བཀྲ་བྷ། 2020-04-01
ཆིག་བརྒྱ་གྱ་གཅིག སྒྲུང་གཏམ་གྱི་མི་སྣའི་སྣང་བརྙན་ལ་རིན་ཐང་ཅི་ཞིག་ཡོད།
ལན། སྒྲུང་གཏམ་ཁྲོད་ཀྱི་མི་སྣའི་སྣང་བརྙན་གྱི་རིན་ཐང་དང་བྱེད་ལས། རྩོམ་པ་པོས་མི་སྣའི་སྣང་བརྙན་གསར་སློང་བྱེད་པའི་དམིགས་ཡུལ་སོགས་ཀྱིས་སྣང་བརྙན་གྱི་དགེ་མཚན་མཚོན་དགོས་ལ། ཆེ་ཕྱོགས་ནས་དབྱེ་ན་ངོས་ཟིན་ཐད་ཀྱི་རིན་ཐང་དང་མཛེས་དཔྱོད་ཐད་ཀྱི་རིན་ཐང་གཉིས་ལས་རིང་དུ་བརྒལ་མེད་པ་འདྲ།
ཆིག་བརྒྱ་གྱ་གཉིས། སྒྲུང་གཏམ་ལས་མི་སྣའི་སྣང་བརྙན་གཏན་ལ་འབེབས་སྐབས་ཕྱོགས་གང་དག་ལ་བསམ་བློ་གཏང་དགོས།
ལན། གཅིག སྒྲུང་གཏམ་ལས་མི་སྣའི་སྣང་བརྙན་གཏན་ལ་འབེབས་སྐབས། མི་སྣ་ལ་དཔེ་མཚོན་རང་བཞིན་ལྡན་མིན་ལ་བསམ་བློ་གཏང་དགོས། གཉིས། མི་སྣའི་སྣང་བརྙན་གྱིས་ཀློག་མཁན་གྱི་ཡིད་དབང་འཕྲོག་མིན་དང་ཀློག་མཁན་ལ་བློ་བསྐྱེད་འབྱུང་མིན་ལ་བསམ་བློ་གཏང་དགོས། གསུམ། མི་སྣའི་སྣང་བརྙན་ལ་བརྟེན་ནས་མི་གཤིས་ལ་ཆ་གང་ཞིག་རྗེན་པར་སྟོན་ཐུབ་མིན་ལ་བསམ་བློ་གཏང་དགོས།
ཆིག་བརྒྱ་གྱ་གསུམ། སྒྲུང་གཏམ་གྱི་མི་སྣའི་སྣང་བརྙན་ལ་གསར་སློང་བྱེད་ལུགས་ག་འདྲ་ཡོད།
ལན། རང་ཉིད་ཀྱི་གསར་རྩོམ་ལ་ཞུགས་ཏེ་བྱུང་བའི་ཉམས་མྱོང་ལྟར་ན། སྒྲུང་གཏམ་ལས་མི་སྣའི་སྣང་བརྙན་གསར་སློང་བྱེད་ལུགས་ནི་བཞི་ཡོད་དེ། དེ་དག་ནི་འགལ་བའི་ཁྲོད་ནས་མི་སྣའི་སྣང་བརྙན་གསར་སློང་བྱེད་པ་དང་། དཔེ་མཚོན་རང་བཞིན་ལྡན་པའི་སྒོ་ནས་འབྲི་བ་དང་། རམ་འདེགས་དང་གཤིབ་བསྡུར་གྱི་ཐབས་ཀྱིས་མི་སྣ་འབྲི་བ་དང་། མི་སྣའི་ཐུན་མོང་མ་ཡིན་པའི་གཤིས་ཀ་དམིགས་སུ་འཛིན་པ་རྣམས་ཡིན་ལ། གོང་གི་ཐབས་ལམ་དེ་དག་ལུགས་དང་མཐུན་པའི་སྤྱད་ནས་མི་སྣའི་སྣང་བརྙན་གསར་སློང་བྱེད་ན། རྩོམ་པ་པོ་མི་སྣའི་སྣང་བརྙན་གསར་སློང་བྱེད་ལུགས་ལ་བྱང་དགོས་འདུག
ཆིག་བརྒྱ་གྱ་བཞི། འགལ་བའི་ཁྲོད་ནས་མི་སྣའི་སྣང་བརྙན་གསར་སློང་བྱེད་དོན་ཅི།
ལན། ཧྥ་རན་སིའི་སྒྱུ་རྩལ་གཞུང་ལུགས་སྨྲ་བ་ཏན་ནཱ་ལགས་ཀྱིས་འགལ་བའི་ཁྲོད་ནས་མི་སྣའི་སྣང་བརྙན་གསར་སློང་བྱེད་ལུགས་གླེང་སྐབས། སྒྱུ་རྩལ་བརྩམས་ཆོས་ཤིག་ཡིན་ན། དམིགས་ཡུལ་ཡོད་པའི་སྒོ་ནས་གྱོང་གུད་དང་ཆག་སྒོ་འབའ་ཞིག་བཀོད་སྒྲིག་བྱས་ཏེ་མི་སྣའི་གཤིས་ཀ་ལྷང་ལ་ཕུད་པ་དང་། མི་སྣའི་སེམས་ཁམས་དཀྲུགས་ཏེ་སེམས་ཀྱི་གཏིང་རིམ་ལ་གབ་འདུག་པའི་མི་གཤིས་ལྷང་ལ་འབུད་དགོས་ཞེས་གསུངས་འདུག་ལ། རང་གི་གསར་རྩོམ་གྱི་ཉམས་མྱོང་གཞིར་བཟུང་སྟེ་ཞིབ་ཏུ་དཔྱད་ན། སྐུ་ཞབས་ཏན་ནཱ་ལགས་ཀྱི་གཏམ་ལ་གནས་ལུགས་ཆེན་པོ་འདུག་སྟེ། ཅི་ཡིན་ཞེ་ན། ནམ་རྒྱུན་གྱི་འཚོ་བའི་ཁྲོད་དུ། མི་རྣམས་འགལ་བར་མ་འཕྲད་དེ་དུས་བདེ་ཞོད་འཇགས་ཀྱི་ངང་ན་གནས་སྐབས། མི་མང་པོས“ལྷ”ཡི་གཤིས་ལུགས་བཟུང་སྟེ་གནས་མོད། འོན་ཏེ་འགལ་བར་འཕྲད་པ་དང་ལྷག་པར་འགལ་བ་ཆེན་པོར་འཕྲད་པའི་སྐབས་སུ། “བདུད”ཀྱི་གཤིས་ལུགས་དེ་འགལ་བ་དང་འགྲོགས་ནས་ལྷང་ལ་འབུད་སྲིད་པས། སྒྲུང་གཏམ་ལས་གཤིས་ཀ་མངོན་པར་གསལ་བའི་མི་སྣའི་སྣང་བརྙན་གསར་སློང་བྱེད་ན། སྐབས་སུ་བབས་པའི་མི་སྣ་དེ་འགལ་བའི་ཁྲོད་དུ་དྲངས་ཏེ། འགལ་བར་བརྟེན་ནས་མི་སྣའི་གཤིས་ཀ་མཚོན་ཅི་ཐུབ་བྱེད་པ་ནི་ཐབས་མཆོག་ཏུ་གྱུར་པ་ཞིག་ཡིན་པ་འདྲ།
ཆིག་བརྒྱ་གྱ་ལྔ། འགལ་བའི་ཁྲོད་ནས་མི་སྣའི་སྣང་བརྙན་གསར་སློང་བྱེད་ན་ཐབས་ལམ་གང་དག་ཡོད།
ལན། ལག་ལེན་དངོས་ལ་གཞིགས་ན། འགལ་བའི་ཁྲོད་ནས་མི་སྣའི་སྣང་བརྙན་གསར་སློང་བྱེད་ལུགས་ལ་ཐབས་ལམ་གསུམ་ཡོད་དེ། མི་སྣ་དང་མི་སྣའི་བར་གྱི་འགལ་བ་སྟོན་པ་དང་། མི་སྣ་རང་སྟེང་གི་འགལ་བ་སྟོན་པ་དང་། མི་སྣ་དང་འཁོར་ཡུག་བར་གྱི་འགལ་བ་སྟོན་པ་རྣམས་སོ།།
ཆིག་བརྒྱ་གྱ་དྲུག སྒྲུང་གཏམ་ཁྲོད་ལ་མི་སྣ་དང་མི་སྣའི་བར་གྱི་འགལ་བ་འདྲེན་དོན་ཅི།
ལན། མི་དང་མི་བར་གྱི་འགལ་བ་ནི་སྒྲུང་གཏམ་ཁྲོད་ཀྱི་འགལ་བ་གཙོ་ཆེ་བ་དེ་ཡིན་ལ། སྒྲུང་གཏམ་མང་པོ་ཞིག་གི་ཁྲོད་དུ། དཔའ་བོས་སྡར་མ་མཚོན་ལ་འདྲེན་པ་དང་། མཁས་པས་བླུན་པོ་གཏམ་གྱིས་འདུལ་བ། གཡོ་སྒྱུ་ཅན་གྱིས་ཉམ་ཆུང་སྡུག་ལ་སྦྱོར་བ། གཅིག་ལ་ཐོབ་ན་གཅིག་གིས་ཤོར་བ་སོགས་མི་དང་མི་བར་གྱི་འགལ་བ་སྣ་ཚོགས་ཕྲེང་བར་བསྒྲིགས་ནས་བཀོད་ཡོད། འོ་ན་སྒྲུང་གཏམ་ཕལ་མོ་ཆེ་ལས་མི་སྣ་དང་མི་སྣའི་བར་གྱི་འགལ་བ་ལ་བརྟེན་ནས་བྱུང་རིམ་མདུན་ལ་འདེད་པ་དང་། འགལ་བ་ཆེ་ཆུང་སྣ་ཚོགས་ལ་བརྟེན་ནས་མི་སྣའི་སྣང་བརྙན་ཡང་གསར་སློང་བྱེད་དོན་ཅི་ཡིན་ཞེ་ན། ནམ་རྒྱུན་གྱི་འཚོ་བའི་ཁྲོད་དུ་མི་རྣམས་ཀྱི་མི་གཤིས་ལ་གྲུབ་པའི་སྐྱོན་རྣམས་གབ་ཡོད་མོད། གལ་སྲིད་འགལ་བ་ལ་འཕྲད་ན་མི་གཤིས་ཀྱི་སྐྱོན་ཡོན་དེ་འགལ་བའི་རྣམ་པ་དང་གནས་ཚུལ་གཉིས་ཀར་བསྟུན་ནས་ལྷང་ལ་འབུད་སྲིད་པ་དང་། སྐྱོན་ཡོན་གང་ཞིག་འགལ་བ་ལ་བརྟེན་ནས་ལྷང་ལ་བུད་པ་དང་བསྟུན་ནས་མི་སྣའི་གཤིས་ཀ་དང་སྣང་བརྙན་ཡང་གཟུགས་རིས་གསལ་བའི་སྒོ་ནས་ཀློག་མཁན་གྱི་མཐོང་སྣང་ལ་མངོན་ཡོང་བས། རྩོམ་པ་པོ་རྣམས་ཀྱིས་འགལ་བ་བརྗོད་པ་ནི་མི་གཤིས་ལེགས་པར་སྟོན་པའི་ཐབས་ལམ་གལ་ཆེན་ཞིག་ཏུ་མཐོང་སྟེ། རང་གི་བརྩམས་ཆོས་ཁྲོད་ལ་མི་སྣ་དང་མི་སྣའི་བར་གྱི་འགལ་བ་སྣ་ཚོགས་དགོས་མཁོ་ལྟར་དྲངས་པ་རེད། ཁོ་བོའི་སྒྲུང་གཏམ་རྣམས་ལས《སྲིན་པོ་གཡུ་རྔོག་དང་ཉི་མ་ལྷ་ས》དང་། 《བྱང་ཆུབ་སེམས་དཔའ་རི་བོང་བློ་ལྡན་གྱི་རྟོགས་བརྗོད》དང་། 《རི་བོང་རིག་རིག》དང་། 《བུ་མོ་ལེབ་ལེབ་མའི་བརྩེ་དུང་ལེབ་ལེབ》དང་། 《ཆུ》ལ་སོགས་པ་དང་། མུ་འབྲེལ་སྒྲུང་གཏམ་ཡིག་བརྒྱ་མ་སྟེ《སྒྲོལ་མ་ཉེར་གཅིག》ཁྲོད་ཀྱི《སེམས་ཁོང་གི་ཟུག་གཟེར》དང་། 《ས་སྲོས་ཀྱི་འབྲུག་སྒྲ》སོགས་སུ་མི་སྣ་དང་མི་སྣའི་བར་གྱི་འགལ་བ་ལ་བརྟེན་ནས་བྱུང་རིམ་མདུན་ལ་དེད་པ་དང་མི་སྣའི་སྣང་བརྙན་གསར་སློང་བྱས་ཡོད།
ཆིག་བརྒྱ་གྱ་བདུན། སྒྲུང་གཏམ་ཁྲོད་ལ་མི་སྣ་རང་སྟེང་གི་འགལ་བ་འདྲེན་དོན་ཅི།
ལན། མི་ཤིན་ཏུ་མང་པོ་ཞིག་ལ་ཆ་མཚོན་ན། ནམ་རྒྱུན་བདེ་བ་དང་སྐྱིད་པ། ཡང་ན་སྟོབས་འབྱོར་དང་དབང་ཐང་། ཡང་ན་གཞན་ལས་འཕགས་པའི་ཡོན་ཏན་ཞིག་དོན་དུ་གཉེར་ཏེ། རང་གི་འདོད་པའི་ཐད་ཀྱི་སྟོང་ཆ་དེ་སྐོང་བཞིན་ཡོད་མོད། འོན་ཏེ་སྐབས་མང་པོ་ཞིག་ལ་འདོད་པ་བཙལ་ཀྱང་མི་རྙེད་པ་དང་། མི་འདོད་པར་ཡང་ནས་ཡང་དུ་འཕྲད་པ་ན། ཡིད་སེམས་ནི་སྡུག་བསྔལ་དང་མནོང་འགྱོད།འཇིགས་སྐྲག་དང་ཆགས་ཞེན་སོགས་དང་མི་འགྲོགས་ཐབས་མེད་ཡིན། དེ་མིན། མི་ནི་གཡོ་སྒྱུ་དང་ཚུལ་འཆོས་ལ་མཁས་པ་ན། རྐྱེན་ངན་བར་ཆད་ཅི་ལའང་མ་འཕྲད་དེ་བདེ་ཞིང་སྐྱིད་པའི་ངང་ནས་འཚོ་བའི་སྐབས་སུ། རང་གཤིས་རྣལ་མ་དེ་གབ་སྟེ་ལྷང་ལ་ཕུད་མི་སྲིད་པ་དང་། སྡུག་བསྔལ་དང་ཆག་སྒོ་སོགས་ལ་འཕྲད་པའི་སྐབས་སུ། ད་གཟོད་རང་གཤིས་ངོ་མར་གབ་པའི་རྒྱ་ལས་གྲོལ་ཏེ་ལྷང་ལ་འབུད་སྲིད་པ་ན། རྩོམ་པ་པོས་སྒྲུང་གཏམ་ཁྲོད་ལ་མི་སྣ་འདྲེན་སྐབས། མི་སྣ་ནི་རང་སྟེང་གི་འགལ་བ་དང་ལྷན་དུ་བརྩམས་ཆོས་སུ་དྲངས་ཏེ། དགེ་དང་མི་དགེ་དང་། ཞི་དང་མི་ཞི་དང་། བྱམས་དང་མི་བྱམས་སོགས་ཀྱི་དབྱེ་མཚམས་ན་གནས་སྐབས་ཀྱི་སྤྱོད་ལམ་ངོ་མ་དེ་བྲིས་པ་ན།མི་སྣར་སྣང་བརྙན་ཡོད་པར་འགྱུར་བ་མ་ཟད། མི་གཤིས་ཁྲོད་ཀྱི“ལྷ”ཡི་གཤིས་ལུགས་དང“བདུད”ཀྱི་གཤིས་ལུགས། ཡང་ན“ལྷ”དང“བདུད”ཀྱི་གཤིས་ལུགས་འདྲེས་མ་ཞིག་ཕྱི་ལ་མངོན་ངེས་ཡིན། ཁོ་བོའི་སྒྲུང་གཏམ་སིལ་མ་རྣམས་ལས《འཚུབ་མ་ཁེར་རྐྱང》དང་།《ཧ་ཅང་ཧ་ཅང》དང་།《ཤ》དང་།《ཚངས་དབྱངས་རྒྱ་མཚོ》དང་།《གླག》དང་།《མེ་ལོང་ནང་གི་ཕྱེ་མ་ལེབ》དང་།《དར་ལྕོག རླུང་བུ། ད་དུང་ལྷེམ་ལྷེམ་གཡོ་བའི་རླུང་རྟ》ལ་སོགས་པ་དང་། མུ་འབྲེལ་སྒྲུང་གཏམ་ཡིག་བརྒྱ་མ་སྟེ《སྒྲོལ་མ་ཉེར་གཅིག》ལས《མགྲོན་པོ་དང་གསང་བ》དང་།《བོར་ཟིན་པ་དེ་འཚོལ་བ》དང་།《ཤར་ཕྱོགས་ལྷུན་པོའི་ཀླད་ཀྱི་སྤྲིན་དཀར》སོགས་ལ་ཆ་མཚོན་ན། གསར་རྩོམ་གྱི་ལས་ལ་འཇུག་སྐབས་མི་སྣ་རང་སྟེང་གི་འགལ་བ་སྲོག་ཤིང་དུ་བཀོད་དེ་བྱུང་རིམ་མདུན་ལ་འདེད་པ་དང་དཔེ་མཚོན་རང་བཞིན་ལྡན་པའི་དོན་དག་དང་དཔེ་མཚོན་རང་བཞིན་ལྡན་པའི་བྱུང་རིམ་ལ་བརྟེན་ནས་མི་སྣའི་སྣང་བརྙན་གསར་སློང་བྱས་པ་ཡིན།
ཆིག་བརྒྱ་གྱ་བརྒྱད། སྒྲུང་གཏམ་ཁྲོད་ལ་མི་སྣ་དང་ཁོར་ཡུག་བར་གྱི་འགལ་བ་འདྲེན་དོན་ཅི།
ལན། རྩོམ་རིག་བརྡ་ཆད་དུ་གྱུར་པའི་ཁོར་ཡུག་ཅེས་པར་དབྱེ་ན་རང་བྱུང་ཁོར་ཡུག་དང་སྤྱི་ཚོགས་ཁོར་ཡུག་གཉིས་ཡོད་པ་ན། སྒྲུང་གཏམ་ཁྲོད་ཀྱི་མི་སྣ་དང་ཁོར་ཡུག་བར་གྱི་འགལ་བ་ནི་མི་སྣ་དང་རང་བྱུང་ཁོར་ཡུག མི་སྣ་དང་སྤྱི་ཚོགས་ཁོར་ཡུག་བར་གྱི་འགལ་བ་སྣ་ཚོགས་ལ་གོ་དགོས་འདུགརྩོམ་པ་པོ་རྣམས་སྒྲུང་གཏམ་གསར་རྩོམ་གྱི་ལས་ལ་འཇུག་སྐབས། གལ་སྲིད་མི་སྣ་དང་ཁོར་ཡུག་བར་གྱི་འགལ་བ་ནི་ལུགས་དང་མཐུན་པའི་སྒོ་ནས་བརྩམས་ཆོས་ཀྱི་སྲོག་ཤིང་དུ་འགོད་ནུས་པ་དང་། འགལ་བ་དེ་དཔེ་མཚོན་རང་བཞིན་ལྡན་པའི་དོན་དག་དང་དཔེ་མཚོན་རང་བཞིན་ལྡན་པའི་བྱུང་རིམ་ལ་བརྟེན་ནས་མཚོན་པ་མ་ཟད།འགལ་བ་གཞིར་བཟུང་ནས་བྱུང་རིམ་མདུན་ལ་དེད་ན་མི་སྣའི་སྣང་བརྙན་བདེན་ཁ་མི་འཆོར་བའི་ངང་ནས་གསར་སློང་བྱེད་ཐུབ་པ་ལས་གཞན། མི་གཤིས་ཀྱི་དགེ་སྡུག་གི་ཆ་དེའང་ཕྱི་ལ་མངོན་ཐུབ།ཁོ་བོའི་སྒྲུང་གཏམ་སིལ་མ་རྣམས་ལས《གལ་ཏེ》དང་།《དགེ་འདུན། དགེ་བཅུའི་ཁྲིམས། ད་དུང་གཡག་རོག་པོ་བཅས་ཀྱི་གཏམ་རྒྱུད》དང་།《ཀྱེ་མ། ཛམ་བྷ་ལ་མི་ཡུལ་ལ་ཕེབས་བྱུང》སོགས་དང་། མུ་འབྲེལ་སྒྲུང་གཏམ་ཡིག་བརྒྱ་མ་སྟེ《སྒྲོལ་མ་ཉེར་གཅིག》ལས《མཚན་མོ་དེ》དང《ས་སྲོས་ཀྱི་འབྲུག་སྒྲ》སོགས་ནི་མི་སྣ་དང་ཁོར་ཡུག་གི་འགལ་བ་སྲོག་ཤིང་བྱས་ཏེ་བརྩམས་པ་ཡིན།
ཆིག་བརྒྱ་གྱ་དགུ། འགལ་བ་ལ་བརྟེན་ནས་བྱུང་རིམ་མདུན་ལ་འདེད་པ་དང་མི་སྣའི་སྣང་བརྙན་གསར་སློང་བྱེད་ན་ཕྱོགས་གང་དག་ལ་ཡིད་འཇོག་བྱ་དགོས།
ལན། འགལ་བ་ལ་བརྟེན་ནས་བྱུང་རིམ་མདུན་ལ་འདེད་པ་དང་མི་སྣའི་སྣང་བརྙན་གསར་སློང་བྱེད་ན་ཕྱོགས་འདི་དག་ལ་ཡིད་འཇོག་བྱ་དགོས་ཏེ། གཅིག བརྗོད་བྱ་དང་མི་སྣ་ལ་དམིགས་པ་གཏད་དེ། སྒྲུང་གཏམ་གྱི་བརྗོད་བྱ་རྫོགས་པར་སྟོན་པ་དང་མི་སྣའི་སྣང་བརྙན་གསོན་ཉམས་ལྡན་པར་གསར་སློང་བྱ་ནུས་པའི་འགལ་བ་དེ་རྩོམ་གྲབས་ཡོད་པའི་བརྩམས་ཆོས་ཀྱི་སྲོག་ཤིང་དུ་འགོད་དགོས། གཉིས། འགལ་བ་གསུམ་ག་ལས་གང་ཞིག་སྒྲུང་གཏམ་གྱི་སྲོག་ཤིང་དུ་བཀོད་དེ་བྱུང་རིམ་མདུན་ལ་འདེད་སྐབས། འགལ་བ་གཞན་པས་འགལ་བ་གཙོ་བོར་དེ་རམ་འདེགས་བྱ་དགོས། གསུམ། འགལ་བ་དང་མི་སྣའི་ཐུན་མོང་མ་ཡིན་པའི་གཤིས་ཀ་མཐུན་པར་བསྡེབ་དགོས། བཞི། འགལ་བས་བྱུང་རིམ་གྱི་འགྱུར་ལྡོག་དང་མི་སྣའི་སྤྱོད་ལམ་གྱི་འགྱུར་ལྡོག་ལ་མངའ་བསྒྱུར་དགོས།
ཆིག་བརྒྱ་དགུ་བཅུ། སྒྲུང་གཏམ་གྱི་མི་སྣ་ནི་ཐབས་གང་དག་ལ་བརྟེན་ཏེ་དཔེ་མཚོན་རང་བཞིན་ལྡན་པའི་སྒོ་ནས་བྲི་དགོས་སམ།
ལན། སྒྲུང་གཏམ་གྱི་མི་སྣ་དཔེ་མཚོན་རང་བཞིན་ལྡན་པའི་སྒོ་ནས་འབྲི་གྲབས་ཡོད་ན། ཉོག་གཏམ་མང་པོ་མ་བརྗོད་དེ་དཔེ་མཚོན་རང་བཞིན་ལྡན་པའི་དོན་དག་དང་དཔེ་མཚོན་རང་བཞིན་ལྡན་པའི་བྱུང་རིམ་ཕྲ་མོ་གཉིས་ཀ་ལུགས་དང་མཐུན་པའི་སྒོ་ནས་དྲངས་ཏེ་བྱུང་རིམ་མདུན་ལ་འདེད་དགོས་སྙམ་མོ།།
ཆིག་བརྒྱ་གོ་གཅིག ཅི་ཞིག་ལ་དཔེ་མཚོན་རང་བཞིན་ལྡན་པའི་དོན་དག་ཟེར། དེ་ཉིད་སྒྲུང་གཏམ་དུ་དྲངས་ན་དགེ་མཚན་ཅི་ཞིག་ཡོད།
ལན། དཔེ་མཚོན་རང་བཞིན་ལྡན་པའི་དོན་དག་ཅེས་པ་ནི་མི་སྣའི་གཤིས་ཀ་ཆེས་ལེགས་པར་མཚོན་ནུས་པ་དང་། འབྲེལ་ཡོད་དོན་དག་རིགས་མཐུན་ཀུན་གྱི་ཚབ་བྱས་ཆོག་པའི་དོན་དག་ལ་གོ་བ་དང་། སྒྲུང་གཏམ་ཚད་ལྡན་རྣམས་ཀྱི་བརྗོད་བྱའི་དོན་དག་ཕལ་མོ་ཆེ་ནི་དཔེ་མཚོན་རང་བཞིན་ལྡན་པའི་དོན་དག་མང་པོ་ཕྲེང་བར་བསྒྲིགས་ནས་གྲུབ་ཡོད་པ་མ་ཟད།དཔེ་མཚོན་རང་བཞིན་ལྡན་པའི་དོན་དག་དེ་དག་སྒྲུང་གཏམ་གྱི་བྱུང་རིམ་དུ་གྱུར་པ་ན། མི་སྣའི་སྣང་བརྙན་གསར་སློང་བྱེད་པ་དང་མི་གཤིས་མངོན་པར་མཚོན་པ་ལ་ཤིན་ཏུ་ཕན་པར་འདོད། ཁོ་བོའི་སྒྲུང་གཏམ་རྣམས་ལས《ཤ་ཡུ་མོ་ཤེའུ》དང་།《ཤ》དང་།《ཚངས་དབྱངས་རྒྱ་མཚོ》སོགས་ནི་དཔེར་མཚོན་རང་བཞིན་ལྡན་པའི་དོན་དག་འགའ་ཞིག་གུང་བསྒྲིགས་ཏེ་བརྩམས་པའི་སྒྲུང་གཏམ་གྱི་གྲས་སུ་དྲངས་ཆོག་པར་འདོད།
ཆིག་བརྒྱ་གོ་གཉིས། ཅི་ཞིག་ལ་དཔེ་མཚོན་རང་བཞིན་ལྡན་པའི་བྱུང་རིམ་ཕྲ་མོ་ཟེར། སྒྲུང་གཏམ་པས་བརྩམས་ཆོས་སུ་དང་དོད་ཆེན་པོ་བྱེད་དོན་ཅི།
ལན། རྩོམ་རིག་བརྡ་ཆད་དུ་གྱུར་པའི་བྱུང་རིམ་ཕྲ་མོ་ནི་མི་སྣ་དང་། དོན་དག ཁོར་ཡུག དངོས་པོ་སོགས་ཀྱི་རྣམ་པ་དང་ཁྱད་ཆོས་བྱེ་བྲག་པ་ཞིག་ལ་གོ་དགོས་པ་དང་། སྒྲུང་གཏམ་གསར་རྩོམ་གྱི་དུས་སུ་སྐབས་སུ་བབས་པའི་དགོས་མཁོ་དང་བསྟུན་ཏེ།རྣམ་པ་ཁྱད་ཆོས་བྱེ་བྲག་པ་དེ་བདེན་པ་དང་ཕྲ་ཞིང་ཕྲ་བ། རྟགས་མཚན་གསལ་བའི་སྒོ་ནས་བཀོད་འབྲི་བྱས་པ་ན། ཀློག་པ་པོའི་མཐོང་སྣང་ལ་རང་རྐྱ་འཕེར་བའི་འཚོ་བའི་རྣམ་པ་དང་མི་སྣའི་སྣང་བརྙན་རེ་སློང་པར་ནུས་པ་དང་། གལ་སྲིད་སྒྲུང་གཏམ་དུ་སྐབས་སུ་བབས་པའི་བྱུང་རིམ་ཕྲ་མོ་དེ་ཡིད་དབང་འཕྲོག་པ་དང་ཁྱད་ཆོས་གསལ་བ་ཞིག་འབྲི་བར་མ་ནུས་ན། བདེན་ཁ་མི་འཆོར་བའི་སྒྱུ་རྩལ་གྱི་སྣང་བརྙན་འབྱུང་དཀའ་བ་མ་ཟད། བརྩམས་ཆོས་ལ་སྒྱུ་རྩལ་དང་ལྟ་ཀློག་གི་རིན་ཐང་ཆེན་པོ་ལྡན་མི་སྲིད་པས། སྒྲུང་གཏམ་པ་རྣམས་གསར་རྩོམ་གྱི་ལས་ལ་འཇུག་སྐབས་དཔེ་མཚོན་རང་བཞིན་ལྡན་པའི་བྱུང་རིམ་ཕྲ་མོ་ལ་དང་དོད་ཆེན་པོ་བྱ་དགོས་བྱུང་། ཁོ་བོས་ཕུལ་དུ་བྱུང་བའི་སྒྲུང་གཏམ་ཞིག་རྩོམ་མ་ནུས་མོད། སྒྲུང་གཏམ་རྣམས་ལས《འཚུབ་མ་ཁེར་རྐྱང》དང་།《བྱེའུ་ཆུང་དམར་པོ》དང་།《ཤ》དང་། 《མེད》དང་།《ཚངས་དབྱངས་རྒྱ་མཚོ》ལས་མི་སྣའི་སྣང་བརྙན་གསར་སློང་བྱེད་སྐབས།དཔེ་མཚོན་རང་བཞིན་ལྡན་པའི་བྱུང་རིམ་ཕྲ་མོ་བཀོད་འབྲི་བྱས་པ་ཅུང་ཟད་བཟང་བར་འདོད་དོ།།
ཆིག་བརྒྱ་གོ་གསུམ། དཔེ་མཚོན་རང་བཞིན་ལྡན་པའི་དོན་དང་བྱུང་རིམ་ཕྲ་མོར་བརྟེན་ནས་མི་སྣའི་སྣང་བརྙན་གསར་སློང་བྱེད་སྐབས་ཡིད་འཇོག་བྱ་དགོས་པ་ག་འདྲ་ཡོད།
ལན། དཔེ་མཚོན་རང་བཞིན་ལྡན་པའི་དོན་དང་བྱུང་རིམ་ཕྲ་མོར་བརྟེན་ནས་མི་སྣའི་སྣང་བརྙན་གསར་སློང་བྱེད་སྐབས། ལས་དང་པོ་བ་རྣམས་ཀྱིས་ཡིད་འཇོག་བྱ་དགོས་པ་འདི་འདྲ་ཡོད་པར་འདོད་དེ། གཅིག མི་སྣའི་གཤིས་ཀ་དང་གནས་བབ་གཉིས་ཀར་བསྟུན་ནས་དཔེ་མཚོན་རང་བཞིན་ལྡན་པའི་དོན་དག་དང་བྱུང་རིམ་ཕྲ་མོ་བདམ་དགོས། གཉིས། མི་སྣའི་ལས་རིགས་དང་རིག་གནས་ཆུ་ཚད། འཚོ་བའི་ཆ་རྐྱེན། ཆབ་སྲིད་གོ་གནས་དང་བསྟུན་ནས་དཔེ་མཚོན་རང་བཞིན་ལྡན་པའི་དོན་དག་དང་བྱུང་རིམ་ཕྲ་མོ་བདམ་དགོས། གསུམ། དཔེ་མཚོན་རང་བཞིན་ལྡན་པའི་དོན་དག་དང་བྱུང་རིམ་ཕྲ་མོར་བརྟེན་ནས་མི་སྣའི་གཤིས་ཀའི་གཏན་འཇགས་ཀྱི་ཆ་དང་འགྱུར་ལྡོག་གི་ཆ་དེ་མཚོན་ཐུབ་དགོས།
ཆིག་བརྒྱ་གོ་བཞི། སྒྲུང་གཏམ་ལས་རམ་འདེགས་ཀྱི་ཐབས་ལ་བརྟེན་ནས་མི་སྣ་འབྲི་དོན་ཅི།
ལན། བོད་ཀྱི་གཏམ་དཔེར་ཤིང་གིས་ཤིང་བཀྱགས་ན་ལྷ་ཁང་དང་གུར་ཁང་། མི་མིས་མི་བཀུར་ན་བླ་མ་དང་དཔོན་པོ་ཞེས་པ་ནང་བཞིན། འཇིག་རྟེན་གྱི་མི་དང་དངོས་པོ་གང་ཞིག་ཡིན་རུང་། ཕན་ཚུན་ལ་རམ་འདེགས་གང་ལེགས་བྱས་ན། མི་རྣམས་ཀྱིས་གང་ཟག་གམ་དངོས་པོ་མཆོག་ཏུ་གྱུར་པའི་ཡོན་ཏན་དེ་མཆོག་ཏུ་གྱུར་པ་ཞིག་ཡིན་པ་རྟོགས་ངེས་ཡིན། རྩོམ་རིག་གསར་རྩོམ་གྱི་སྐབས་སུ། དགེ་བས་དགེ་བར་རམ་འདེགས་བྱས་ན་ཀློག་མཁན་གྱིས་དགེ་བ་མཆོག་ཏུ་གྱུར་པ་དེ་ཇི་བཞིན་འཛིན་པར་ནུས་པ་དང་། དཔེ་དེ་བཞིན་དུ་དགེ་བས་སྡིག་པར་རམ་འདེགས་བྱས་ཏེ་སྡིག་པའི་གདུག་རྩུབ་ལྷང་ལ་འདེད་པ་དང་། དེ་མིན་མཛེས་པ་དང་སྡུག་པ་གཉིས་ཀས་ཕན་ཚུན་ལ་རམ་འདེགས་བྱེད་པ་དང་། མཆོག་ཏུ་གྱུར་པ་དང་ཤིན་ཏུ་དམན་པ་གཉིས་ཀྱིས་ཕན་ཚུན་ལ་རམ་འདེགས་བྱེད་པ།མཁས་པ་དང་བླུན་པོ་གཉིས་ཀྱིས་ཕན་ཚུན་ལ་རམ་འདེགས་བྱེད་པ། དཔའ་བོ་དང་སྡར་མ་གཉིས་ཀྱིས་ཕན་ཚུན་ལ་རམ་འདེགས་བྱས་ན། སྡུག་པ་ལ་བརྟེན་ནས་མཛེས་པ་ལེགས་པར་མཚོན་ནུས་པ་དང་། མཁས་པ་ལ་བརྟེན་ནས་བླུན་པོའི་རང་གཤིས་དེ་ལེགས་པར་མཚོན་པར་ནུས་པ་ཡིན་ནོ།།
ཆིག་བརྒྱ་གོ་ལྔ། རམ་འདེགས་ཀྱི་ཐབས་ལ་ནང་གསེས་སུ་དབྱེ་ན་ག་ཙམ་ཡོད།
ལན། རམ་འདེགས་ཀྱི་ཐབས་ལ་ནང་གསེས་སུ་དབྱེ་ན་སྒེར་གྱི་སྣང་བརྙན་མཚོན་པར་རམ་འདེགས་བྱེད་པ་དང་ཚོགས་པའི་ལས་དབང་མཚོན་པར་རམ་འདེགས་བྱེད་པ་སྟེ་གཉིས་ཡོད་དོ། །
ཆིག་བརྒྱ་གོ་དྲུག རམ་འདེགས་ཀྱི་ཐབས་ལ་བརྟེན་ནས་སྒེར་གྱི་སྣང་བརྙན་མཚོན་དོན་ཅི།
ལན། སྒྲུང་གཏམ་གསར་རྩོམ་གྱི་ལས་ལ་འཇུག་སྐབས། རྩོམ་པ་པོ་རྣམས་ཀྱིས་རང་གི་སྐབས་སུ་བབས་པའི་བརྩམས་ཆོས་ཀྱི་བརྗོད་བྱ་རྫོགས་པར་སྟོན་པའི་དགོས་མཁོ་ལ་དམིགས་ཏེ། སྒྲུང་གཏམ་ཕལ་མོ་ཆེར་མི་སྣ་མང་པོ་ཞིག་འདྲེན་པ་ཡིན་མོད། གསར་རྩོམ་གྱི་དམིགས་ཡུལ་ནི་དོན་གྱི་བྱུང་བ་བརྗོད་དེ་མི་སྣ་རེ་གཉིས་ཀྱི་སྣང་བརྙན་གསར་སློང་བྱེད་པ་ལས་མ་འདས་པ་དང་། མི་སྣ་མང་པོ་ཞིག་ནི་བྱུང་རིམ་མདུན་ལ་འདེད་པའམ། མི་སྣ་གཙོ་བོའི་སྣང་བརྙན་གསར་སློང་བྱེད་པའི་དགོས་མཁོ་ལ་དམིགས་ཏེ་དྲངས་པ་ན། དེ་དག་ལས་མི་སྣ་ཕལ་མོ་ཆེས་མི་སྣ་གཙོ་བོའི་སྣང་བརྙན་གསར་སློང་བྱེད་པ་ལ་རམ་འདེགས་ཀྱི་ནུས་པ་འདོན་བཞིན་ཡོད། དཔེར་ན་ཁོ་བོའི་སྒྲུང་ཐུང《ཤ》ལ་ཆ་མཚོན་ན། སྒྲུང་གཏམ་ལ་སྒྲོལ་མ་དང་། གླ་གཏོང་རླངས་འཁོར་གྱི་ཁ་ལོ་བ། སྐམས་ཤ་འཚོང་མཁན་གྱི་འབྲོག་པ། སྒྲོལ་མའི་མལ་གྲོགས། སྒྲོལ་མའི་ཨ་ཕ་དང་ཕུ་བོ་བཅས་མི་སྣ་དྲུག་དྲངས་ཡོད་མོད། སྒྲུང་གཏམ་འདི་ཉིད་རྩོམ་པའི་དམིགས་ཡུལ་ནི་སྒྲོལ་མས་ཕ་ཡུལ་དང་ཕ་མ་དྲན་པའི་དྲན་གདུང་དེ་བརྗོད་ནས་སྒྲོལ་མའི་སྣང་བརྙན་མཚོན་པ་ལས་མ་འདས་པ་ན། སྒྲོལ་མ་ལས་གཞན་པའི་མི་སྣ་རྣམས་ནི་སྒྲོལ་མའི་གཏམ་རྒྱུད་བརྗོད་པའི་ཡོ་བྱེད་དུ་གྱུར་ཡོད་དེ། དཔེར་ན་གླ་གཏོང་རླངས་འཁོར་གྱི་ཁ་ལོ་བ་ནི་སྒྲོལ་མས་སྨད་འཚོང་མའི་ལས་རིགས་གཉེར་བཞིན་ཡོད་པ་དང་། ཁོ་མོ་ལས་རིགས་དེ་ལ་ཞེན་པ་ལོག་པ་མཚོན་ཆེད་དྲངས་པ་ཡིན་ལ། སྐམས་ཤ་འཚོང་མཁན་གྱི་འབྲོག་པ་རྒན་པོ་ནི་སྒྲོལ་མས་ཕ་ཡུལ་དང་ཕ་མ་དྲན་པའི་དྲན་གདུང་མཚོན་ཆེད་དྲངས་པ་དང་། སྒྲོལ་མའི་ཨ་ཕ་དང་ཕུ་བོ་གཉིས་ཀ་ནི་ཁོ་མོའི་འབྱུང་འགྱུར་ལ་འོད་སྣང་སྩོལ་ཆེད་དྲངས་པ་ལྟ་བུ་ཡིན་ནོ།།
ཆིག་བརྒྱ་གོ་བདུན། རམ་འདེགས་ཀྱི་ཐབས་ལ་བརྟེན་ནས་ཚོགས་པའི་ལས་དབང་མཚོན་དོན་ཅི།
ལན། སྐབས་རེར་རྩོམ་པ་པོ་རྣམས་སྒྲུང་གཏམ་གསར་རྩོམ་གྱི་ལས་ལ་འཇུག་སྐབས། སྒྲུང་གཏམ་ལ་ལར་ཚོགས་པ་རིགས་མཐུན་ཞིག་གི་ལས་དབང་ཟུར་མི་འདྲ་བའི་སྒོ་ནས་མཚོན་ཆེད། རྐྱེན་དཔེ་མཚོན་དང་བཞིན་ལྡན་པ་ཞིག་ལ་རྐང་བཙུགས་ནས་བྱུང་རིམ་མདུན་ལ་འདེད་པ་དང་། བྱུང་རིམ་དཔེ་མཚོན་རང་བཞིན་ལྡན་པ་དེ་དག་ལ་བརྟེན་ནས་ཚོགས་པ་ཞིག་གི་ལས་དབང་ལ་འགྱུར་ལྡོག་བྱུང་ལུགས་སྟོན་སྐབས། དཔེ་མཚོན་རང་བཞིན་ལྡན་པའི་མི་སྣ་གཉིས་སམ་དུ་མ་ཚོགས་པ་རིགས་མཐུན་ཞིག་གི་མཚོན་བྱེད་དུ་འདྲེན་བཞིན་ཡོད། དཔེར་ན་ཁོ་བོའི་སྒྲུང་ཐུང《བསོད་ནམས》ཀྱི་བརྗོད་སྙིང་ནི་ཕྱུག་པོའི་བུ་མོ་བདེ་ཆེན་མཁའ་འགྲོ་དང་དབུལ་བོའི་བུ་མོ་བདེ་ཆེན་མཁའ་འགྲོ་གཉིས་ཀ་སྤྲུལ་སྐུའི་མ་ཡུམ་དུ་གྱུར་དང་མ་གྱུར་པའི་དབང་གིས་ལས་དབང་ལ་བྱུང་བའི་འགྱུར་ལྡོག་དེ་ཡིན་ལ། སྒྲུང་གཏམ་འདི་ཉིད་རྩོམ་སྐབས། སྤྲུལ་སྐུའི་མ་ཡུམ་དུ་མ་གྱུར་པའི་ཚོགས་པ་ཞིག་གི་ལས་དབང་དཔེ་མཚོན་རང་བཞིན་ལྡན་པའི་ངང་ནས་མཚོན་ཆེད། སྤྲུལ་སྐུའི་མ་ཡུམ་དུ་འགྱུར་བའི་གོ་སྐབས་ཡོད་ཀྱང་འཛིན་མ་ཤེས་པའི་ཕྱུག་པོའི་བུ་མོ་བདེ་ཆེན་མཁའ་འགྲོའི་ལས་དབང་གི་འགྱུར་ལྡོག་བརྩམས་ཆོས་ཀྱི་སྲོག་ཤིང་དུ་བཀོད་པ་དང་། སྤྲུལ་སྐུའི་མ་ཡུམ་དུ་འགྱུར་བའི་གོ་སྐབས་འཛིན་འདོད་ཀྱང་འཛིན་མ་ནུས་པའི་བུ་མོ་ཨོ་རྒྱན་སྒྲོལ་མའི་ལས་དབང་གིས་ཟུར་བརྒྱན་ཏེ། མ་ཡུམ་དུ་མ་གྱུར་པའི་སྐྱེས་མའི་སྣང་བརྙན་གསར་སློང་བྱས་པ་ལྟ་བུའོ།།
ཆིག་བརྒྱ་གོ་བརྒྱད། སྒྲུང་གཏམ་ལས་གཤིབ་སྡུར་གྱི་ཐབས་ལ་བརྟེན་ནས་མི་སྣ་འབྲི་དོན་ཅི།
ལན། ནམ་རྒྱུན་གྱི་འཚོ་བའི་ཁྲོད་དུ། ང་ཚོས་དངོས་པོའི་བཟང་ངན་དང་མཆོག་དམན། མཐོ་དམའ་དང་སྦོམ་ཕྲ་སོགས་ལ་བརྟག་སྐབས། དངོས་པོ་གཉིས་སམ་དུ་མ་ལྷན་དུ་གཤིབས་ཏེ་དཔྱད་ན་ངོས་ཟིན་ཡིད་རྟོན་རུང་བ་ཞིག་འབྱུང་ངེས་ཡིན། དེར་བརྟེན། སྒྲུང་གཏམ་དུ་མི་སྣའི་སྣང་བརྙན་གསར་སློང་བྱེད་སྐབས། མི་སྣ་གཉིས་སམ་དུ་མ་ཡུལ་དུས་གཅིག་གམ་མི་གཅིག་པའམ། རྣམ་པ་གཅིག་གམ་མི་གཅིག་པའམ། རྒྱབ་ལྗོངས་གཅིག་གམ་མི་གཅིག་པའམ། ཡང་ན་གནས་བབ་གཅིག་གམ་མི་གཅིག་པ་གང་རུང་ཞིག་ལ་དྲངས་ཏེ་བརྩམས་ཆོས་རིལ་པོ་ཞིག་གི་བྱུང་རིམ་མདུན་ལ་འདེད་སྐབས། གལ་སྲིད་རྩོམ་མཁན་གྱིས་གཤིབ་སྡུར་གྱི་ཐབས་ལམ་ལ་དང་དོད་བྱས་པ་ན། མི་སྣའི་སྣང་བརྙན་སྔར་ལས་གསལ་བའི་སྒོ་ནས་གསར་སློང་བྱེད་ཐུབ་པ་དང་། ཀློག་མཁན་གྱིས་མི་སྣའི་གཤིབ་སྡུར་བརྒྱུད་ནས་མི་གཤིས་ཀྱི་དགེ་བའི་ཆ་དང་། སྡུག་རྩུབ་ཆ་དང་། ནུས་མེད་ཀྱི་ཆ་དང་། མི་རྟག་པའི་ཆ་དེ་འཛིན་སླ། ལྷག་པར་མི་སྣ་འགལ་བ་ཛ་དྲག་ཅན་གྱི་ཁྲོད་ལ་དྲངས་ཏེ་གཤིབ་སྡུར་བྱས་ན། མི་གཤིས་ཀྱི་ངོ་བོ་རྗེན་པར་སྟོན་པ་ལ་ཕན་པ་ཆེན་པོ་ལྡན་པར་འདོད།
ཆིག་བརྒྱ་གོ་དགུ། གཤིབ་སྡུར་གྱི་ཐབས་ལ་ནང་གསེས་སུ་དབྱེ་ན་ག་ཙམ་ཡོད།
ལན། ལག་ལེན་དངོས་ལ་གཞིགས་ན། སྐབས་འདིའི་གཤིབ་སྡུར་ལ་མཚུངས་ལྡན་གཤིབ་སྡུར་དང་མཚུངས་མིན་གཤིབ་སྡུར་བཅས་བཅས་སྡུར་ལུགས་གཉིས་ཡོད་པ་འདྲ།
ཉིས་བརྒྱ། མཚུངས་ལྡན་གཤིབ་སྡུར་ལ་དགེ་མཚན་ཅི།
ལན། སྒྲུང་གཏམ་སྐོར་ཞིག་ཏུ་མི་སྣའི་སྣང་བརྙན་གསར་སློང་བྱེད་སྐབས།སྐབས་རེར་མཚུངས་ལྡན་གཤིབ་སྡུར་གྱི་ཐབས་ལམ་བརྒྱུད་ནས་མི་སྣའི་སྣང་བརྙན་གསར་སློང་མི་བྱེད་ཐབས་མེད་ཡིན་ཏེ། སྣང་ཚུལ་འདི་འདྲར་འཕྲད་སྐབས། གསར་རྩོམ་ལ་བྱང་ཆ་ཡོད་པའི་རྩོམ་མཁན་གྱིས་ཡུལ་དུས་གཅིག་པའམ། རྣམ་པ་གཅིག་པའམ། རྒྱབ་ལྗོངས་གཅིག་པའམ། ཡང་ན་གནས་བབ་གཅིག་པ་ལ་རྐང་བཙུགས་ཏེ། དེ་ལ་མི་སྣ་གཉིས་སམ་དུ་མ་དྲངས་ནས་བྱུང་རིམ་མདུན་ལ་འདེད་པ་དང་། བྱུང་རིམ་མདུན་ལ་འདེད་སྐབས་མི་སྣའི་དཔེ་མཚོན་རང་བཞིན་ལྡན་པའི་ལུས་ཀྱི་བྱ་སྟངས་དང་ངག་གི་བཤད་སྟངས་མི་འདྲ་བ་རྣམས་ཕྲ་ཞིང་ཞིབ་པ། དམིགས་ཡུལ་ཡོད་པའི་སྒོ་ནས་བཀོད་འབྲི་བྱས་པ་ན། མི་སྣའི་གཤིས་ཀའམ་སྣང་བརྙན་དེ་གསོན་ཉམས་ལྡན་པའི་ངང་ནས་མཚོན་ཐུབ།
ཉིས་བརྒྱ་རྩ་གཅིག མཚུངས་མིན་གཤིབ་བསྡུར་ལ་དགེ་མཚན་ཅི།
ལན། སྒྲུང་གཏམ་སྐོར་ཞིག་གསར་རྩོམ་བྱེད་སྐབས། སྐབས་རེར་མཚུངས་མིན་གཤིབ་སྡུར་གྱི་ཐབས་ལམ་བརྒྱུད་ནས་མི་སྣའི་སྣང་བརྙན་གསར་སློང་བྱ་དགོས་འདུག་ལ། སྣང་ཚུལ་འདི་འདྲར་འཕྲད་སྐབས། སྒྲུང་གཏམ་ཇི་ལྟར་འབྲི་བ་ལ་གདེང་ཡོད་པའི་རྩོམ་མཁན་གྱིས་ཡུལ་དུས་མི་གཅིག་པའམ། རྣམ་པ་མི་གཅིག་པའམ། རྒྱབ་ལྗོངས་མི་གཅིག་པའམ། ཡང་ན་གནས་བབ་མི་གཅིག་པ་ལ་རྐང་བཙུགས་ཏེ། དེ་ལ་མི་སྣ་གཉིས་སམ་དུ་མ་དྲངས་ནས་བྱུང་རིམ་མདུན་ལ་འདེད་པའམ། ཡང་ན་མི་སྣ་གཅིག་ཡུལ་དུས་མི་གཅིག་པ་སོགས་སུ་དྲངས་ཏེ་འདེད་པ་དང་། བྱུང་རིམ་མདུན་ལ་འདེད་སྐབས་མི་སྣའི་དཔེ་མཚོན་རང་བཞིན་ལྡན་པའི་ལུས་ཀྱི་བྱ་སྟངས་དང་ངག་གི་བཤད་སྟངས་མི་འདྲ་བ་རྣམས་ཕྲ་ཞིང་ཞིབ་པ། དམིགས་ཡུལ་ཡོད་པའི་སྒོ་ནས་བཀོད་འབྲི་བྱས་པ་ན། མི་སྣའི་གཤིས་ཀའམ་སྣང་བརྙན་དེ་གསོན་ཉམས་ལྡན་པའི་ངང་ནས་མཚོན་ཐུབ།
ཉིས་བརྒྱ་རྩ་གཉིས། གཤིབ་སྡུར་དང་རམ་འདེགས་ཀྱི་ཐབས་ལ་བརྟེན་ནས་མི་སྣ་འབྲི་ན་ཡིད་འཇོག་བྱ་དགོས་པ་ག་འདྲ་ཡོད།
ལན། གཤིབ་སྡུར་དང་རམ་འདེགས་ཀྱི་ཐབས་ལ་བརྟེན་ནས་མི་སྣ་འབྲི་ན་ཡིད་འཇོག་བྱ་དགོས་པ་འདི་འདྲ་ཡོད་པར་འདོད་དེ། གཅིག གཤིབ་སྡུར་རམ་རམ་འདེགས་ཐབས་ལམ་ནི་མི་སྣའི་སྣང་བརྙན་གསར་སློང་བྱེད་པའམ་བྱུང་རིམ་མདུན་ལ་འདེད་པའི་དགོས་མཁོ་དང་བསྟུན་ནས་འདྲེན་དགོས། གཉིས། གཤིབ་སྡུར་ཀྱི་ཐབས་ལམ་སྤྱོད་སྐབས་མི་སྣའི་གཤིས་ཀ་ལ་མི་མཐུན་པའི་ཆ་ཡོད་དགོས་པ་དང་། རམ་འདེགས་ཀྱི་ཐབས་ལམ་སྤྱོད་སྐབས་མི་སྣ་ལ་གཙོ་ཕལ་གྱི་དབྱེ་བ་ཡོད་དགོས། གསུམ། སྒྲུང་གཏམ་གཅིག་ལ་རམ་འདེགས་དང་གཤིབ་བསྡུར་གྱི་ཐབས་ལམ་ལྷན་དུ་དྲངས་ཀྱང་རུང་ངོ་།།
ཉིས་བརྒྱ་རྩ་གསུམ། མི་སྣའི་ཐུན་མོང་མ་ཡིན་པའི་གཤིས་ཀ་དམིགས་སུ་འཛིན་དོན་ཅི།
ལན། འགྲོ་བ་མིའི་རིགས་ལ་ཆ་མཚོན་ན། ཀུན་ལ་ཐུན་མོང་གི་གཤིས་ལུགས་ཤིག་ཡོད་པ་མ་ཟད། མི་རེ་ལ་རང་གཤིས་ཀྱང་ཐུན་མོང་མ་ཡིན་པ་ཞིག་མཆིས་པ་ན། སྒྲུང་གཏམ་ལས་མི་སྣའི་སྣང་བརྙན་གསར་སློང་བྱེད་སྐབས། མི་སྣ་འབའ་ཞིག་ལ་གཤིས་ཀ་ནི་རང་ལ་ཡོད་པ་དང་གཞན་ལ་མེད་པ་ཞིག་ལྡན་དགོས་པ་མ་ཟད། གཤིས་ཀ་དེ་རྒྱུན་ལྡན་མ་ཡིན་པ་དང་བློ་ཡུལ་ལས་འགོངས་པ་ཞིག་ཡིན་དགོས་འདུག་པས། མི་སྣའི་གཤིས་ཀ་ཐུན་མོང་མ་ཡིན་པ་དེ་དམིགས་སུ་བཟུང་སྟེ་འདྲེན་དགོས་བྱུང་བ་རེད།
ཉིས་བརྒྱ་རྩ་བཞི། མི་སྣའི་ཐུན་མོང་མ་ཡིན་པའི་གཤིས་ཀ་དམིགས་སུ་འཛིན་ན་ཐབས་ལམ་གང་དག་ཡོད།
ལན། མི་སྣའི་ཐུན་མོང་མ་ཡིན་པའི་གཤིས་ཀ་དམིགས་སུ་བཟུང་སྟེ་གསར་རྩོམ་གྱི་ལས་ལ་འཇུག་ན་ཐབས་ལམ་ནི་གཉིས་ཡོད་དེ། མི་སྣའི་གཤིས་ཀའི་ཕྱོགས་ཤིག་འུད་ཀྱིས་བརྗོད་པ་དང། མི་སྣའི་གཤིས་ཀའི་འགྱུར་ལྡོག་གཙིགས་སུ་བཟུང་སྟེ་སྣང་བརྙན་གསར་སློང་བྱ་དགོས་པར་བརྗོད་དོ།།
ཉིས་བརྒྱ་རྩ་ལྔ། མི་སྣའི་གཤིས་ཀའི་ཕྱོགས་ཤིག་འུད་ཀྱིས་བརྗོད་ན་དགེ་མཚན་ཅི།
ལན། སྒྲུང་གཏམ་གསར་རྩོམ་གྱི་ལས་ལ་འཇུག་སྐབས། རྩོམ་པ་པོས་མི་སྣ་གང་ཞིག་གི་གཤིས་ཀའི་ཕྱོགས་ཤིག་འུད་ཀྱིས་བརྗོད་ན། མི་སྣའི་སྣང་བརྙན་གསར་སློང་བྱེད་པར་ཕན་པ་མ་ཟད། ཀློག་པ་པོར་མི་སྣའི་སྣང་བརྙན་གྱིས་བག་ཆགས་ཟབ་མོ་བྱུང་སྟེ། མི་སྣ་དེ་ཉིད་གཏན་ནས་བརྗེད་མི་སྲིད་པའི་སྣང་ཚུལ་འབྱུང་བར་བརྗོད། ཁོ་བོས་མིག་སྔའི་བར་དུ་བོད་པ་སྐོར་ཞིག་གི་མཚོན་བྱེད་དུ་གྱུར་པའི་མི་སྣ་གསར་སློང་བྱེད་མ་ནུས་པས། རང་གི་སྒྲུང་གཏམ་ལས་ཀློག་མཁན་གྱིས་བརྗེད་མི་སྲིད་པའི་མི་སྣ་འདྲེན་མི་ནུས་མོད། གང་ལྟར་སྒྲུང་ཐུང《ཧ་ཅང་ཧ་ཅང》གསར་རྩོམ་བྱེད་སྐབས། མི་སྣ་གཙོ་བོ་སྟེ་ཨ་ཁུ་ཐར་ལོ་སེར་སྣ་ཆེ་བའི་གཤིས་ཀ་བརྩམས་ཆོས་ཀྱི་སྲོག་ཤིང་དུ་བཀོད་པ་དང་། སེར་སྣ་ཆེ་ལུགས་སྟོན་པའི་བྱུང་རིམ་དེ་སྨད་འཚོང་ཁང་ལ་འགྲོ་ལུགས་ལ་བརྟེན་ནས་མདུན་ལ་དེད་ཡོད་ལ། ཁོ་རང་གི་སེར་སྣ་ཆེ་བའི་གཤིས་ཀ་དེ་འུད་ཀྱིས་བརྗོད་དེ་མི་སྣ་ལ་སྣང་བརྙན་ཐུན་མོང་མ་ཡིན་པ་ཞིག་སྩོལ་ཆེད། སྨད་འཚོང་ཁང་གི་སྐྱེས་མ་རྣམས་དང་ལྷན་དུ“ལན་གྲངས་གཅིག་ལ་དགའ་བདེའི་དཔལ་ལ་རོལ་དགོས་ན། གླ་ཡོན་ལ་སྒོར་མོ་ཅིག་བརྒྱ་ཅིས་ཀྱང་སྤྲད་དགོས”པ་དང་། “ཨ་ཁུ་ཐར་ལོ་ལ་མཚོན་ན་སྒོར་མོ་ནི་ཁོའི་སྲོག་ཡིན། ཁོའི་སྙིང་ཡིན། ཁོའི་ཡོད་ཚད་ཀྱི་ཡོད་ཚད་ཡིན་པས། ཁོས་ཕར་ལ་སྒོར་མོ་ཆིག་བརྒྱ་སྤྲོད་པ་ལས་ལུས་ནས་རང་ཤ་རྒྱ་མ་བརྒྱ་གཅོད་དགོས་ཀྱང་། དེ་ལ་སེར་སྣ་ཅི་ཡང་མེད”[1]པས། ནམ་རྒྱུན་འདོད་སྲེད་ཀྱིས་དེད་དེ་སྨད་འཚོང་ཁང་ལ་སོང་རུང་། སེར་སྣས་དེད་ནས“ཇ་ཁང་དང་སྐྲ་ཁང”་འགྲོ་དགོས་བྱུང་བའི་ཚུལ་དེ་བརྗོད་པ་མ་ཟད། མཇུག་མཐར་སྨད་འཚོང་མའི་གཡོ་འོག་ལ་ཚུད་དེ་རང་གི་གསོག་དངུལ་གཞན་ལ་དབང་བར་གྱུར་པ་ན། ཨ་ཁུ་ཐར་ལོས་སེར་སྣས་བསྐྱེད་པའི་སྡུག་བསྔལ་མ་གཟོད་དེ་ཚེ་ལས་འདས་པའི་བྱུང་རིམ་དེ་དྲངས་པ་ཡིན་ནོ།།
ཉིས་བརྒྱ་རྩ་དྲུག མི་སྣའི་གཤིས་ཀ་རྒྱུན་ལྡན་མ་ཡིན་པ་དམིགས་སུ་བཟུང་ན་དགེ་མཚན་ཅི།
ལན། སྒྲུང་གཏམ་གསར་རྩོམ་གྱི་ལས་ལ་འཇུག་སྐབས། རྩོམ་པ་པོས་མི་སྣའི་གཤིས་ཀ་ཐུན་མོང་མ་ཡིན་པ་དེ་དམིགས་སུ་བཟུང་སྟེ། མི་སྣའི་སེམས་ཀྱི་འཆར་སྒོ་དང་འཚོ་བའི་མོས་འདུན། ལུས་ཀྱི་བྱ་སྟངས་དང་ངག་གི་བཤད་སྟངས་སོགས་གང་ཟག་རྒྱུན་ལྡན་རྣམས་ཀྱི་བློ་ཡུལ་ལས་འདས་པའི་སྒོ་ནས་བརྗོད་པར་ནུས་ན། ཀློག་པ་པོའི་ལྟ་ཀློག་གི་འདུན་པ་རྒྱ་ཆེར་སྐྱེད་ཐུབ་པ་མ་ཟད། ཁོ་ཚོས་མི་གཤིས་ཀྱི་རང་བཞིན་དང་འཚོ་བའི་ངོ་བོ་རྟོགས་པ་ལ་ཕན་པ་ཆེན་པོ་ལྡན་པ་ཡིན། ཁོ་བོའི་སྒྲུང་གཏམ་རྣམས་ལ་ཆ་མཚོན་ན། 《གལ་ཏེ》ཡི་མི་སྣ“ང”དང་། 《ཧ་ཅང་ཧ་ཅང》གི་མི་སྣ་ཨ་ཁུ་ཐར་ལོ་དང་།《མེ་ལོང》གི་མི་སྣ་བསྟན་འཛིན་འཇིགས་མེད་སོགས་ལ་རྒྱུན་ལྡན་མ་ཡིན་པའི་གཤིས་ཀ་ཅུང་ཟད་ལྡན་ཏེ། དེ་དག་ལས《ཧ་ཅང་ཧ་ཅང》གི་མི་སྣ་ཨ་ཁུ་ཐར་ལོ་ལ་ཆ་མཚོན་ན། “ཁོ་རང་གི་འདོད་ཆགས་དེ་ཧ་ཅང་ཆེ། ཧ་ཅང་། ཧ་ཅང་ཆེ་བ་ན། མི་རྣམས་ཀྱིས་ཁོ་ལ་ཐར་ལོ་བོང་གསེབ་ཅེས་འབོད་བཞིན་ཡོད་པ་དང་། ཁོ་རང་གི་གཏོང་ཕོད་ཧ་ཅང་། ཧ་ཅང་། ཧ་ཅང་ཆུང་བ་ན། མི་རྣམས་ཀྱིས་ཁོ་ལ་ཐར་ལོ་ཡི་དྭགས་ཞེས་འབོད་བཞིན་ཡོད”[2]ལ། སྤྱིར་ན་འདོད་ཆགས་དང་སེར་སྣ་གཉིས་ཀ་མི་གཅིག་གི་གཤིས་སུ་གྲུབ་ཀྱང་འགལ་བ་ཆེན་པོ་མེད་མོད། འོན་ཏེ་སྐྱེས་མ་དང་འཕྲད་དེ་འགྲོ་གྲོན་གཏང་དགོས་བྱུང་ན། མི་གཅིག་གི་གཤིས་ཀའི་ཕྱོགས་དེ་གཉིས་ལ་འགལ་བ་ཆེན་པོ་བྱུང་སྟེ་སྐྱོ་གར་གྱི་འབྱུང་གཞིར་གྱུར་པ་ལྟ་བུ་ཡིན་ནོ།།
ཉིས་བརྒྱ་རྩ་བདུན། མི་སྣའི་ཐུན་མོང་མ་ཡིན་པའི་གཤིས་ཀ་དམིགས་སུ་བཟུང་སྟེ་སྣང་བརྙན་གསར་སློང་བྱེད་ན་ཡོད་འཇོག་བྱ་དགོས་པ་ག་འདྲ་ཡོད།
ལན། མི་སྣའི་ཐུན་མོང་མ་ཡིན་པའི་གཤིས་ཀ་དམིགས་སུ་བཟུང་སྟེ་སྣང་བརྙན་གསར་སློང་བྱེད་ན་ཡིད་འཇོག་བྱ་དགོས་པ་འདི་འདྲ་ཡོད་དེ།གཅིག མི་སྣའི་གཤིས་ཀའི་ཕྱོགས་ཤིག་འུད་ཀྱིས་བརྗོད་སྐབས་སྒྱུ་རྩལ་གྱི་བདེན་ཁ་འཆོར་མི་རུང་། གཉིས། མི་སྣའི་གཤིས་ཀ་རྒྱུན་ལྡན་མ་ཡིན་པ་དཔེ་མཚོན་རང་བཞིན་ལྡན་པའི་བྱུང་རིམ་ཕྲ་མོར་བརྟེན་ནས་མཚོན་དགོས།
ཉིས་བརྒྱ་རྩ་བརྒྱད། སྒྲུང་གཏམ་ལས་མི་སྣ་འབྲི་སྐབས་སྤྱི་གཤིས་དང་སྒེར་གཤིས་ལྷན་དུ་སྡེབ་དོན་ཅི།
ལན། སྤྱི་གཤིས་ཞེས་པ་ནི་གང་ཟག་སྤྱིའམ་ཡང་ན་ཚོགས་པ་ཞིག་ལ་གྲུབ་ཡོད་པའི་ཐུན་མོང་གི་གཤིས་ལུགས་ལ་གོ་བ་དང་། སྒེར་གཤིས་ཞེས་པ་ནི་མི་སྣ་བྱེ་བྲག་པ་ཞིག་གི་ཐུན་མོང་མ་ཡིན་པའི་གཤིས་ལུགས་ལ་གོ་དགོས་འདུག སྒྲུང་གཏམ་ཁྲོད་དུ་མི་སྣའི་སྣང་བརྙན་གསར་སློང་བྱེད་སྐབས། གལ་སྲིད་མི་སྣ་ལ་སྤྱི་གཤིས་ལས་སྒེར་གཤིས་མེད་ན། མི་སྣར་ཐུན་མིན་གྱི་སྣང་བརྙན་གསལ་ཐག་ཆོད་པ་ཞིག་འབྱུང་དཀའ་བ་དང་། གལ་ཏེ་མི་སྣ་ལ་སྒེར་གཤིས་ལས་སྤྱི་གཤིས་མེད་ན། མི་སྣ་ནི་མི་ཡིན་མིན་ཡང་མི་ཤེས་པའི་བརྗོད་ཉེས་འབྱུང་སྲིད་པས། སྒྲུང་གཏམ་གསར་རྩོམ་གྱི་ལས་ལ་འཇུག་སྐབས། རྩོམ་པ་པོས་མི་སྣའི་སྒེར་གཤིས་དང་ཚོགས་པའི་སྤྱི་གཤིས་གཉིས་ཀ་ལུགས་དང་མཐུན་པའི་སྒོ་ནས་ལྷན་དུ་བསྡེབས་པ་ན། ད་གཟོད་མི་སྣའི་སྣང་བརྙན་ལ་མི་རིགས་དང་ས་གནས་ཀྱི་རྟགས་མཚན་ལྡན་པར་འགྱུར་བ་དང་། མི་སྣའི་གཤིས་ཀ་ལ་རང་མདངས་འབྱུང་བ་མ་ཟད། རྩོམ་རྩལ་ལེགས་ཤིང་རྩོམ་ལུགས་འགྲིག་ན་བདེན་ཁ་མི་འཆོར་བའི་མི་སྣ་ཞིག་འཁྱོངས་ངེས་ཡིན། ཁོ་བོའི་སྒྲུང་གཏམ་རྣམས་ལས《སྲིན་པོ་གཡུ་རྔོག་དང་ཉི་ལྷ་ས》ཡི་མི་སྣ་ཨ་ཁུ་ཀླུ་སྐྱབས་དང་ཨ་ཡེ་དཀར་སྐྱིད་དང་། 《ཧ་ཅང་ཧ་ཅང》གི་མི་སྣ་ཨ་ཁུ་ཐར་ལོ་དང་། 《མེ་ལོང》གི་མི་སྣ་བསྟན་འཛིན་འཇིགས་མེད་སོགས་ཀྱི་སྣང་བརྙན་ནི་སྤྱི་གཤིས་དང་སྒེར་གཤིས་ལྷན་དུ་སྡེབ་ལུགས་ལ་བརྟེན་ནས་གསར་སློང་བྱས་པ་ཡིན།
ཉིས་བརྒྱ་རྩ་དགུ། སྒྲུང་གཏམ་ལས་མི་སྣ་འབྲི་སྐབས་མངོན་པར་བརྗོད་པ་དང་གབ་ནས་བརྗོད་ལུགས་ལྷན་དུ་སྡེབ་དོན་ཅི།
ལན། མངོན་པར་བརྗོད་པ་ཞེས་པ་ནི་མི་སྣའི་ལུས་ཀྱི་བྱ་སྟངས་དང་ངག་གི་བཤད་སྟངས་སོགས་ཐད་ཀར་བྲིས་ཏེ་མི་སྣའི་གཤིས་ཀ་མཚོན་ལུགས་ཤིག་ལ་གོ་དགོས་འདུག་པ་དང་། གབ་ནས་བརྗོད་པ་ཞེས་པ་ནི་བརྗོད་པར་འདོད་པའི་མི་སྣའམ་དོན་དག་གང་ཞིག་མི་སྣ་གཞན་གྱི་སྐད་ཆ་དང་མཐོང་སྣང་། ངོས་ཟིན་སོགས་ཀྱི་རྒྱབ་རོལ་ལ་དྲངས་ཏེ་གབ་པའི་ཚུལ་གྱི་བརྗོད་ལུགས་ཤིག་ལ་གོ་བ་ཡིན་ལ། སྒྲུང་གཏམ་གསར་རྩོམ་གྱི་ལས་ལ་འཇུག་སྐབས། མངོན་པ་དང་མི་མངོན་པའི་བརྗོད་ལུགས་གཉིས་ལྷན་དུ་བསྡེབས་ན། མི་སྣར་སྣང་བརྙན་གསར་བཞེངས་བྱེད་ལུགས་སྣ་ཚོགས་འབྱུང་སྲིད་པ་ལས་གཞན། སྒྲུང་གཏམ་གྱི་ཡིག་ཚོགས་སྐྱུང་བ་དང་། ཀློག་མཁན་ལ་གོ་བ་གློ་བུར་བ་བསྐྱེད་པར་ཤིན་ཏུ་ཕན་པས།སྡེབ་ལུགས་ལེགས་ན་བརྩམས་ཆོས་ཀྱི་ལྟ་ཀློག་དང་སྒྱུ་རྩལ་གྱི་རིན་ཐང་ཇེ་མཐོར་གཏོང་ཐུབ་པར་འདོད།ཁོ་བོའི་སྒྲུང་ཐུང《དྲེད་མོང》ལས་མངོན་པར་བརྗོད་པ་ནི་མཚན་མོའི་དུས་སུ་ཚེ་རིང་གཡུ་མཚོ་སྦྲ་གུར་དུ་བསྡད་དེ་དྲེད་མོང་གིས་གཙེ་བ་འཇིགས་བཞིན་རང་གི་ཁྱོ་ག་བཀྲ་ཤིས་ལ་ངང་སྒུག་བྱེད་བཞིན་ཡོད་པའི་ཚུལ་དེ་ཡིན་པ་དང་། གབ་ནས་བརྗོད་པ་ནི་བཀྲ་ཤིས་དྲེད་མོང་ལ་བརྫུས་ཏེ་རང་ཁྱིམ་གྱི་ར་ལུག་བརྐུས་པའི་ཚུལ་དེ་ཡིན་ལ། སྒྲུང་གཏམ་གྱི་བྱུང་རིམ་འདི་ལྟར་ལྷན་དུ་བསྡེབས་ཏེ་མི་སྣའི་སྣང་བརྙན་གསར་སློང་བྱས་ན། གཅིག་ན་ཡིག་ཚོགས་ཀྱི་དཔུང་ལ་བརྟེན་ནས་མི་སྣ་གཙོ་བོ་སྟེ་ཚེ་རིང་གཡུ་མཚོའི་སྣང་བརྙན་གསར་སློང་བྱེད་ཐུབ་པ་དང་། གཉིས་སུ་བཀྲ་ཤིས་ཀྱིས་ར་ལུག་བརྐུས་པའི་བྱུང་རིམ་གྱི་ཡིག་ཚོགས་སྐྱུང་ཐུབ་པ་དང་། གསུམ་ན་རྩོམ་མཇུག་བསྡུ་སྐབས་བཀྲ་ཤིས་དྲེད་མོང་ལ་བརྫུས་ནས་ར་ལུག་བརྐུས་པའི་གསང་བ་དེ་ཉིད་ཀྱི་མཐིལ་དོན་བརྟོལ་བ་ན། ཀློག་མཁན་ལ་གོ་བ་གློ་བུར་བ་ཞིག་བྱུང་སྟེ་མ་གཞིར་དེ་འདྲ་ཡིན་ནམ་སྙམ་སྲིད་པ་མ་ཟད། སྟབས་ལེགས་ན་རང་ཉིད་གཡོ་འོག་ལ་ཚུད་པའི་ཚོར་བ་བྱུང་སྟེ་སྒྱུ་རྩལ་གྱི་མནར་གཅོད་ཉམས་སུ་མྱོང་ཐུབ།
ཉིས་བརྒྱ་ཆིག་བཅུ། སྒྲུང་གཏམ་ལས་མི་སྣ་འབྲི་སྐབས་གཏན་འཇགས་དང་འགྱུར་ལྡོག་ལྷན་དུ་སྡེབ་དོན་ཅི།
ལན། སྐབས་འདིའི་གཏན་འཇགས་ཞེས་པ་ནི་དུས་ཡུན་ངེས་ཅན་ཞིག་དང་ཁོར་ཡུག་གི་ཆ་རྐྱེན་ངེས་ཅན་ཞིག་གི་འོག་ཏུ།མི་སྣའི་གཤིས་ཀར་འགྱུར་ལྡོག་མི་འབྱུང་བའི་ཆ་དེ་ལ་གོ་དགོས་འདུག་པ་དང་། འགྱུར་ལྡོག་ཅེས་པ་ནི་མི་སྣའི་གཤིས་ཀ་ཡུལ་དུས་དང་བསྟུན་ནས་འགྱུར་ལྡོག་བྱུང་བའི་ཆ་དེ་ལ་གོ་དགོས་ཤིང་། སྒྲུང་གཏམ་སྐོར་ཞིག་ལས་མི་སྣར་རང་གཤིས་གྲུབ་པའི་གོ་རིམ་དང་ཡུལ་དུས་དམིགས་སུ་བསལ་བས་མི་སྣར་འཚིར་སྣོན་བྱས་ཏེ་གཤིས་ཀར་འགྱུར་ལྡོག་བྱུང་བ་དེ་སྟོན་བཞིན་ཡོད་པ་ན། སྒྲུང་གཏམ་གསར་རྩོམ་གྱི་ལས་ལ་འཇུག་སྐབས། རྩོམ་པ་པོ་མང་པོས་མི་སྣའི་གཤིས་ཀའི་གཏན་འཇགས་རང་བཞིན་ལྡན་པའི་ཆ་དེ་འགྱུར་ལྡོག་གི་རྨང་གཞི་བྱེད་པ་དང་། འགྱུར་ལྡོག་གི་ཆ་དེ་ནི་རྐྱེན་སྣ་ཚོགས་ཀྱི་དབང་དུ་སོང་སྟེ་བྱུང་བའི་ཚུལ་གྱིས་སྟོན་བཞིན་ཡོད། དཔེར་ན་ཁོ་བོའི་སྒྲུང་ཐུང《མེད》ལ་ཆ་མཚོན་ན། མི་སྣ་བཀྲ་ཤིས་ཀྱིས་རང་གི་ཕ་མ་གཉིས་ཀ་མ་བརྗེད་དེ། ནམ་རྒྱུན་འདྲ་པར་གལ་ཆེན་རྣམས་ཕ་མར་བསྐུར་པ་དེ་ལས་བཀྲ་ཤིས་ཀྱི་གཤིས་ཀའི་གཏན་འཇགས་ཀྱི་ཆ་དེ་སྟོན་བཞིན་ཡོད་པ་དང་། ཐོག་མར་སློབ་གྲྭར་སླེབས་སྐབས་ལྷ་མོ་གཡུ་མཚོའི་བཀོད་འདོམས་ལྟར་པར་བརྒྱབ་པ་དང་། དེ་ནས་གནམ་བདེ་སྒོ་མོ་ཆེའི་ཁྱམས་ཆེན་ལ་སླེབས་སྐབས། ཁོ་རང་གིས་ལྷ་མོ་གཡུ་མཚོར་བཀོད་འདོམས་བྱས་ཏེ་རང་ལ་པར་བརྒྱབ་པ། ཡང་དེའི་རྗེས་སུ་ཁོ་ལ་མི་རིགས་གཞན་པར་གཏོགས་པའི་དགའ་རོགས་བྱུང་རྗེས། དགའ་རོགས་དང་ལྷན་དུ་རྒྱ་ནག་ལྕགས་རི་རིང་མོར་སོང་སྟེ། མི་རིགས་གཞན་གྱི་སྤྱོད་ལམ་ལྟར་ཁ་བའི་ཁྲོད་དུ་མཆོང་ལྡིང་བྱེད་བཞིན་ངག་ནས“ལྕགས་རི་རིང་མོ། ང་རང་ཁྱོད་ཀྱི་མགྲོན་ལ་བསླེབས་བྱུང”[3]ཞེས་སོགས་བརྗོད་པའི་བྱུང་རིམ་ལས་བཀྲ་ཤིས་ཀྱི་གཤིས་ཀའི་ཁྲོད་ཀྱི་འགྱུར་ལྡོག་གི་ཆ་དེ་བསྟན་པ་ཡིན་ནོ།།
[1]བཀྲ་བྷ།《བཀྲ་བྷ་ཡི་སྒྲུང་ཐུང་ཕྱོགས་བསྒྲིགས》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2016ལོ།ཤོག་ངོས126-127ན་གསལ།
[2]བཀྲ་བྷ།《བཀྲ་བྷ་ཡི་སྒྲུང་ཐུང་ཕྱོགས་བསྒྲིགས》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2016ལོ།ཤོག་ངོས122ན་གསལ།
[3]བཀྲ་བྷ།《བཀྲ་བྷ་ཡི་སྒྲུང་ཐུང་ཕྱོགས་བསྒྲིགས》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2016ལོ།ཤོག་ངོས204ན་གསལ།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10