་བཀོད་དེ་འབྲེལ་ཡོད་བྱུང་རིམ་ཕྲེང་བར་བསྒྲིགས་ནས་བརྩམས་ཡོད་ལ། ཚུལ་དེ་ཞིབ་ཏུ་དྲངས་ན་འདི་ལྟར་ལགས་ཏེ། བཀྲ་ཤིས་ནི་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་མདུན་སྒོར་སླེབས་སྐབས། ལྷ་མོ་གཡུ་མཚོའི་དཀོད་འདོམས་ལྟར་གཡས་ལག་གི་གོང་མཛུབ་དང་དཀྱིལ་མཛུབ་ཀེར་ནས་པར་ཞིག་བརྒྱབ། སྤྱིར་ཡིན་ན་དེང་སྐབས་མི་རྣམས་ཀྱིས་གོང་མཛུབ་དང་དཀྱིལ་མཛུབ་མཁའ་ལ་ཀེར་བ་ནི་རྣམ་པར་རྒྱལ་བའི་བརྡ་ལ་གོ་ངེས་མོད། འདྲ་པར་ཕ་ཡུལ་དུ་འབྱོར་རྗེས། བཀྲ་ཤིས་ཀྱི་ཕ་མ་གཉིས་ཀའི་བློ་འཁྲུལ་ནས་རྣམ་པར་རྒྱལ་བ་སྟོན་པའི་བརྡ་ནི་གྲངས་ཀ་མཚོན་བྱེད་ལ་གོ་སྟེ།   བུས་ཕ་མར་གྲོན་དངུལ་སློང་བཞིན་གདའ་སྙམ་སྟེ་སྒོར་མོ་ཉིས་བརྒྱ་བསྐུར་སོང་། དེའི་རྗེས་སུ། བཀྲ་ཤིས་གནམ་བདེ་སྒོ་མོ་ཆེར་སོང་ནས་མགོ་ཁྲིད་ཆེན་པོས་མང་ཚོགས་ལ་ཕྱག་བརྡ་གཏོང་ལུགས་ལ་ལད་མོ་བྱས་ཏེ་པར་ཞིག་བརྒྱབ། འདྲ་པར་དེ་ཕ་ཡུལ་ལ་འབྱོར་རྗེས། ཕ་མ་གཉིས་ཀས་མགོ་ཁྲིད་ཀྱི་ཕྱག་བརྡ་གཏོང་ལུགས་ནི་གྲོན་དངུལ་སློང་ལུགས་ལ་ནོར་ཏེ་ལག་པ་ཡ་གཅིག་གི་མཛུབ་མོའི་གྲངས་ཀ་ལྟར་སྒོར་མོ་ལྔ་བརྒྱ་བསྐུར། ཡང་དེའི་རྗེས་སུ།བཀྲ་ཤིས་ལྕགས་རི་རིང་པོར་སོང་སྟེ་ལག་ཟུང་གནམ་ལ་བསྲིངས་ནས་པར་ཞིག་བརྒྱབ། པར་དེ་ཕ་ཡུལ་དུ་འབྱོར་བ་ན། ཕ་མ་གཉིས་ཀར་སྔར་ལྟར་བློ་འཁྲུལ་བྱུང་སྟེ། བུས་ཕ་མ་གཉིས་ལ་ལག་པ་གཉིས་ཀའི་མཛུབ་མོའི་གྲངས་ཀ་དང་དོ་མཉམ་པའི་གྲོན་དངུལ་སློང་བཞིན་གདའ་སྙམ་པ་ན། བཀྲ་ཤིས་ཀྱི་ཕ་མགོན་པོ་ལ་ཁོང་ཁོ་ཆེན་པོ་ལྡང་བྱུང་། ཁོས་རང་ཉིད་ལ་སྒོར་མོ་མེད་ཅེས་པའི་བརྡ་དེ་བུ་ལ་གསལ་ཐག་ཆོད་པའི་སྒོ་ནས་སྟོན་ཆེད། རྫོང་གི་པར་ལེན་ཁང་ལ་སོང་ནས“ཡོལ་བའི་མདུན་རོལ་དུ་ལངས་ཏེ། ཉྭ་ཀུམ་ཀུམ་དང་ལུས་སྒོང་སྒོང་བྱས་པ་དང་།  གྲུ་མོ་རྒྱབ་ལ་འཐེན་ཞོར་དུ་ལག་ངར་མདུན་ལ་བསྲིངས། ལག་མཐིལ་གནམ་ལ་བསྐོར་ཏེ། གནད་དམ་པ་ཞིག་ལ་ཉམས་དམས་ཆེན་པོ་བྱུང་བའི་ཉམས་ཤིག་སྟོན་བཞིན”[4]པར་ཞིག་བརྒྱབ་སྟེ་བུ་ལ་སྐུར་གྲབས་བྱས་པ་རེད། ངོས་ཟིན་ཐད་ཀྱི་གོ་འཛོལ་གྱི་ནང་གསེས་གཉིས་པ་སྟེ་མིན་པ་ཡིན་པར་འཁྲུལ་བ་ནི་མཚུངས་ཆོས་ཅན་གྱི་བྱ་དངོས་གཉིས་སམ་དུ་མར་འཕྲད་སྐབས།བྱ་དངོས་ཀྱི་རྣམ་པ་དང་ཁྱད་ཆོས། མཚོན་དོན་བཅས་ལ་བརྟེན་ནས་མིན་པ་གང་ཞིག་ཡིན་པར་འཁྲུལ་བ་ལ་གོ་དགོས་ཏེ། ཁོ་བོའི་སྒྲུང་གཏམ་རྣམས་ལས《དྲེད་མོང》ནི་མིན་པ་ཡིན་པར་འཁྲུལ་བའི་ངོས་ཟིན་ཐད་ཀྱི་གོ་འཛོལ་སྲོག་ཤིང་བྱས་ཏེ་བརྩམས་ཡོད་པ་དང་། གོ་འཛོལ་གྱི་རིགས་དེ་ཉིད་སྤྱད་ལུགས་གླེང་ན་འདི་ལྟར་ལགས་ཏེ། “ན་ནིང་དབྱར་ཁ་ནས་བཟུང་།ཡུལ་གྲུ་འདིའི་དྲེད་མོང་རྣམས་ནི་རྒྱ་ཡན་ལ་སོང་འདུག གཅན་གཟན་གཏུམ་པོ་དེ་དག་རྒྱ་ཡན་དུ་སོང་བ་ན།མཚན་མོའི་དུས་སུ་འཛེམ་དོགས་ཅི་ཡང་མེད་པར་འབྲོག་པའི་ལྷས་རར་མཆོང་ཡོང་སྟེ།ར་ལུག་རེ་བཟུང་སྟེ་ལྷས་མཐར་དྲུད་ནས་ཤ་རྗེན་ཧམ་ཟ་བྱས་རྗེས། རི་སུལ་གང་ཞིག་ལ་ངལ་གསོ་བྱེད་པར་འགྲོ་ངེས་ཡིན”པས། མུན་ཡོངས་སུ་རུབ་པའི་རྗེས་སུ། ཚེ་རིང་གཡུ་མཚོ་གཅིག་པུ་སྦྲ་གུར་དུ་བསྡད་དེ། དྲེད་མོང་གིས་ལུག་ལྷས་ལ་ཚུར་རྒོལ་བྱེད་པར་སྐྲག་སྟེ་སེམས་པ་འཇིགས་ཡེར་ཡེར་བྱེད་བཞིན་རང་གི་ཁྱོ་ག་མྱུར་མོར་ཁྱིམ་ལ་ལོག་པར་རེ་ལྟོས་བྱས། སྐབས་ཤིག་ལ། “སྒོ་ཁྱིས་གློ་བུར་དུ་ཟུག་བྱུང་བ་དང་། ར་ལུག་གློ་བུར་དུ་འདྲོགས་བྱུང་བ”བ་ན། ཚེ་རིང་གཡུ་མཚོས་དྲེད་མོང་སླེབས་བྱུང་སྙམ་ནས་འཇིགས་སྣང་ཆེན་པོ་སྐྱེས།  དེའི་རྗེས་སུ།   སྒོ་ཁྱིས་སྲོག་བསྡོས་ནས་ལན་གྲངས་བཞི་ལ་ཟུག་པ་དང་། ལུག་ཁྱུའང་ལན་གྲངས་བཞི་ལ་འདྲོགས་པ་ན། ཁོ་མོས་སྔར་བཞིན་དྲེད་མོང་སླེབས་བྱུང་སྙམ་ཡིད་སེམས་གོ་འཛོལ་གྱི་ཀློང་ལ་ཚུད་བྱུང་། ཞོགས་པའི་དུས་སུ། ཚེ་རིང་གཡུ་མཚོ་ཤར་ཕྱོགས་ཀྱི་གྲོག་ཤུར་འགྲམ་ལ་སོང་སྟེ་ལྟ་སྐབས། ལུས་སྨད་ལས་ལུས་སྟོད་མེད་པའི་བེམ་པ་དང་། ར་ལྤགས་ལེབ་མོ་མང་པོ་བེམ་པོའི་མཐའ་འཁོར་ལ་ཐར་ཐོར་དུ་བཀྲམ་འདུག་པ་དེ་མཐོང་བ་ན། མདང་དགོང“རྐུན་མ་ཞིག་དྲེད་མོང་ལ་བརྫུས་ནས་ལུག་བརྐུས་ཏེ་ཕྱིར་ལོག་སྐབས། ལམ་རྐེད་ནས་རྐུན་མ་དྲེད་མོང་དང་འཕྲད་དེ། དྲེད་མོང་གིས་རྐུན་མ་བསད་པ་མིན་ནམ”སྙམ་སྟེ་ཡིད་སེམས་སྔར་ལྟར་གོ་འཛོལ་གྱི་རྒྱ་ལ་ཚུད་མོད། ཞིབ་ཏུ་ལྟ་སྐབས“བེམ་པོའི་མར་གཤམ་ནས་རྒྱབ་ཁུག་རྒྱུས་ཡོད་ཅིག་མཐོང”[5]བ་དང་། ཁུག་མ་དེ་ནི་རང་གི་ཁྱོ་ག་བཀྲ་ཤིས་ཀྱི་ཡིན་པ་རྟོགས་པ་ན།  སྔར་གྱི་ཡོད་ཚད་གོ་འཛོལ་ཞིག་ཡིན་པ་གཞི་ནས་ཤེས་སོང་བ་ལྟ་བུའོ།།  

ཉིས་བརྒྱ་སོ་དྲུག ངོས་འཛིན་མཁན་ཐད་ཀྱི་གོ་འཛོལ་ལ་ནང་གསེས་སུ་དབྱེ་ན་གང་དག་ཡོད། ལག་ལེན་དངོས་ཀྱི་སྐབབས་སུ་གང་ལྟར་སྤྱད་དགོས།

   ལན། ངོས་འཛིན་མཁན་ཐད་ཀྱི་གོ་འཛོལ་ལ་རིགས་གཉིས་ཡོད་དེ། གོ་འཛོལ་སྤྱོད་ལུགས་གཉིས་ལས་དང་པོ་ནི་སྒྲུང་གཏམ་གྱི་མི་སྣར་གོ་འཛོལ་ཐེབས་པར་བསྡོངས་ཏེ་ཀློག་མཁན་ལའང་གོ་འཛོལ་ཐེབས་ཡོང་བ་དེ་ཡིན་ལ། དཔེར་ན་ཁོ་བོའི་སྒྲུང་གཏམ《དྲེད་མོང》ལས་ཚེ་རིང་གཡུ་མཚོའི་ཁྱོ་ག་བཀྲ་ཤིས་དྲེད་མོང་ལ་བརྫུས་ནས་རང་ཁྱིམ་གྱི་ལུག་བརྐུས་པ་དེ་གབ་པའི་ཚུལ་དུ་བརྗོད་ཡོད་མོད། འོན་ཏེ་མཚན་མོའི་དུས་སུ་བཀྲ་ཤིས་རྐུ་ལ་བསླེབས་ཏེ་ཁྱིས་ཟུག་པ་དང་ར་ལུག་འདྲོགས་པ་ན། ཚེ་རིང་གཡུ་མཚོ་དང་ཀློག་པ་པོ་གཉིས་ཀར་གོ་འཛོལ་བྱུང་སྟེ་དྲེད་མོང་སླེབས་བྱུང་སྙམ་པ་དང་། ཕྱི་ཉིན་ཤར་ཕྱོགས་ཀྱི་གྲོག་ཤུར་འགྲམ་དུ་ལུས་སྨད་ལས་ལུས་སྟོད་མེད་པའི་བེམ་པོ་དེ་མཐོང་བ་ན། ཚེ་རིང་གཡུ་མཚོ་དང་ཀློག་པ་པོ་གཉིས་ཀར་གོ་འཛོལ་ཐེབས་ཏེ། ལུས་སྨད་དེ་ནི་བཀྲ་ཤིས་ཀྱི་བེམ་པོ་མ་ཡིན་པར“རྐུན་མ་ཞིག་དྲེད་མོང་ལ་བརྫུས་ནས་ལུག་བརྐུས་ཏེ་ཕྱིར་ལོག་སྐབས། ལམ་རྐེད་ནས་རྐུན་མ་དྲེད་མོང་དང་འཕྲད་དེ། དྲེད་མོང་གིས་རྐུན་མ་བསད་པ་མིན་ནམ”སྙམ་པ་ལྟ་བུ་ཡིན་ཏེ། སྒྲུང་གཏམ་གསར་རྩོམ་བྱེད་སྐབས། བྱུང་རིམ་ཁྲོད་ལ་གོ་འཛོལ་གྱི་རིགས་འདི་ཉིད་དྲངས་ན། ཀློག་མཁན་གྱི་ཡིད་སེམས་སྒྱུ་རྩལ་གྱིས་སྡུག་ལ་སྦྱར་བ་དང་བསྟུན་ནས་བརྩམས་ཆོས་ལ་ལྟ་ཀློག་གི་འདུན་པ་ཆེ་ཆེར་བསྐྱེད་ཐུབ་པ་ཡིན། གཉིས་པ་ནི་སྒྲུང་གཏམ་གྱི་མི་སྣར་གོ་འཛོལ་ཐེབས་ཀྱང་ཀློག་མཁན་ལ་གོ་འཛོལ་མི་ཐེབས་པ་དེ་ཡིན་ལ། བྱུང་རིམ་བཀོད་སྒྲིག་བྱེད་སྐབས་གོ་འཛོལ་གྱི་རིགས་སྤྱད་ན། མི་སྣའི་ལས་དབང་དང་མི་སྣའི་བློ་རྒྱ། མི་སྣའི་གཤིས་ཀ་ལེགས་པར་མཚོན་པར་ཕན་པ་མ་ཟད།ཀློག་མཁན་ལ་ཟུར་དང་ཕྱོགས་མི་འདྲ་བའི་བློ་བསྐྱེད་གང་མང་འབྱུང་སྲིད།       

ཉིས་བརྒྱ་སོ་བདུན། གོ་འཛོལ་གྱི་ཐབས་ལམ་ལ་སྤྱོད་ལུགས་ག་འདྲ་ཡོད།

   ལན། སྒྲུང་གཏམ་གསར་རྩོམ་གྱི་ཉམས་མྱོང་དངོས་ལ་གཞིགས་ན། ངོས་ཟིན་ཐད་ཀྱི་གོ་འཛོལ་ལས་ཡིན་པ་མིན་པར་འཁྲུལ་བ་དང་མིན་པ་ཡིན་པར་འཁྲུལ་བ་གང་ཞིག་ཡིན་རུང་། དེ་ནི་སྒྲུང་གཏམ་གྱི་གསར་རྩོམ་གྱི་དགོས་མཁོར་དམིགས་དགོས་ཤིང་། མདོར་དེད་ན་དགོས་མཁོ་དེ་ལ་ཕྱོགས་གཉིས་ཡོད་དེ། དང་པོ་ནི་བརྩམས་ཆོས་ཀྱི་བརྗོད་བྱ་དང་བརྗོད་སྙིང་ལེགས་པར་སྟོན་པའི་དགོས་མཁོ་ལ་དམིགས་པ་དང་། གོ་འཛོལ་ལ་དམིགས་ནས་གཏམ་དང་བྱུང་རིམ་སྦྱོར་བ་ལས་མ་འདས།

ཉིས་བརྒྱ་སོ་བརྒྱད། གོ་འཛོལ་གྱི་ཐབས་ལམ་ནི་དགོས་མཁོ་དང་བསྟུན་ཏེ་གང་ལྟར་སྤྱད་དགོས།

   ལན། གོ་འཛོལ་ལ་བརྟེན་ནས་སྒྲུང་གཏམ་གྱི་བྱུང་རིམ་བཀོད་སྒྲིག་བྱེད་ན། གོ་འཛོལ་ཆེན་པོ་དེ་སྒྲུང་གཏམ་གྱི་མགོ་མཇུག་བར་གསུམ་ལ་ཁྱབ་ན་ཆོག་པ་མ་ཟད། གསར་རྩོམ་གྱི་དམིགས་ཡུལ་ལྟར་ག་དུས་མཁོ་ན་དེ་དུས་སྤྱོད་པ་དང་། ག་ཙམ་མཁོ་ན་དེ་ཙམ་སྤྱོད་པ་དང་།གང་ལ་མཁོ་ན་དེ་ལ་སྤྱད་ཀྱང་ཆོག་པ་ཡིན། དཔེར་ན《ཟླ་བ་དང་མེ་ལོང》ལས་ཟླ་བ་སྒྲོལ་མས་རང་ལ་སྔར་ནས་འདྲིས་པའི་ཟླ་བ་ཚེ་རིང་ཡུན་རིང་ལ་བཙལ་རྗེས། སྦྲ་གུར་ཚོང་ཁང་ཞིག་ཏུ“གནག་ཅིང་སྣུམ་པའི་སྐྲ་ལོ་རིང་མོ་དེ་རྒྱ་ལྕང་གཞོན་ནུའི་ལོ་མ་ཇི་བཞིན་གཟི་མདངས་ཀྲིག་གེར་ཕྲག་པ་དང་སོག་རྒྱབ་ལ་འཕྱང་འདུག་ཅིང་། མགོ་བོ་དལ་གྱིས་འགུལ་བ་དང་བསྟུན་ནས་རྣ་བ་གཡས་པའི་དངུལ་དཀར་གྱི་རྣ་ཏོག་དེ་སྐབས་རེར་མངོན་ཞིང་མཚམས་རེར་མི་མངོན”པ། “ལུས་སྟོད་ལ་སྔར་བཞིན་ཨམ་ཕྲག་མང་པོ་ཅན་གྱི་སྟོད་གོས་སྔོ་སྐྱ་དེ་གྱོན་འདུག་པ་དང་། ལུས་སྨད་ལ་སྒྲོག་བུ་མང་པོ་ཅན་གྱི་དོར་མ་དཀར་པོ་དེ་གོན་འདུག”པའི་སྐྱེས་པ་ཞིག་མཐོང་བ་ན། ཟླ་བ་ཚེ་རིང་མ་ཡིན་པའི་སྐྱེས་པ་གཞན་ཞིག་ཟླ་བ་ཚེ་རིང་ལ་འཁྲུལ་ཏེ་གོ་འཛོལ་བྱུང་མོད། རབ་ཏུ་དགའ་བའི་དབང་གིས“སེམས་ལ་སྦྲང་རྩི་འཇིབ་པ་དང་གཉིས་སུ་མེད་པའི་ཚོར་སྣང་མངར་ལྡན་པ་ཞིག་སྐད་ཅིག་ཉིད་ལ་རྒྱས་བྱུང་བ་དང་། ཚོར་བ་དེ་ཇེ་དྲག་ནས་ཇེ་དྲག་ཏུ་སོང་བ་དང་བསྟུན་ནས། དྲོད་རླངས་མངར་མོ་ཞིག་གིས་མོ་དལ་གྱིས་མཁའ་ལ་དྲངས་པ་དང་། ལུས་པོ་ནི་བསེར་བུས་གཡོས་པའི་བྱ་སྒྲོ་ལྟར་ལྕུག་ལྕུག་ཏུ་འདར་བཞིན།ལྕིག་ལྕིག་ཏུ་འདར་བཞིན་གྱེན་ནས་གྱེན་ལ་སྤུར་བའི་ཚོར་བ་གཞན་དང་མི་མཚུངས་པ་ཞིག་སྐྱེས་བྱུང”བ་མ་ཟད། “མོ་མཆོང་རྒྱུག་ལན་གཅིག་གིས་ཁོའི་གམ་ལ་གཅར་གྲབས་བྱས་པ་ན། ལུས་པོ་ནི་རླུང་འཚུབ་ལོ་འཁོར་ལོ་སྟོབས་དང་ལྡན་པ་ཞིག་གི་འཆིང་རྒྱར་ཚུད་པ་ལྟར་མདུན་ལ་གོམ་པ་གང་ཡང་སྤོ་མི་ཐུབ་ལ།ངག་ནས་ཟླ་བ་ཚེ་རིང་ཞེས་ཀི་འབོད་ལན་ཞིག་བྱེད་བསམས་ཀྱང་། མགྲིན་པའི་ནང་དུ་ཤིང་བལ་འབོལ་བོ་ཞིག་བརྫངས་པ་ལྟར་སྒྲ་སྐད་འབྱིན་པའི་རྩོལ་ནུས་ཉམས”[6]སོང་བ་ཡིན་ལ། 《ཟླ་བ་དང་མེ་ལོང》ཞེས་པའི་སྒྲུང་གཏམ་སྤྱི་ལ་ཆ་མཚོན་ན་གོ་འཛོལ་ལ་གཏོགས་པའི་བྱུང་རིམ་ནི་ཧ་ཅང་ཉུང་བ་དང་། ཟླ་བ་སྒྲོལ་མར་གོ་འཛོལ་བྱུང་བའི་སྐོར་འདི་ནི་སྒྲུང་གཏམ་གྱི་བྱུང་རིམ་བྱེ་བྲག་པ་ཞིག་ཡིན་མོད། དེ་ལྟར་བྲིས་ན་ཟླ་བ་སྒྲོལ་མས་ཟླ་བ་ཚེ་རིང་རྙེད་འདོད་ཆེ་བའི་བྲེལ་འཚུབ་དང་། ཁོ་མོས་སྐྲ་ལོ་རིང་པོ་ཅན་གྱི་ཟླ་བ་ཚེ་རིང་དྲན་ལུགས་དང་དུང་ལུགས་དེ་དཔེ་མཚོན་རང་བཞིན་ལྡན་པ་དང་གཟུགས་རིས་གསལ་བའི་སྒོ་ནས་སྟོན་ཐུབ་པར་གྱུར་པ་མ་ཟད། ཟླ་བ་ཚེ་རིང་གི་སྣང་བརྙན་དེ་གསོན་ཉམས་ལྡན་པའི་ངང་ནས་གསར་སློང་བྱས་འདུག་པ་ན། གོ་འཛོལ་སྤྱོད་པའི་དམིགས་འབེན་ནི་མངོན་འགྱུར་བྱུང་བ་ཡིན།

ཉིས་བརྒྱ་སོ་དགུ། གོ་འཛོལ་ལ་གསལ་འདེབས་ཀྱི་གཏམ་མམ་བྱུང་རིམ་ནི་གང་ལྟར་སྦྱར་དགོས།

   ལན། སྒྲུང་གཏམ་གྱི་བྱུང་རིམ་བཀོད་སྒྲིག་བྱེད་སྐབས།གལ་སྲིད་དོན་དག་སྲིད་དཀའ་བ་འབའ་ཞིག་གོ་འཛོལ་གྱི་ཐབས་ལ་བརྟེན་ནས་བརྗོད་དགོས་ན། གོ་འཛོལ་ཆེན་པོ་གང་ཞིག་གི་མཐིལ་དེ་ཡོངས་སུ་བརྟོལ་བའི་རྗེས་སུ། ཀློག་མཁན་རྣམས་ལ“མ་གཞིར་དེ་འདྲ་ཞིག་ཡིན་ནམ”སྙམ་པའི་ཚོར་བ་བསྟེར་བ་དང་། ཚོར་བ་དེ་འདྲ་འབྱུང་བར་རྨང་གཞི་རིམ་པ་བཞིན་དུ་སྐྲུན་ཆེད། གཏམ་དང་བྱུང་རིམ་སྐོར་ཞིག་སྒྲུང་གཏམ་གྱི་མགོ་མཇུག་བར་གསུམ་ལ་སིལ་བུར་གཏོར་ཏེ་གསལ་འདེབས་ཀྱི་ཚུལ་དུ་བརྗོད་དགོས་འདུག  དཔེར་ན་ཁོ་བོའི་སྒྲུང་གཏམ《དྲེད་མོང》གི་བརྗོད་བྱ་མཐར་གཏུགས་པ་དེ་གཞོན་ནུ་མ་ཚེ་རིང་གཡུ་མཚོའི་རང་ཁྱིམ་གྱི་ར་ལུག་བརྐུས་པ་དེ་ཡིན་མོད། རང་ཁྱིམ་གྱི་སྒོ་ཕྱུག་རང་གིས་རྐུ་བ་ནི་ཅུང་སྲིད་དཀའ་བ་ཞིག་ཡིན་པས། དྲེད་མོང་དང་རྐུན་མ་གཉིས་ཀའི་མཚུངས་ཆོས་གཞི་བཟུང་ནས་གོ་འཛོལ་གྱི་དབང་ལ་སོང་བའི་བྱུང་རིམ་མདུན་ལ་དེད་དེ། སྒྲུང་གཏམ་གྱི་རྩོམ་མཇུག་ཏུ་མཚན་མོ་ར་ལུག་སྲོག་མཁན་ནི་དྲེད་མོང་མ་ཡིན་པར་རྐུན་མ་ཡིན་པ་དང་། རྐུན་མ་དེ་ནི་གཞན་ཞིག་མ་མ་ཡིན་པར་ཚེ་རིང་གཡུ་མཚོའི་ཁྱོ་ག་བཀྲ་ཤིས་ཡིན་པར་བརྗོད་པ་ན། ཀློག་མཁན་གྱིས་དེ་འདྲ་སྲིད་དམ་སྙམ་ནས་ཡིད་ཆེས་འབྱུང་དཀའ། སྣང་ཚུལ་འདི་ལ་དམིགས་ཏེ། སྒྲུང་གཏམ་གྱི་བྱུང་རིམ་བཀོད་སྒྲིག་བྱེད་སྐབས། ཐོག་མར“ད་ལོར་དྲེད་མོང་གིས་ལུག་གསོད་ལུགས་ལའང་འགྱུར་ལྡོག་ཅུང་ཟད་བྱུང་འདུག་སྟེ། མཚན་མོ་གཅན་གཟན་གཏུམ་པོ་དེ་ལུག་ལྷས་སུ་མཆོང་ན།སྐབས་རེར་ཕྱི་ཉིན་མགོ་སུག་དང་པགས་པ་ལེབ་མོ་འགའ་ཞིག་རྙེད་མོད། མཚམས་རེར་ར་ལུག་ལས་ངན་དེ་དག་གི་མགོ་སུག་ནི་ཕར་ཞོག  ཐ་ན་བལ་སྤུ་འཇིལ་ལི་ཙམ་ཡང་མཐོང་མི་ཐུབ”པས། མི“ཁ་ཤས་ཀྱིས་རྐུན་མ་དྲེད་མོང་ལ་བརྫུས་ཏེ་ལུག་རྐུས་པ་རེད་ཟེར”ཞེས་བརྗོད་དེ། མཚན་མོར་ར་ལུག་སྲོག་མཁན་གྱི་གྲས་ན་རྐུན་མ་ཡོད་པར་གསལ་འདེབས་བྱས་པ་དང་། དེའི་རྗེས་སུ། ཚེ་རིང་གཡུ་མཚོ་དང་བཀྲ་ཤིས་གཉིས་ཀས་སྔར་དུས་ཕན་ཚུན་མི་ཤེས་མོད།“མཁའ་ལྡིང་ཡིད་བཞིན་ནོར་བུས་མདོ་ཁམས་གཡེར་མོ་ཐང་ནས་དུས་འཁོར་དབང་ཆེན་གསུང”སྐབས་སྟེས་དབང་གིས་འཕྲད་དེ་ཁྱོ་ཤུག་ཏུ་གྱུར་པ་དང་། “བཀྲ་ཤིས་ནི་རང་གི་ཁྱིམ་ནས་ཡུན་རིང་མི་འདུག་པ་མ་ཟད། ནོར་ལུག་འཚོ་སྐྱོང་ལ་གཏན་ནས་མི་དགའ་མོད། ནམ་རྒྱུན་ཚོང་ལ་འགྲོ་དགོས་ཟེར་ནས་ཕྱི་ལ་སོང་སྟེ་ཁྱིམ་ལ་ལོག་སྐབས། ཁྱིམ་ལ་མཐོང་མ་མྱོང་བའི་མཁོ་དངོས་སྣ་ཚོགས་ཉོས་འདུག་པ”[7]བརྗོད་དེ་བཀྲ་ཤིས་ནི་མི་ལྡོམ་ཞིག་ཡིན་པ་དང་ཕྱི་ན་ལས་ཀ་ཅི་ཞིག་གཉེར་བཞིན་ཡོད་པ་གཞན་གྱིས་མི་ཤེས་ཞེས་གསལ་འདེབས་བྱས་ཏེ། བཀྲ་ཤིས་རང་ཁྱིམ་གྱི་ལྷས་རར་ཕྱིན་པ་ནི་ལུགས་དང་མཐུན་པ་ཞིག་ཏུ་བསྒྱུར་པ་ཡིན་ནོ།།  

ཉིས་བརྒྱ་བཞི་བཅུ། གོ་འཛོལ་ལ་བརྟེན་ནས་སྒྲུང་གཏམ་གྱི་བྱུང་རིམ་ལ་སྟོབས་སྩོལ་ན་རྩམ་མཁན་གྱིས་ཡིད་འཇོག་བྱ་དགོས་པ་ག་འདྲ་ཡོད།

   ལན། གོ་འཛོལ་ལ་བརྟེན་ནས་སྒྲུང་གཏམ་གྱི་བྱུང་རིམ་ལ་སྟོབས་སྩོལ་ན་རྩམ་མཁན་གྱིས་ཡིད་འཇོག་བྱ་དགོས་པ་འདི་འདྲ་ཡོད་པར་སྙམ་སྟེ། གཅིག གོ་འཛོལ་ལ་དམིགས་ནས་སྒྲུང་གཏམ་གྱི་བྱུང་རིམ་བཀོད་སྒྲིག་བྱེད་ན། སྐབས་སུ་བབས་པའི་བྱ་དངོས་གཉིས་སམ་དུ་མ་ལ་འཁྲུལ་སྲིད་པའི་མཚུངས་ཆོས་ཤིག་ཅིས་ཀྱང་ཡོད་དགོས་ཏེ། གལ་སྲིད་བྱ་དངོས་ལ་འཁྲུལ་སྲིད་པའི་མཚུངས་ཆོས་མངོན་པར་གསལ་བ་དེ་འདྲ་མེད་ན། ཀློག་མཁན་ལ་བློ་གོལ་འབྱུང་མི་སྲིད་པ་དང་། བྱུང་རིམ་བཀོད་སྒྲིག་ལ་སྦྱོར་ཉེས་འབྱུང་བའི་ཉེན་ཁ་ཡོད། གཉིས། གོ་འཛོལ་ནི་བརྩམས་ཆོས་ཀྱི་བརྗོད་བྱ་དང་བརྗོད་སྙིང་ལེགས་པར་སྟོན་པ་དང་།མི་སྣའི་གཤིས་ལུགས་མངོན་པར་གསལ་བའི་སྒོ་ནས་སྟོན་པར་དམིགས་ནས་སྤྱད་པ་ཡིན་ལ། གལ་སྲིད་གནད་འདི་དག་ལ་མི་ཕན་ན་གོ་འཛོལ་ཐབས་ལ་ཇི་ལྟར་འབད་ཀྱང་དགེ་མཚན་ཅི་ཡང་མེད། གསུམ། བྱ་དངོས་གཉིས་སམ་དུ་མ་ལ་མཚུངས་ཆོས་ལྡན་རུང་། གལ་སྲིད་སྐབས་སུ་དོན་དག་ནི་འབྱུང་བར་དཀའ་བ་ཞིག་ཡིན་ན། གོ་འཛོལ་གྱི་མཐིལ་དོན་བརྟོལ་བའི་ཡར་སྔོན་ལ་གསལ་འདབས་ཀྱི་གཏམ་མམ་བྱུང་རིམ་སིལ་བུར་གཏོར་ནས་འདྲེན་དགོས་ལ། གལ་སྲིད་གསལ་འདེབས་མེད་པར་གོ་འཛོལ་གྱི་མཐིལ་དེ་གློ་བུར་དུ་བརྟོལ་ན་ཀློག་མཁན་ལ་ཡིད་ཆེས་འབྱུང་དཀའ།


[1]བཀྲ་བྷ།《འཚུབ་མ་ཁེར་རྐྱང》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།  2009ལོ།ཤོག་ངོས25ན་གསལ།

[2]བཀྲ་བྷ།《སྒྲོལ་མ་ཉེར་གཅིག》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།  2015ལོ།ཤོག་ངོས18ན་གསལ།

[3]བཀྲ་བྷ།  《ར་བྷ་འདྲེ་མིག་དང་རིན་ཆེན་རྐྱལ་ཁ》1998ལོའི《སྦྲང་ཆར》དེབ་བཞི་པ།   ཤོག་ངོས4ན་གསལ།

[4]བཀྲ་བྷ།《བཀྲ་བྷ་ཡི་སྒྲུང་ཐུང་ཕྱོགས་བསྒྲིགས》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།  2016ལོ།ཤོག་ངོས233-238ན་གསལ།

[5]བཀྲ་བྷ།《བཀྲ་བྷ་ཡི་སྒྲུང་ཐུང་ཕྱོགས་བསྒྲིགས》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།  2016ལོ།ཤོག་ངོས205ན་གསལ།

[6]བཀྲ་བྷ།《བཀྲ་བྷ་ཡི་སྒྲུང་ཐུང་ཕྱོགས་བསྒྲིགས》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།  2016ལོ།ཤོག་ངོས89-90ན་གསལ།

[7]བཀྲ་བྷ།《བཀྲ་བྷ་ཡི་སྒྲུང་ཐུང་ཕྱོགས་བསྒྲིགས》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།  2016ལོ།ཤོག་ངོས234-235ན་གསལ།

  • ལེ་ཚན་སྔོན་མ།:སྒྲུང་གཏམ་གསར་རྩོམ་ཐད་ཀྱི་དྲི་བ་དྲིས་ལན་སྐལ་ལྡན་ཡིད་ཀྱི་མུན་སེལ།༼༧༽
  • ལེ་ཚན་རྗེས་མ།:སྒྲུང་གཏམ་གསར་རྩོམ་ཐད་ཀྱི་དྲི་བ་དྲིས་ལན་སྐལ་ལྡན་ཡིད་ཀྱི་མུན་སེལ།༼༩༽
  • དོ་སྣང་ཆེ་བའི་རྩོམ།