སྒྲུང་གཏམ་གསར་རྩོམ་ཐད་ཀྱི་དྲི་བ་དྲིས་ལན་སྐལ་ལྡན་ཡིད་ཀྱི་མུན་སེལ།༼༦༽

བཀྲ་བྷ།        2020-03-30

ཆིག་བརྒྱ་ང་གཅིག སྒྲུང་གཏམ་ཁྲོད་དུ་མི་སྣ་འདྲེན་ལུགས་གང་དག་ཡོད།

   ལན། སྒྲུང་གཏམ་གྱི་བརྗོད་བྱའི་འབྱུང་གཞིའམ་འབྱུང་རྐྱེན་ནི་འཚོ་བ་ཡིན་པས། སྒྲུང་གཏམ་པས་རྩོམ་གྲབས་ཡོད་པའི་བརྩམས་ཆོས་ཁྲོད་ལ་མི་སྣ་འདྲེན་སྐབས། འཚོ་བའི་ཁྲོད་ཀྱི་མཐོང་ཐོས་སམ། ཉམས་མྱོང་ངམ།ཚོར་བ་སོགས་གཞིར་བཟུང་ནས་མི་སྣ་སྒྲིག་སྦྱོར་བྱ་དགོས་འདུག་ལ། ཁོ་བོའི་གསར་རྩོམ་གྱི་ཉམས་མྱོང་ལྟར་ན། སྒྲུང་གཏམ་ཁྲོད་ལ་མི་སྣ་འདྲེན་ལུགས་ནི་རྩོམ་གྱི་བརྗོད་འདོད་དང་འབྲེལ་བ་ཡོ་དེ། སྐབས་རེར་མི་ངོ་མ་དང་དོན་དག་ངོ་མར་བཟོ་བཅོས་ཅུང་ཟད་བྱས་ཏེ་བརྩམས་ཆོས་ཁྲོད་ལ་དྲངས་ཆོག་པ་དང་། མཚམས་རེར་མི་མང་པོའི་ཁྱད་ཆོས་གཅིག་ཏུ་བསྡུས་ནས་འདྲེན་དགོས་འདུག

ཆིག་བརྒྱ་ང་གཉིས།  སྒྲུང་གཏམ་ཁྲོད་ལ་མི་ངོ་མ་དང་དོན་དག་ངོ་མ་གང་ལྟར་འདྲེན་དགོས།

   ལན། སྒྲུང་གཏམ་གསར་རྩོམ་བྱེད་སྐབས། བརྩམས་ཆོས་སུ་འཚོ་བའི་ཁྲོད་ཀྱི་མི་ངོ་མ་དང་དོན་དག་ངོ་མ་འདྲེན་ན།  མིའམ་དོན་དག་ངོ་མ་དེ་སྒྲུང་གཏམ་ཁྲོད་ལ་ཇི་མ་ཇི་བཞིན་དུ་འདྲེན་མི་དགོས་ཏེ། རྩོམ་མཁན་གྱིས་རང་གི་གསར་རྩོམ་གྱི་དམིགས་ཡུལ་ལྟར། མི་སྣའི་ཕྱི་མོའི་དགོས་མཁོ་མེད་པའི་ཁག་རྣམས་འདོར་བ་དང་། མི་འདང་བའི་ཁག་དེ་རྟོག་བཟོ་བརྒྱུད་ནས་ཁ་གསབ་བྱས་ཏེ།  གཤིས་ཀ་ཕྱི་མོ་ལས་འབུར་དུ་ཐོན་ཞིང་དཔེ་མཚོན་རང་བཞིན་ལྡན་པའི་མི་སྣའི་སྣང་བརྙན་གསར་སློང་བྱ་དགོས།ཁོ་བོའི་སྒྲུང་གཏམ་དུ་མི་སྣ་དང་མི་སྣ་དེ་ལ་འབྲེལ་བ་ཡོད་པའི་དོན་དག་ངོ་མར་བཟོ་བཅོས་ཅུང་ཟད་བྱས་ནས་དྲངས་པ་ཅུང་མང་སྟེ དཔེར་ན《བསོད་ནམས་རྒྱ་མཚོ》ཁྲོད་ཀྱི་བསོད་ནམས་རྒྱ་མཚོའི་ཕྱི་མོ་ནི་བདག་གི་སློབ་ཆུང་སྐབས་ཀྱི་སློབ་གྲོགས་ཤིག་ཡིན་ལ། སྒྲུང་གཏམ་དེ་ཉིད་གསར་རྩོམ་བྱེད་སྐབས། སློབ་གྲོགས་ཀྱི་ལུས་ཀྱི་རྣམ་པ་དང་སྤྱོད་པ་སྐོར་ཞིག་གང་ལྟར་ཡིན་ན་དེ་ལྟར་དྲངས་པ་དང་། རང་གི་བརྗོད་འདོད་ཡོད་པའི་གནད་དོན་སྐོར་ཞིག་མཚོན་མི་ཐུབ་པའི་སྐབས་སུ།དགོས་མཁོ་ཡོད་པའི་བྱུང་རིམ་རྟོག་བཟོ་བྱས་ནས་སྒྲུང་གཏམ་དེ་ཉིད་བརྩམས་པ་ཡིན།  

ཆིག་བརྒྱ་ང་གསུམ། སྒྲུང་གཏམ་གྱི་མི་སྣ་སྒྲིག་སྦྱོར་བྱེད་སྐབས་མི་མང་པོའི་ཁྱད་ཆོས་གཞི་གཅིག་ཏུ་བསྡུ་དགོས་པའི་རྒྱུ་མཚན་ཅི།

   ལན། སྒྲུང་གཏམ་གང་ཞིག་ལས་དཔེ་མཚོན་རང་བཞིན་ལྡན་པ། རང་གཤིས་དོད་པོ་མངའ་བའི་མི་སྣ་གཅིག་གམ་དུ་མའི་སྣང་བརྙན་གསར་སློང་བྱེད་པ་དང་། དེ་དག་གི་ལས་དབང་དང་གཤིས་ཀ་ནི་དུས་རབས་ཀྱི་རྟགས་མཚན་གསལ་བའི་སྒོ་ནས་སྟོན་དགོས་ན། སྒྲུང་གཏམ་པས་སྒྲུང་གཏམ་བློས་སློང་བྱེད་སྐབས། སྐབས་རེར་འཚོ་བའི་ཁྲོད་ཀྱི་མི་མང་པོའི་གཤིས་ཀ་དང་མི་ཚེའི་གོ་རིམ་ཕྱོགས་གཅིག་ཏུ་བསྡུས་ཏེ། གཤིས་ཀ་མངོན་པར་གསལ་བའི་མི་སྣ་གསར་བ་ཞིག་རྟོག་བཟོ་བྱ་དགོས་བྱུང་བ་རེད།   

ཆིག་བརྒྱ་ང་བཞི། སྒྲུང་གཏམ་ལས་མི་མང་པོའི་ཁྱད་ཆོས་ཕྱོགས་གཅིག་ཏུ་བསྡུ་བ་ལ་བསྡུ་ལུགས་ག་འདྲ་ཡོད།

   ལན། སྒྲུང་གཏམ་གསར་བ་བློས་སློང་བྱེད་སྐབས། རྩོམ་པ་པོར་ཆ་རྒྱུས་ཡོད་པའི་མི་མང་པོའི་ཁྱད་ཆོས་ཕྱོགས་གཅིག་ལ་བསྡུ་ལུགས་ནི་གཉིས་ཡོད་དེ། གལ་སྲིད་རྩོམ་པ་པོས་སྣང་བརྙན་ནམ་གཤིས་ཀ་མངོན་པར་གསལ་བའི་མི་སྣ་ཞིག་བརྩམས་ཆོས་ཁྲོད་ལ་འདྲེན་གྲབས་ཡོད་ན། མི་མང་པོའི་སྣང་བརྙན་ནམ་གཤིས་ཀ་ལས་ཁྱད་ཆོས་རིགས་མཐུན་གཞི་གཅིག་ལ་བསྡུ་དགོས་པ་དང་། གལ་སྲིད་གཤིས་ཀར་རྙོག་དྲ་ལྡན་པའི་མི་སྣ་ཞིག་བརྩམས་ཆོས་སུ་འདྲེན་གྲབས་ཡོད་ན། མི་མང་པོའི་གཤིས་ཀ་ལས་ཁྱད་ཆོས་རིགས་མི་མཐུན་པ་གཞི་གཅིག་བསྡུ་དགོས་འདུག་སྙམ་མོ།།

ཆིག་བརྒྱ་ང་ལྔ། ཁྱད་ཆོས་རིགས་མཐུན་གཞི་གཅིག་ལ་བསྡུ་བ་ཞེས་པ་ནི་ག་འདྲ་ཞིག་ལ་གོ་དགོས་འདུག

   ལན། ཁྱད་ཆོས་རིགས་མཐུན་གཞི་གཅིག་ལ་བསྡུ་བ་ཞེས་པ་ནི་གཤིས་ཀ་དང་འཚོ་བའི་བརྒྱུད་རིམ་གཅིག་མཐུན་ཡིན་པའི་མི་མང་པོ་ཞིག་གི་ཁྱད་ཆོས་དེ་མི་གཅིག་ལ་སྦྱར་ཏེ། ཕྱོགས་བསྡུའི་ཐབས་ལ་བརྟེན་ནས་མི་སྣའི་སྣང་བརྙན་སྔར་ལས་ཇེ་གསལ་གཏོང་བའི་བློས་སློང་གི་ཐབས་ལམ་ཞིག་ལ་གོ་བ་ཡིན་ཏེ། ཁོ་བོའི་སྒྲུང་གཏམ་གྱི་མི་སྣ་རྣམས་ལ་ཆ་མཚོན་ན། ཤེས་དང་མ་ཤེས་པ། ཡིད་འཇོག་བྱས་དང་མ་བྱས་གཉིས་ཀའི་སྒོ་ནས་འཚོ་བའི་ཁྲོད་ཀྱི་གང་ཟག་རིགས་མཐུན་རྣམས་ཀྱི་རྣམ་པ་དང་སྤྱོད་པ། གཤིས་ཀ་སོགས་གཞི་གཅིག་ལ་བསྡུས་པ་ཅུང་མང་སྟེ། དཔེར་ན《མ་གྱུར་སེམས་ཅན》ཁྲོད་ཀྱི་གསོལ་ཐབ་པ་བདེ་གྲོལ་ནི་སྤྲུལ་སྐུའི་གསོལ་ཐབ་པའམ་ནང་འཁོར་མང་པོའི་ཐུན་མོང་གི་སྤྱོད་ལམ་གཞི་གཅིག་ལ་བསྡུས་ནས་བྱུང་བ་དང་། 《གྲོང་ཁྱེར་གྱི་འཚོ་བ》ཞེས་པའི་ཁྲོད་ཀྱི་ཁྱུ་ཁྱུ་ནི་བོད་རིགས་ཤེས་ཡོན་པ་སྐོར་ཞིག་གི་ཐུན་མོང་གི་ལས་དབང་དམིགས་སུ་བཟུང་ནས་བརྩམས་ཆོས་སུ་དྲངས་པ་ན། མི་སྣའི་བདེ་སྡུག་དང་སྤྱོད་ལམ་ནི་འབྲོག་ཁུལ་ནས་ནར་སོན་པ་དང་གྲོང་ཁྱེར་དུ་འཚོ་བ་རོལ་བཞིན་ཡོད་པའི་བོད་པ་རྣམས་ཀྱི་བསྡུས་གཟུགས་སུ་གྱུར་པ་ལྟ་བུའོ།། 

ཆིག་བརྒྱ་ང་དྲུག ཁྱད་ཆོས་རིགས་མི་མཐུན་པ་གཞི་གཅིག་ལ་བསྡུ་བ་ཞེས་པ་ནི་ག་འདྲ་ཞིག་ལ་གོ་དགོས།

   ལན། རིགས་མི་མཐུན་པ་ཕྱོགས་གཅིག་བསྡུ་བ་ཞེས་པ་ནི་གཤིས་ཀ་དང་འཚོ་བའི་མོས་འདུན་མི་འདྲ་བའི་མི་མང་པོ་ཞིག་གི་ཁྱད་ཆོས་མང་པོ་དེ་མི་སྣ་གཅིག་ལ་སྦྱར་ཏེ། མི་སྣའི་གཤིས་ཀ་རྙོག་དྲ་ཅན་དུ་སྒྱུར་བའི་བློས་སློང་གི་ཐབས་ལམ་ཞིག་ལ་གོ་བ་ཡིན། སྒྲུང་གཏམ་གསར་རྩོམ་ལ་རྟོག་བཟོ་གལ་ཆེ་བ་དང་། མི་སྣ་ལ་སྣང་བརྙན་ནམ་གཤིས་ཀ་དགོས་གལ་ཆེ་བས། གལ་སྲིད་རིགས་མི་མཐུན་པའི་མི་སྣའི་ཁྱད་ཆོས་གཅིག་ཏུ་བསྡུས་ཏེ་མི་སྣ་གཅིག་གཏན་ལ་ཕབ་པ་ན། མི་སྣའི་གཤིས་ཀ་རྙོག་འཛིང་ཅན་དུ་འགྱུར་ཐུབ་པ་མ་ཟད། མི་སྣའི་སྣང་བརྙན་དཔེ་མཚོན་རང་བཞིན་ལྡན་པའི་ངང་ནས་གསར་སློང་བྱེད་ཐུབ། ཁོ་བོའི་སྒྲུང་གཏམ་རྣམས་སུ་མི་སྣ་མང་པོ་ཞིག་ནི་རྟོག་བཟོ་ལ་བརྟེན་ནས་བྱུང་བ་ན། ཡིད་འཇོག་བྱས་དང་མ་བྱས་གཉིས་ཀའི་སྒོ་ནས་རིགས་མི་མཐུན་པའི་མི་དུ་མའི་ཁྱད་ཆོས་གཞི་གཅིག་ལ་བསྡུས་ཏེ་མི་སྣ་གཅིག་སྒྲིག་སྦྱོར་བྱས་པ་ཅུང་མང་སྟེ།      དཔེར་ན་སྒྲུང་ཐུང《གལ་ཏེ》ཁྲོད་ཀྱི“ཁྱོད”ནི་ཕུགས་ཀྱི་འདུན་མ་དང་དངོས་ཡོད་འཚོ་བའི་ཕེག་རྡེབ་ཁྲོད་དུ་ཕམ་ཁ་ཉོས་པའི་མི་སྣ་ཞིག་ཡིན་ལ།   སྒྲུང་གཏམ་ལས་ཕམ་ཁ་ཉོས་པའི་མི་སྣ་ཞིག་གི་སྣང་བརྙན་གསར་སློང་བྱེད་ཆེད།  ཕུགས་འདུན་ཅན་གྱི་མི་རྣམས་འུ་ཐུག་པའི་སྐབས་སུ་རང་གི་འཚོ་སྟངས་ལ་དང་དོད་ཆེན་པོ་མི་བྱེད་པའི་སྣང་ཚུལ་གཞིར་བཟུང་སྟེ།ལེ་ལོ་ཅན་གྱི་བྱ་སྤྱོད་དང་ཕུགས་འདུན་ཅན་གྱི་བྱ་སྤྱོད་གཞི་གཅིག་ལ་བསྡེབས་ནས་བྱུང་རིམ་བསྒྲིགས་པ་དང་། གསར་དུ་བསྒྲིགས་པའི་བྱུང་རིམ་དེ་མི་སྣ“ཁྱོད”ཀྱི་སྤྱོད་པ་དང་། ཡིད་ཀྱི་འཆར་སྒོ་བཅས་སུ་བསྒྱུར་ནས་བརྗོད་པ་ན། འགལ་བའི་ཀློང་ན་གནས་པའི་གཞོན་ནུ་ཞིག་གི་སྣང་བརྙན་གསར་སློང་བྱེད་ཐུབ་པར་གྱུར།

སྒྲུང་གཏམ་གསར་རྩོམ་ཐད་ཀྱི་དྲི་བ་དྲིས་ལན་སྐལ་ལྡན་ཡིད་ཀྱི་མུན་སེལ།༼༦༽

ཆིག་བརྒྱ་ང་བདུན། སྒྲུང་གཏམ་ལ་མི་སྣ་སྒྲིག་སྦྱོར་བྱེད་སྐབས་ཕྱོགས་གང་དག་ལ་ཡིད་འཇོག་བྱ་དགོས། 

   ལན། སྒྲུང་གཏམ་ལ་མི་སྣ་སྒྲིག་སྦྱོར་བྱེད་སྐབས་ཡིད་འཇོག་བྱ་དགོས་པ་འདི་འདྲ་ཡོད་པར་འདོད་དེ། གཅིག མི་སྣ་ངོ་མ་དང་དོན་དག་ངོ་མར་བཟོ་བཅོས་བྱེད་སྐབས། མི་ངོ་མའི་མཚང་ལ་མི་ཕོག་པ་དང་། བརྙས་དམོད་ཅི་ཡང་མ་ཐེབས་པ་ཞིག་ཡིན་དགོས། གཉིས། མི་མང་པོའི་ཁྱད་ཆོས་གཞི་གཅིག་ལ་བསྡུ་སྐབས། ཁྱད་ཆོས་དེ་གང་ཞིག་བརྗོད་པར་འདོད་པའི་དགོས་མཁོ་དང་བསྟུན་ཏེ་གཞི་གཅིག་ལ་བསྡུ་དགོས། གསུམ། མི་མང་པོའི་ཁྱད་ཆོས་མི་མཐུན་པ་གཞི་གཅིག་ལ་བསྡུ་སྐབས། མི་གཤིས་ཀྱི་རྙོག་དྲ་སྟོན་པ་ལ་དམིགས་པ་གཏད་དགོས།

ཆིག་བརྒྱ་ང་བརྒྱད། སྒྲུང་གཏམ་གྱི་མི་སྣ་ལ་སྣང་བརྙན་གཏན་ལ་འབེབས་ལུགས་ག་འདྲ་ཡོད།

   ལན། སྒྲུང་གཏམ་གསར་བ་གང་ཞིག་བློས་སློང་བྱེད་སྐབས། མི་སྣའི་སྣང་བརྙན་གཏན་ལ་འབེབས་ན་གཏན་འབེབས་བྱེད་ལུགས་ནི་གསུམ་ཡོད་དེ། གཟུགས་བྱད་དང་གྱོན་གོས་ལ་བརྟེན་ནས་ལུས་ཀྱི་རྣམ་པ་གཏན་ལ་ཕབ་དང་། དགའ་སྤྲོ་ཆགས་སྡང་ལ་བརྟེན་ནས་སེམས་ཀྱི་རྣམ་པ་གཏན་ལ་ཕབ་པ་དང་། ལུས་ཀྱི་བྱ་སྟངས་དང་ངག་གི་བཤད་སྟངས་ལ་བརྟེན་ནས་སྤྱོད་པའི་རྣམ་པ་གཏན་ལ་ཕབ་པ་རྣམས་སོ།། 

ཆིག་བརྒྱ་ང་དགུ། མི་སྣའི་སྣང་བརྙན་གཏན་ལ་འབེབས་སྐབས་ལུས་ཀྱི་རྣམ་པ་གཏན་ལ་ཕབ་ན་དགེ་མཚན་ཅི།

ལན།  སྐབས་འདིའི་ལུས་ཀྱི་རྣམ་པ་ནི་མི་སྣའི་བཞིན་རས་དང་། གྱོན་གོས། རྣམ་འགྱུར་སོགས་མིག་གིས་འཛིན་པར་ནུས་པའི་སྣང་བརྙན་མཚོན་བྱེད་ཀྱི་གྲུབ་ཆ་བྱེ་བྲག་པ་རྣམས་ལ་གོ་དགོས་ཤིང་། སྒྲུང་གཏམ་ཁྲོད་དུ་མི་སྣའི་ལུས་ཀྱི་རྣམ་པ་གཟུགས་རིས་གསལ་བའི་སྒོ་ནས་འདྲེན་ནུས་ན།   དེ་ལ་དགེ་མཚན་ཆེན་པོ་ལྡན་པས། ཨུ་རུ་སིའི་སྒྲུང་གཏམ་པ་གྲགས་ཅན་ཀོ་ཀི་ལིས་ལགས་ཀྱིས་ཚུལ་དེ་གླེང་སྐབས“ལུས་ཀྱི་རྣམ་པ་ནི་མི་སྣའི་གསང་བའི་སྒོ་མོ་འབྱེད་པའི་ལྡེ་མིག་ཡིན”[1]ཞེས་བརྗོད་པ་རེད། གསར་རྩོམ་གྱི་ལག་ལེན་དངོས་ལ་གཞིགས་ན། གལ་སྲིད་སྒྲུང་གཏམ་ལས་མི་སྣའི་ལུས་ཀྱི་རྣམ་པ་རྟགས་མཚན་གསལ་བའི་སྒོ་ནས་བཀོད་འབྲི་བྱས་ཏེ། མི་སྣའི་སྣང་བརྙན་ནི་ཀློག་པ་པོའི་སྣང་ངོར་རི་མོའི་གཟུགས་ལྟར་སྣང་ཡོང་བ་ཞིག་གསར་སློང་བྱེད་ནུས་ན། མི་སྣའི་ལས་རིགས་དང་གཤིས་ཀ  སེམས་ཀྱི་མོས་འདུན་དང་དགའ་ཕྱོགས་མཚོན་པ་ལ་ཆེ་ཆེར་ཕན་པ་ཡིན་ནོ།།

ཆིག་བརྒྱ་དྲུག་ཅུ། མི་སྣའི་གཏན་ལ་འབེབས་ན་ཐབས་ལམ་གང་དག་ཡོད།

   ལན། གསར་རྩོམ་ལ་བྱང་ཆ་ཡོད་པའི་སྒྲུང་གཏམ་པ་སྐོར་ཞིག་གི་ཉམས་མྱོང་ལྟར་ན། མི་སྣའི་ལུས་ཀྱི་རྣམ་པ་གཏན་ལ་འབེབས་ན་ཐབས་ལམ་ནི་གསུམ་ཡོད་དེ། ཕྱི་མོའི་སྣང་བརྙན་ཐད་ཀར་འདྲེན་པ་དང་། ཕྱི་མོའི་སྣང་བརྙན་ལ་གཞན་གྱི་སྣང་བརྙན་སྦྱོར་བ། དགོས་མཁོ་ལྟར་སྣང་བརྙན་གསར་བ་རྟོག་བཟོ་བྱེད་པ་རྣམས་སོ།།

ཆིག་བརྒྱ་རེ་གཅིག  ཕྱི་མོའི་སྣང་བརྙན་ཐད་ཀར་དྲངས་ན་དགེ་མཚན་ཅི་ཞིག་ཡོད།

   ལན། སྤྱིར་བཏང་དུ་བཤད་ན། བློས་སློང་གི་སྐབས་སུ་སྒྲུང་གཏམ་གྱི་མི་སྣ་གང་གི་ཕྱི་མོའི་སྣང་བརྙན་ཐད་ཀར་དུ་དྲངས་ཏེ་སྣང་བརྙན་གསར་སློང་བྱས་ན་དགེ་མཚན་འདི་འདྲ་ལྡན་ཏེ། གཅིག་ན་གསར་རྩོམ་གྱི་ལས་ལ་འཇུག་སྐབས་མ་དཔེ་གཟུགས་རིས་ཅན་ཞིག་སེམས་ན་གསལ་ལེར་གནས་པས། སྣང་བརྙན་གསར་བ་ཞིག་རྟོག་བཟོ་བྱ་མི་དགོས་པ་དང་། གཉིས་སུ་ཁྱད་ཆོས་དོད་པོ་ལྡན་པའི་ཕྱི་མོའི་སྣང་བརྙན་ཐད་ཀར་དྲངས་ན།སྒྲུང་གཏམ་ལས་མི་སྣའི་སྣང་བརྙན་ནི་བདེན་པར་རློམ་རུང་བ། རྒྱུས་མངའ་ཞིང་ཡིད་དབང་འཕྲོག་པ་ཞིག་གསར་སློང་བྱེད་ཐུབ། དཔེར་ན《སྒྲོལ་མ་ཉེར་གཅིག》གི་བཅོ་ལྔ་པ་སྟེ《རྨ་ཆུ། འདི་ནས་རྒྱང་ལ་འཐེན》ཁྲོད་ཀྱི“མོ”ཡི་དགའ་རོགས་ཀྱི་ཕྱི་མོ་ནི་སྐྲ་ལོ་ལིལ་ལེར་འཁྱིལ་འདུག་པ་ཞིག་ཡིན་པས། སྒྲུང་གཏམ་དེ་ཉིད་གསར་རྩོམ་བྱེད་སྐབས། ཕྱི་མོའི་སྣང་བརྙན་ཐད་ཀར་དྲངས་ཏེ།  “མོ་རྨ་ཆུའི་འགྲམ་ངོགས་སུ་ལངས་ནས། ཟེད་ཟེད་གཡོ་བའི་རླབས་ཕྲེང་ལ་ཅེར། ཁོ་རང་གི་ཨ་ལོང་བཞིན་འཁྱིལ་བའི་སྐྲ་ལོ་རླབས་རྩེ་ལས་འབུས་ཏེ། མོའི་སེམས་ཁོང་དུ་འཛིང”[2]ཞེས་བྲིས་པ་ལྟ་བུའོ།།   

ཆིག་བརྒྱ་རེ་གཉིས། ཕྱི་མོའི་སྣང་བརྙན་ལ་གཞན་གྱི་སྣང་བརྙན་སྦྱོར་དོན་ཅི།

   ལན། ཕྱི་མོའི་སྣང་བརྙན་ལ་གཞན་གྱི་སྣང་བརྙན་སྦྱོར་བ་ནི་མི་སྣའི་སྣང་བརྙན་སྔར་ལས་ཇེ་གསལ་ལ་གཏོང་བར་དམིགས་པ་ཡིན་ཏེ། རྩོམ་པ་པོས་སྒྲུང་གཏམ་ཁྲོད་ཀྱི་མི་སྣའི་སྣང་བརྙན་གསར་སློང་བྱེད་སྐབས། ཕྱི་མོའི་སྣང་བརྙན་ཁོ་ན་ལ་བརྟེན་ནས་མི་སྣར་སྣང་བརྙན་ཡིད་ཚིམ་པ་ཞིག་ཇུས་འགོད་བྱེད་མི་ནུས་ན། ཕྱི་མོའི་སྣང་བརྙན་སྲོག་ཤིང་དུ་འགོད་པ་དང་།འཚོ་བའི་ཁྲོད་དུ་ཆ་རྒྱུས་ཡོད་པའི་མི་ལས་གཟུགས་བྱད་ཀྱི་ཁྱད་ཆོས་འབའ་ཞིག་བསྡུས་ནས་ཕྱི་མོར་སྦྱར་ཏེ། སྣང་བརྙན་རང་རྐྱ་ཕེར་བ་ཞིག་གསར་བཞེངས་བྱས་ཆོག ཁོ་བོས་སྒྲུང་གཏམ་གསར་རྩོམ་བྱེད་སྐབས། མི་སྣ་མང་པོ་ཞིག་ནི་ཕྱི་མོའི་སྣང་བརྙན་ལ་གཞན་གཞན་གྱི་སྣང་བརྙན་འབའ་ཞིག་སྦྱར་ཏེ་གཏན་ལ་ཕབ་པ་ཡིན་ཏེ། དཔེར་ན《སྲིན་པོ་གཡུ་རྔོག་དང་ཉི་མ་ལྷ་ས》ནང་གི་མི་སྣ་དགེ་གོ་ནི་བོད་ལུགས་སྨན་ཁང་གཉེར་མཁན་གྱི་གྲོགས་པོ་ཞིག་གི་སྣང་བརྙན་ཕྱི་མོར་བཟུང་བ་དང་། དེ་ལ་མི་གཞན་གྱི་སྣང་བརྙན་འབའ་ཞིག་སྦྱར་ཏེ་སྒྲིག་སྦྱོར་བྱས་པ་དང་། དེ་མིན《ར་བྷ་འདྲེ་མིག་དང་རིན་ཆེན་རྐྱལ་ཁ》ནང་གི་སྟོང་དཔོན་ཁྲོ་རྒྱལ་བེར་དཀར་དང་། ར་བྷ་འདྲེ་མིག་དང་། རིན་ཆེན་རྐྱལ་ཁ་རྣམས་དང་།  《ཧ་ཅང་ཧ་ཅང》ནང་གི་ཨ་ཁུ་ཐར་ལོ།《གྲོང་ཁྱེར་འཚོ་བ》ཡི་ནང་གི་ཁྱུ་ཁྱུ།《རླུང》གི་མི་སྣ་བསོད་ནམས་རྒྱ་མཚོ་སོགས་ཀྱི་སྣང་བརྙན་ཡང་དེ་ལྟར་གཏན་ལ་ཕབ་པ་ཡིན་ནོ།།

སྒྲུང་གཏམ་གསར་རྩོམ་ཐད་ཀྱི་དྲི་བ་དྲིས་ལན་སྐལ་ལྡན་ཡིད་ཀྱི་མུན་སེལ།༼༦༽

ཆིག་བརྒྱ་རེ་གསུམ། དགོས་མཁོ་ལྟར་སྣང་བརྙན་གསར་བ་རྟོག་བཟོ་བྱེད་པ་ཞེས་པ་ནི་ག་འདྲ་ཞིག་ལ་གོ་དགོས།

   ལན། སྒྲུང་གཏམ་རྩོམ་པ་པོ་ཞིག་ལ་ཆ་མཚོན་ན། དུས་རྒྱུན་གྱི་འཚོ་བའི་ཁྲོད་དུ་མི་མང་པོར་འབྲེལ་འདྲིས་བྱས་པ་དང་།དངོས་པོ་སྣ་ཚོགས་མཐོང་བ་མ་ཟད།ད་དུང་བེད་སྤྱོད་བྱེད་པའི་གོ་སྐབས་ཀྱང་བྱུང་བ་ན།  དེ་དག་གི་སེམས་ཁོང་ནི་སྣང་བརྙན་སྣ་ཚོགས་ཉར་འདུག་པའི་མཛོད་ཁང་ཞིག་ཏུ་གྱུར་ཡོད་ལ། རྩོམ་པ་པོའི་སེམས་སུ་སྣང་བརྙན་ཤིན་ཏུ་མང་པོ་འདུས་པ་ན།   གསར་རྩོམ་ལས་ལ་དངོས་སུ་འཇུག་སྐབས། སྐབས་སུ་བབས་པའི་དགོས་མཁོ་ལྟར་མི་མང་པོ་ཞིག་གི་སྣང་བརྙན་ཕྱོགས་གཅིག་ལ་བསྡུས་ཏེ། སྣང་བརྙན་གསར་བ་ཞིག་གསར་སློང་བྱེད་བཞིན་ཡོད་ལ།   སྣང་ཚུལ་འདི་འདྲ་བྱུང་བའི་སྐབས་སུ།  རྩོམ་པ་པོས་སྒྲུང་གཏམ་ཁྲོད་ཀྱི་མི་སྣའི་ཕྱི་མོ་སུ་ཡིན་བརྗོད་མི་ནུས།   ཁོ་བོས་མིག་སྔའི་བར་དུ་སྒྲུང་གཏམ་བརྒྱད་ཅུ་ལྷག་གསར་རྩོམ་བྱས་སོང་ལ། དེ་དག་ལས་མི་སྣ་སྐོར་ཞིག་མ་གཏོགས་ཕལ་མོ་ཆེའི་ཕྱི་མོ་ནི་སུ་གང་ཞིག་ཡིན་ཞེས་བརྗོད་མི་ནུས་པས།   དེ་དག་གི་སྣང་བརྙན་ནི་དགོས་མཁོ་ལྟར་རྟོག་བཟོ་བྱས་པའི་གྲས་སུ་འདྲེན་དགོས་འདུག

ཆིག་བརྒྱ་རེ་བཞི། ང་གཏམ་ལས་མི་སྣའི་ལུས་ཀྱི་རྣམ་པ་གཏན་ལ་འབེབས་སྐབས་ཡིད་འཇོག་བྱ་དགོས་པ་ག་འདྲ་ཡོད།

   ལན། སྒྲུང་གཏམ་ལས་མི་སྣའི་ལུས་ཀྱི་རྣམ་པ་གཏན་ལ་འབེབས་སྐབས་ཡིད་འཇོག་བྱ་དགོས་པ་འདི་འདྲ་ཡོད་པར་འདོད་དེ། གཅིག མི་སྣའི་ལུས་ཀྱི་རྣམ་པ་ལས་མི་སྣའི་གཤིས་ཀ་དང་ལས་དབང་མཚོན་ཐུབ་དགོས། གཉིས། མི་སྣའི་ལུས་ཀྱི་རྣམ་པ་ལ་དུས་རབས་དང་ས་གནས་ཀྱི་རྟགས་མཚན་གསལ་དགོས། གསུམ། མི་སྣའི་ལུས་ཀྱི་རྣམ་པ་ལས་རྩོམ་མཁན་གྱི་སྒྱུ་རྩལ་ཕུགས་འདུན་མཚོན་ཐུབ་དགོས།  

ཆིག་བརྒྱ་རེ་ལྔ། མི་སྣའི་རྣམ་པ་གཏན་ལ་འབེབས་སྐབས་སེམས་ཀྱི་རྣམ་པར་དང་དོད་བྱེད་དོན་ཅི།

   ལན། མི་སྣ་ཁོར་ཡུག་ངེས་གཏན་ཅན་ཞིག་ན་གནས་སྐབས་ཀྱི་ཡིད་ཀྱི་འཆར་སྒོ་དང་དགའ་སྤྲོ་ཆགས་སྡང་དེ་རྣམ་པ་གསལ་བའི་སྒོ་ནས་ཡི་གེར་བཀོད་པ་ལ་སེམས་ཁམས་བཀོད་འབྲི་ཟེར་བ་ཡིན་ཏེ། སྒྲུང་གཏམ་པས་མི་སྣའི་སེམས་ཀྱི་རྣམ་པ་མཚོན་སྐབས།མི་སྣའི་སེམས་ཁམས་ནི་དགའ་སྤྲོ་ཆགས་སྡང་གི་རྒྱ་ལ་དྲངས་ཏེ་བཀོད་འབྲི་བྱས་པ་ན། མི་སྣའི་སྣང་བརྙན་ནི་གཟུགས་རིས་གསལ་བའི་གསར་སློང་བྱེད་ཐུབ་པས། རྩོམ་པ་པོ་རྣམས་ཀྱིས་སྒྲུང་གཏམ་གསར་རྩོམ་བྱེད་སྐབས། བརྗོད་བྱའི་ཁྱད་ཆོས་དང་བརྗོད་འདོད་གཉིས་ཀ་དམིགས་སུ་བཟུང་སྟེ་མི་སྣའི་སྣང་བརྙན་གསར་སློང་གི་ལས་ལ་འབད་བཞིན་ཡོད།

ཆིག་བརྒྱ་རེ་དྲུག མི་སྣའི་སེམས་ཀྱི་རྣམ་པ་གཏན་ལ་འབེབས་ལུགས་ག་འདྲ་ཡོད།

   ལན། སྒྲུང་གཏམ་གསར་རྩོམ་བྱེད་སྐབས། མི་སྣའི་སེམས་ཀྱི་རྣམ་པ་གཏན་ལ་འབེབས་ལུགས་ནི་གསུམ་ཡོད་པ་འདྲ་སྟེ། འདྲ་བཤུ་སྟེ་སེམས་ཀྱི་རྣམ་པ་ཕྱི་མོ་དང་བསྟུན་པ་དང་། ཕྱོགས་སྒྲིག་སྟེ་ཕྱི་མོ་དུ་མ་གཞི་གཅིག་ལ་སྡེབ་པ་དང་། རྟོག་བཟོ་སྟེ་དགོས་མཁོ་ལྟར་རྟོག་བཟོ་བྱེད་པ་རྣམས་སོ།།

ཆིག་བརྒྱ་རེ་བདུན། གནས་ཚུལ་ག་འདྲའི་འོག་ཏུ་མི་སྣའི་སེམས་ཀྱི་རྣམ་པ་ཕྱི་མོ་དང་བསྟུན་ཏེ་འདྲ་བཤུ་བྱས་ཆོག

   ལན། མི་སྣའི་སྣང་བརྙན་གཏན་ལ་འབེབས་སྐབས། གལ་སྲིད་རྩོམ་པ་པོས་མི་སྣའི་གཤིས་ཀ་ཐད་ཀྱི་རྙོག་དྲའི་ཆ་དེ་འབྲི་གྲབས་མེད་པ་དང་། རྒྱུན་ལྡན་གྱི་འཚོ་བའི་ཁྲོད་ཀྱི་རྒྱུན་ལྡན་གྱི་སེམས་ཁམས་ཤིག་མཚོན་གྲབས་ཡོད་ན། སྒྲུང་གཏམ་གྱི་བྱུང་རིམ་གང་ཞིག་མདུན་ལ་འདེད་སྐབས། མི་སྣ་དོན་དག་ཅི་ལ་འཕྲད་པའམ་ལས་ཀ་ཅི་ཞིག་གཉེར་སྐབས་འཚོ་བའི་ཁྲོད་ཀྱི་མི་སེམས་ཁམས་དངོས་ནི་གང་ལྟར་ཡིན་ན་དེ་ལྟར་འདྲ་བཤུ་བྱས་ཏེ་མི་སྣར་སྦྱར་ཆོག་པ་ཡིན་ལ། ཁོ་བོའི་སྒྲུང་གཏམ་རྣམས་ལས《འཕོ་འགྱུར》དང་། 《མ་གྱུར་སེམས་ཅན》དང་།《ལམ》དང་།《གནས་རི》སོགས་སུ་སེམས་ཁམས་ལ་རྙོག་ཆེན་པོ་ལྡན་པའི་མི་སྣ་གཅིག་ཀྱང་དྲངས་མེད་པས། མི་སྣའི་སེམས་ཁམས་ཀྱི་རྣམ་པ་དུས་རྒྱུན་གྱི་འཚོ་བའི་ཁྲོད་ཀྱི་མིའི་སེམས་ཁམས་དང་བསྟུན་ནས་གཏན་ལ་ཕབ་པ་ཡིན།  

ཆིག་བརྒྱ་རེ་བརྒྱད། གནས་ཚུལ་ག་འདྲའི་འོག་ཏུ་མི་སྣའི་སེམས་ཀྱི་རྣམ་པ་ནི་ཕྱི་མོ་དུ་མ་གཞི་གཅིག་ལ་བསྡེབས་ཏེ་ཕྱོགས་སྒྲིག་བྱ་དགོས་འདུག

   ལན། སྒྲུང་གཏམ་གྱི་མི་སྣའི་སྣང་བརྙན་གཏན་འབེབས་བྱེད་སྐབས། གལ་སྲིད་རྩོམ་པ་པོས་མི་གཤིས་ལ་རྙོག་དྲ་ལྡན་པ། སེམས་ཁམས་ལ་འགྱུར་ལྡོག་མང་བ། སེམས་ཁམས་ཐད་ཀྱི་འགྱུར་ལྡོག་གིས་མི་སྣའི་སྣང་བརྙན་གསར་སློང་བྱེད་པར་རམ་འདེགས་བྱ་དགོས་བྱུང་ཚེ།   མི་སྣའི་ཡུལ་དུས་དང་གནས་བབས་མི་འདྲ་བའི་སྐབས་ཀྱི་སེམས་ཁམས་ནི་འཚོ་བ་དངོས་ལ་རྐང་བཙུགས་ཏེ་ཕྱི་མོ་དུས་མའི་སེམས་ཁམས་ཀྱི་ཁྱད་ཆོས་ཕྱོགས་སྒྲིག་བྱ་དགོས་འདུག་ལ། མི་སྣའི་སྣང་བརྙན་འདི་ལྟར་ཕྱོགས་སྒྲིག་བྱས་ན། མི་སྣའི་སྣང་བརྙན་ལ་དཔེ་མཚོན་རང་བཞིན་ལྡན་པ།   གཤིས་ཀ་སྣ་རྐྱང་ཅན་དུ་མི་འགྱུར་བ་དང་འཚོ་བའི་བདེན་ཁ་མི་འཆོར་བ་བཅས་ཀྱི་ཐད་ལ་ནུས་པ་ཆེན་པོ་འདོན་ཐུབ་པར་འདོད། དཔེར་ན་ཁོ་བོའི་སྒྲུང་གཏམ་རྣམས་ལས《སྲིན་པོ་གཡུ་རྔོག་དང་ཉི་མ》ནང་གི་གསར་བརྗེ་སྐྱིད་དང་།《འཚུབ་མ་ཁེར་རྐྱང》ནང་གི་མགོན་པོ་བཀྲ་ཤིས་དང་།  《ཨ་ཁུ་ཁྱི་སྐྱག་རྟ་ལ་དགའ》ནང་གི་ཨ་ཁུ་ཁྱི་སྐྱག《ཧ་ཅང་ཧ་ཅང》ནང་གི་ཨ་ཁུ་ཐར་ལོ་སོགས་ཀྱི་སེམས་ཁམས་ཀྱི་རྣམ་པ་ནི་གསར་རྩོམ་གྱི་དགོས་མཁོ་ལྟར་ཕྱི་མོ་དུ་མའི་སེམས་ཁམས་ཕྱོགས་གཅིག་ལ་བསྡུས་ཏེ་སྒྲིག་སྦྱོར་བྱས་པ་ཡིན་ལ། སྒྲུང་གཏམ་དེ་དག་གསར་རྩོམ་བྱེད་སྐབས། ཕྱི་མོ་དུ་མའི་སེམས་ཁམས་ཀྱི་རྣམ་པ་ཕྱོགས་སྒྲིག་བྱས་པ་ལ་བརྟེན་ནས། མི་སྣ་ལ་གཤིས་ཀ་མངོན་པར་གསལ་བ་དང་། སྣང་བརྙན་མངོན་པར་གསལ་བ་ཞིག་ལྡན་པར་རྨང་གཞིའི་ཆ་རྐྱེན་བྱུང་བར་འདོད་དོ།།

སྒྲུང་གཏམ་གསར་རྩོམ་ཐད་ཀྱི་དྲི་བ་དྲིས་ལན་སྐལ་ལྡན་ཡིད་ཀྱི་མུན་སེལ།༼༦༽

ཆིག་བརྒྱ་རེ་དགུ། མི་སྣའི་སེམས་ཁམས་ཀྱི་རྣམ་པ་ནི་དགོས་མཁོ་ལྟར་རྟོག་བཟོ་བྱེད་དོན་ཅི།

   ལན། སྒྲུང་གཏམ་ལས་མི་སྣའི་སེམས་ཁམས་ཀྱི་རྣམ་པ་གཏན་འབེབས་སྐབས། ཡོད་ཚད་ལ་ཕྱི་མོ་རེ་འཚོལ་བའི་ལས་ལ་འབད་ན། གཅིག་ན་བརྩམས་ཆོས་ལ་རྟོག་བཟོ་ལས་བྱུང་སྒྱུ་རྩལ་གྱི་མཛེས་པ་དེ་ལྡན་མི་སྲིད་པ་དང་། གཉིས་སུ་བརྗོད་བྱ་དང་བརྗོད་འདོད་ཀྱི་དགོས་མཁོ་ལྟར་མི་སྣའི་སེམས་ཁམས་ཀྱི་རྣམ་པ་བཀོད་འབྲི་བྱེད་སྐབས། སེམས་ཁམས་རྣམ་པ་ཡོད་ཚད་ལ་ཕྱི་མོ་རེ་རྙེད་དཀའ་བས། སྒྲུང་གཏམ་གྱི་མི་སྣ་མང་པོ་ཞིག་གི་སེམས་ཁམས་ནི་རྟོག་བཟོའི་ཐབས་ལ་བརྟེན་ནས་གཏན་ལ་མི་འབེབས་ཀ་མེད་དུ་གྱུར། ཁོ་བོའི་སྒྲུང་གཏམ་རྣམས་ལ་ཆ་མཚོན་ན།   མི་སྣ་མང་པོ་ཞིག་གི་སེམས་ཁམས་ཀྱི་རྣམ་པ་ནི་རྟོག་བཟོའི་ཐབས་ལ་བརྟེན་ནས་བྲིས་པ་ཡིན་ལ། སྒྲུང་གཏམ་ཕལ་མོ་ཆེ་ལ་ཆ་མཚོན་ན་འདི་ཉིད་ཀྱི་སེམས་ཁམས་ཀྱི་རྣམ་པའི་ཕྱི་མོ་ནི་འདི་ཡིན་ནོ་ཞེས་བརྗོད་དཀའ།

ཆིག་བརྒྱ་བདུན་ཅུ། སྒྲུང་གཏམ་ལས་མི་སྣའི་སེམས་ཀྱི་རྣམ་པ་གཏན་ལ་འབེབས་སྐབས་ཡིད་འཇོག་བྱ་དགོས་པ་ག་འདྲ་ཡོད།

ལན།སྒྲུང་གཏམ་ལས་མི་སྣའི་སེམས་ཀྱི་རྣམ་པ་གཏན་ལ་འབེབས་སྐབས་ཡིད་འཇོག་བྱ་དགོས་པ་འདི་འདྲ་ཡོད་པར་འདོད་དེ། གཅིག མི་སྣའི་སེམས་ཁམས་ཀྱི་རྣམ་པ་ནི་མི་སྣའི་གཤིས་དང་བསྟུན་ནས་བཀོད་འབྲི་བྱ་དགོས། གཉིས། མི་སྣའི་སེམས་ཁམས་ཀྱི་རྣམ་པ་ལ་དུས་རབས་ཀྱི་ཁྱད་ཆོས་ལྡན་དགོས། གསུམ། མི་སྣའི་སེམས་ཁམས་ཀྱི་རྣམ་པ་ནི་མི་སྣའི་ཁོར་ཡུག་དང་གནས་བབས་ཡོངས་སུ་བསྟུན་ནས་བཀོད་འབྲི་བྱ་དགོས། 

ཆིག་བརྒྱ་དོན་གཅིག མི་སྣའི་སྣང་བརྙན་གཏན་ལ་འབེབས་སྐབས་ལུས་ཀྱི་བྱ་སྟངས་ངག་གི་བཤད་སྟངས་ཏེ་སྤྱོད་པའི་རྣམ་པ་འདྲེན་དོན་ཅི།

   ལན། སྤྱོད་པའི་རྣམ་པ་ཞེས་པ་ནི་མི་སྣ་རང་ཉིད་ཀྱི་ཁྱད་ཆོས་ལྡན་པའི་ལུས་ཀྱི་བྱ་སྟངས་དང་ངག་གི་བཤད་སྟངས་ལ་གོ་དགོས་འདུག་ཅིང་། མིའི་ལུས་ཀྱི་བྱ་སྟངས་དང་ངག་གི་བཤད་སྟངས་ནི་མིའི་གཤིས་ཀ་ངག་དང་སྟངས་སྟབས་ཀྱི་རྣམ་པར་ཤར་བ་ཞིག་ཡིན་པ་ན། སྒྲུང་གཏམ་པ་གང་ཞིག་གསར་རྩོམ་གྱི་ལས་ལ་འཇུག་སྐབས། མི་སྣའི་ལུས་ཀྱི་བྱ་སྟངས་དང་ངག་གི་བཤད་སྟངས་དམིགས་ཡུལ་གསལ་བའི་སྒོ་ནས་བཀོད་འབྲི་བྱས་ཏེ་བྱུང་རིམ་མདུན་ལ་འདེད་པ་དང་མི་སྣའི་སྣང་བརྙན་གསར་སློང་བྱ་དགོས་འདུག

ཆིག་བརྒྱ་དོན་གཉིས། སྒྲུང་གཏམ་ཁྲོད་ལ་མི་སྣའི་ལུས་ཀྱི་བྱ་སྟངས་འདྲེན་དོན་ཅི།

   ལན། མི་དང་མིའི་བར་ལ་འགལ་བ་དང་འབྲེལ་བ་བྱུང་བའི་སྐབས་སམ་མི་རང་ཉིད་ཀྱི་འཚོ་བ་རོལ་བའི་དུས་ཀྱི་ལུས་ཀྱི་བྱ་སྟངས་ཀྱི་མིང་ལ་སྤྱོད་པ་ཟེར་བ་དང་། ནམ་རྒྱུན་གྱི་འཚོ་བའི་ཁྲོད་དུ། མི་ཞིག་གི་བསམ་བློ་དང་གཤིས་ཀ དེ་མིན་སྤྱི་ཚོགས་གོ་གནས་དང་འཚོ་བའི་གོམས་གཤིས་སོགས་ནི་ལུས་ཀྱི་བྱ་སྟངས་ལས་རྟོགས་ཐུབ་པ་ན། སྒྲུང་གཏམ་གསར་རྩོམ་གྱི་ལས་ལ་འཇུག་སྐབས། མི་སྣའི་ལུས་ཀྱི་བྱ་སྟངས་ཐད་ཀྱི་ཁྱད་ཆོས་ཐུན་མོང་མ་ཡིན་པ་དེ་གཟུགས་རིས་ཡོད་པའི་སྒོ་ནས་བཀོད་འབྲི་བྱས་ན་མི་སྣའི་སྣང་བརྙན་གསར་སློང་བྱེད་པར་ཕན་པ་མ་ཟད། ད་དུང་མི་སྣ་ཡི་སྤྱི་ཚོགས་གོ་གནས། འཚོ་བའི་ཆ་རྐྱེན། བསམ་བློའི་འཁྱེར་སོ།མཛེས་དཔྱོད་ལྟ་བ་སོགས་ཀྱང་ཕྱོགས་མི་འདྲ་བ་དང་རིམ་པ་མི་འདྲ་བའི་སྒོ་ནས་ལེགས་པར་མཚོན་ཐུབ་པས།  གལ་སྲིད་སྒྲུང་གཏམ་གསར་རྩོམ་བྱེད་སྐབས་མི་སྣའི་ལུས་ཀྱི་བྱ་སྟངས་ཡོངས་སུ་སྤངས་པ་ན། སྒྲུང་གཏམ་ལ་རིན་ཐང་ཅི་ཞིག་ཡོད་པ་དངོས་འབྲེལ་བརྗོད་དཀའ།  

ཆིག་བརྒྱ་དོན་གསུམ། སྒྲུང་གཏམ་དུ་དྲངས་པའི་མི་སྣའི་ལུས་ཀྱི་བྱ་སྟངས་ལ་རིགས་གང་དག་ཡོད།

   ལན། སྒྲུང་གཏམ་ཁྲོད་ལ་མི་སྣའི་ལུས་ཀྱི་བྱ་སྟངས་ནི་སྣ་ཚོགས་ཤིག་དྲངས་ཡོད་དང་འདྲེན་རུང་བས། ཞིབ་ཏུ་དབྱེ་ན་རྟ་མོག་མོག་གི་སྤུ་དང་མཚུངས་མོད། ཆེ་ཕྱོགས་ནས་དབྱེ་ན་རང་དབང་ལ་གནས་པའི་ལུས་ཀྱི་བྱ་སྟངས་དང་། གཞན་དབང་དུ་གྱུར་པའི་ལུས་ཀྱི་བྱ་སྟངས་དང་། དགོས་མཁོ་དང་བསྟུན་པའི་ལུས་ཀྱི་བྱ་སྟངས་བཅས་རིགས་ཆེན་པོ་གསུམ་ཡོད་པར་འདོད།  

ཆིག་བརྒྱ་དོན་བཞི། མི་སྣའི་རང་དབང་ལ་གནས་པའི་ལུས་ཀྱི་བྱ་སྟངས་བཀོད་འབྲི་བྱས་ན་དགེ་མཚན་ཅི།

   ལན། སྒྲུང་གཏམ་གྱི་མི་སྣ་སྐོར་དང་རིམ་པ་ཞིག་ལ་ཆ་མཚོན་ན། དེ་དག་གི་ལུས་ཀྱི་བྱ་སྟངས་ནི་སུ་གང་གི་དབང་ལ་མ་སོང་སྟེ་མི་སྣའི་འདོད་བློའམ་གོམས་སྲོལ་ལྟར་བཀོད་འབྲི་བྱས་ཡོད་ལ། འདི་ལྟར་བྲིས་ན་མི་སྣའི་སྣང་བརྙན་ནི་མ་བསྒྲིབས་པ་དང་མ་གབ་པའི་སྒོ་ནས་གསལ་པོར་གསར་སློང་བྱེད་ཐུབ་སྟེ།  དཔེར་ན་སྒྲུང་འབྲིང《སྲིན་པོ་གཡུ་རྔོག་དང་ཉི་མ་ལྷ་ས》ཁྲོད་ཀྱི་ཨ་ཁུ་ཀླུ་སྐྱབས་ནི་རང་གཤིས་དོད་པོ་ཅན་གྱི་མི་སྣ་ཞིག་ཡིན་ལ། དེ་ཉིད“ས་ཆ་མཐོ་ས་ཞིག་ལ་བུད་དེ་སྡེ་བའི་མི་ཕྱུགས་གཉིས་ཀ་གར་འགྲོ་གང་འདུག་ལ་ལྟ”སྐབས། “སྐབས་ཤིག་ལ། ཨ་མཆོད་གསང་སྔགས་ཚང་གི་མནའ་མའི་གམ་ལ་གསར་བུ་ཆུང་ཆུང་ཞིག་སོང་ནས་བསྡད་པ”མཐོང་བས། “ཁོ་འཚིག་པ་ཟོས་ཏེ་རང་གི་བརླ་ཐོག་ལ་ཁུ་ཚུར་གྱིས་ལན་འགའ་གཞུས”སོང་ལ། རང་དབང་ལ་གནས་པའི་ལུས་ཀྱི་བྱ་སྟངས་འདི་ལས་ཨ་ཁུ་ཀླུ་སྐྱབས་ཀྱི་ཕྲག་དོག་ཅན་གྱི་རང་གཤིས་དེ་མཚོན་ཡོད་པ་དང་། དེའི་རྗེས་སུ“སྡེ་བའི་མགོ་སྦྲ་དང་ཟོག་ལྷས་རེ་རེ་ལ་བལྟས་ནས། ཁྱིམ་ཚང་སོ་སོའི་དབུལ་ཕྱུག་ལ་ཚད་དཔོག་བྱེད་བཞིན་སྟོབས་འབྱོར་ཆེ་ཆུང་ལ་གོ་རིམ་བསྒྲིགས་པ་ན། སེམས་ལ་དགའ་སྤྲོ་དཔག་མེད་སྐྱེས་བྱུང”ཞེས་བྲིས་པ་ན། ཨ་ཁུ་ཀླུ་སྐྱབས་ཀྱི་འབྱོར་བ་ལ་དང་དོད་བྱེད་པའི་གཤིས་ཀ་དེ་དཔེ་མཚོན་རང་བཞིན་ལྡན་པའི་རང་དབང་གི་ལུས་ཀྱི་བྱ་སྟངས་བྱེ་བྲག་པ་ཞིག་གིས་མཚོན་ཐུབ་པར་གྱུར་པ་དང་། “ཉིན་གུང་ཡོལ་རྗེས།”ཨ་ཁུ་ཀླུ་སྐྱབས་རི་ངོས་ནས་མར་འབབ་པའི་རྣམ་པ་འབྲི་སྐབས། “ཕོ་འཕྱི་ཞིག་གིས་མོ་འཕྱི་གཅིག་ཕར་འདེད་ཚུར་འདེད་བྱེད་བཞིན་ཆགས་པ་སློང་བཞིན་འདུག་པ་མཐོང་བས། སེམས་ལ་ཅི་ཞིག་བོར་བ་ལྟ་བུའི་སྣང་བ་ཞིག་སྐྱེས་ཏེ‘མི་རྒས་ནས་ཅི་ཡང་མི་ནུས་སྐབས། དུད་འགྲོ་འདི་ཚོས་ཀྱང་བརྙས་བཅོས་བྱེད’ཟེར་བཞིན་ས་ནས་རྡོ་ལོག་ཅིག་བླངས་ཏེ་ཤུགས་ཀྱིས་གཡུགས་པ་ན། འཕྱི་བ་ལ་མ་ཕོག་མོད། རང་གི་རྐུབ་ནས་དྲི་ཆེན་སྐད་སྒྲ་ཅན་ཞིག་ཤོར་སོང”[3]ཞེས་བརྗོད་པ་ན། རང་དབང་ལ་གནས་པའི་ལུས་ཀྱི་བྱ་སྟངས་བྱེ་བྲག་པ་ཞིག་ལ་བརྟེན་ནས་ཨ་ཁུ་ཀླུ་སྐྱབས་འདོད་སྲེད་ཆེ་བ་ཕྲག་དོག་རྒོད་པའི་རང་གཤིས་དེ་ཕྱི་ལ་མངོན་ཐུབ་པར་གྱུར་པ་ལྟ་བུ་ཡིན་ནོ།།

སྒྲུང་གཏམ་གསར་རྩོམ་ཐད་ཀྱི་དྲི་བ་དྲིས་ལན་སྐལ་ལྡན་ཡིད་ཀྱི་མུན་སེལ།༼༦༽

ཆིག་བརྒྱ་དོན་ལྔ། མི་སྣའི་གཞན་དབང་དུ་གྱུར་པའི་ལུས་ཀྱི་བྱ་སྟངས་བྲིས་ན་དགེ་མཚན་ཅི།

   ལན། ནམ་རྒྱུན་གྱི་འཚོ་བའི་ཁྲོད་དུ། མི་རྣམས་ཀྱི་འཚོ་བའི་གྲུབ་ཆ་སྐོར་ཞིག་ནི་གཞན་དབང་དུ་གྱུར་འདུག་པ་ན། ལུས་ཀྱི་བྱ་སྟངས་སྐོར་ཞིག་གཞན་དབང་དུ་མི་འགྱུར་ཀ་མེད་ཡིན། སྒྲུང་གཏམ་པ་རྣམས་གསར་རྩོམ་གྱི་ལས་ལ་འཇུག་སྐབས། འཚོ་བའི་བདེན་པ་དེ་སྒྱུ་རྩལ་གྱི་བདེན་པར་བསྒྱུར་ནས་མི་སྣའི་སྣང་བརྙན་གསར་སློང་བྱེད་ཆེད། སྐབས་སུ་བབས་པའི་དགོས་མཁོ་དང་བསྟུན་ཏེ་མི་སྣའི་གཞན་དབང་དུ་གྱུར་པའི་ལུས་ཀྱི་བྱ་སྟངས་རང་གི་བརྩམས་ཆོས་སུ་འདྲེན་བཞིན་ཡོད་དེ། དཔེར་ན་སྒྲུང་ཐུང《བསོད་ནམས》སུ“བདག”སྟེ་ཕྱུག་པོའི་བུ་མོ་བདེ་ཆེན་དབང་མོས“ཤུག་པའི་བཞོ་ཟེའུ་ལག་ལ་བཟུང་། འབྲི་མོའི་རྒྱུད་ཐག་སྐགས་ལ་དྲངས་ཏེ་དལ་ལྷོད་ལྷོད་ཀྱིས་སྦྲ་སྒོར་བུད་རྗེས། ལོབས་ཕྱོགས་ཀྱིས་ཁྱིམ་མཚེས་ཚང་གི་ཕྱོགས་ལ་མིག་མདའ་ཞིག་འཕངས་པ་ན།”གཡོག་པོའི་བུ་མོ་སྟེ“བུ་མོ་བདེ་ཆེན་མཁའ་འགྲོ་བྲེལ་འཚུབ་ངང་ཚུར་ལ་ཡོང་བཞིན་ཡོད་པ་མཐོང་།” འོ་ན་གཡོག་པོ་བུ་མོ་བདེ་ཆེན་དབང་མོ་དེ་འདྲ་འཚབ་དོན་ཅི་ཞེ་ན། དེ་ནི“ཞོགས་པར་དུས་ལྟར་ཡོང་མ་ཐུབ་པས།”“བདག”སྟེ་ཕྱུག་པོའི་བུ་མོ་བདེ་ཆེན་མཁའ་འགྲོ་ལ“ཁོང་ཁྲོ་བསླངས་སོང་སྙམ་ནས་བྲེལ་བ་ལང”[4]བ་ན། གཞན་དབང་དུ་གྱུར་པའི་ལུས་ཀྱི་བྱ་སྟངས་དེ་འདྲ་བྱུང་བ་ཡིན། འདིར་གསལ་བཤད་བྱ་དགོས་པ་ཞིག་ནི། གཞན་དབང་དུ་གྱུར་པའི་ལུས་ཀྱི་བྱ་སྟངས་ནི་མི་སྣ་གཅིག་ལ་དམིགས་ནས་བྲིས་ན་ཆོག་ལ། ཚོགས་པ་ཞིག་ལ་དམིགས་པ་གཏད་དེ་བྲིས་ཀྱང་ཆོག་སྟེ། དཔེར་ན་སྒྲུང་ཐུང《གནས་རི》ཞེས་པར“མཆོག་སྤྲུལ་མཁའ་ལྡིང་ལགས”གྱི་བློ་གྲོས་ནི“སྡེ་དཔོན་གཡུ་འབྲུག”གི་དོ་ཟླར་མ་ཡོང་བས། ཨུ་ཐུག་སྟེ་གཞན་དབང་དུ་གྱུར་པའི་ལུས་ཀྱི་བྱ་སྟངས་སྣ་ཚོགས་མངོན་པ་དང་། སྒྲུང་འབྲིང《སྲིན་པོ་གཡུ་རྔོག་དང་ཉི་མ་ལྷ་ས》ཁྲོད་དུ་གནས་བདག་སྲིན་པོ་གཡུ་རྔོག་གི་ཕྲག་དོག་ལ་འཇིགས་ཏེ་ཉི་མ་ལྷ་སར་གནས་སྐོར་ལ་འགྲོ་མི་ཕོད་པའི་མི་མང་པོ་ཞིག་གི་གཞན་དབང་དུ་ལུས་ཀྱི་བྱ་སྟངས་མང་པོ་བྲིས་ཡོད་པ་ལྟ་བུ་ཡིན་ནོ།།

ཆིག་བརྒྱ་དོན་དྲུག དགོས་མཁོ་དང་བསྟུན་པའི་མི་སྣའི་ལུས་ཀྱི་བྱ་སྟངས་འབྲི་དོན་ཅི།

   ལན། སྒྲུང་གཏམ་ལས་མི་དང་མི་བར་གྱི་འགལ་བ་དང་འབྲེལ་བ། མི་དང་ཁོར་ཡུག་བར་གྱི་འགལ་བ་དང་འབྲེལ་བ་དེ་བྱུང་རིམ་གྱི་རྣམ་པར་བསྒྱུར་ནས་བརྗོད་དགོས་པ་དང་། ནམ་རྒྱུན་གྱི་འཚོ་བའི་ཁྲོད་དུ་མིའི་ལུས་ཀྱི་བྱ་སྟངས་ལ་དམིགས་ཡུལ་ངེས་གཏན་ཅན་ཞིག་ཡོད་པ་ན། རྩོམ་པ་པོ་རྣམས་ཀྱིས་རང་གི་བརྩམས་ཆོས་ལས་མི་སྣའི་སྣང་བརྙན་གསར་སློང་བྱེད་སྐབས། མི་སྣའི་སྐབས་སུ་བབས་པའི་དགོས་མཁོ་དང་བསྟུན་པའི་ལུས་ཀྱི་བྱ་སྟངས་སྐོར་དང་རིམ་པ་མི་འབྲི་ཐབས་མེད་ཡིན། དཔེར་ན་སྒྲུང་ཐུང《གནས་རི》ཁྲོད་དུ“མཆོག་སྤྲུལ་མཁའ་ལྡིང་ལགས”ཀྱི་དགོས་མཁོ་དང་བསྟུན་པའི་ལུས་ཀྱི་བྱ་སྟངས་ཕྲན་བུ་མང་པོ་བྲིས་ཡོད་ལ། དཔེ་ཙམ་དྲངས་ན་མཆོག་སྤྲུལ་མཁའ་ལྡིང་ནི་རྐུབ་སྟེགས་ལ་གོམས་ཡོད་པས།  “དཀྱིལ་དཀྲུང་དུ་བཞུགས་ཡུན་རིང”བ་ན། “པུས་མོ་གཡས་པར་ཟུག་གཟེར་གྱིས་འཁྱུག་འགྲོས་ལན་ཞིག་བྱས་པ་ན། ལག་པས་མྱུར་བ་མྱུར་བར་པུས་མོར་འཕུར་འཕུར་བྱས་པ་དང་། དཔྲལ་ངོས་སུ་གཉེར་མའི་མདུད་པ་ཆེ་ཆུང་དུ་མ་རེ་འགར་སྣང་ཞིང་རེ་འགར་ཡལ་མགོ་བརྩམས”[5]མོད། ཁོ་རང་སྔར་ལྟར་ཨུ་ཚུགས་དང་ས་ལ་སྡོད་དོན་ཅི་ཡིན་ཞེ་ན། དེ་ནི་ཁོ་རང་གིས་ཆོས་ལུགས་པ་ཚད་ལྡན་ཞིག་གི་ངང་ཚུལ་བཙན་ཤུགས་ཀྱིས་འཛིན་ཐབས་བྱས་ཏེ། སྡེ་དཔོན་གཡུ་འབྲུག་གི་ཡིད་སེམས་རང་ཉིད་ཕྱོགས་ལ་བཀུགས་ཏེ། དེ་གར་ཡོང་དོན་བདེ་བླག་ངང་ནས་གྲུབ་པར་བྱེད་པར་དམིགས་པ་ལས་མ་འདས།  

ཆིག་བརྒྱ་དོན་བདུན། མི་སྣའི་ལུས་ཀྱི་བྱ་སྟངས་བཀོད་འབྲི་བྱེད་སྐབས་ཡིད་འཇོག་བྱ་དགོས་པ་གང་དག་ཡོད། 

   ལན། མི་སྣའི་ལུས་ཀྱི་བྱ་སྟངས་བཀོད་འབྲི་བྱེད་སྐབས། ཕྱོགས་འགའ་ཞིག་ལ་ཡིད་འཇོག་བྱ་དགོས་ཏེ། གཅིག མི་སྣའི་ལུས་ཀྱི་བྱ་སྟངས་བཀོད་འབྲི་བྱེད་སྐབས། མི་སྣའི་གནས་བབས་དང་། མི་སྣའི་གོ་གནས་དང་། མི་སྣའི་ན་ཚོད་སོགས་དམིགས་སུ་བཟུང་སྟེ། གཤིས་ཀ་རྣལ་མ་དེ་ལུས་ཀྱི་བྱ་སྟངས་བརྒྱུད་ནས་ཕྱི་ལ་མངོན་པར་འབད་དགོས།གཉིས།མི་སྣའི་ལུས་ཀྱི་བྱ་སྟངས་བཀོད་འབྲི་བྱེད་སྐབས། མི་སྣ་གང་གི་གཤིས་ཀ་ལེགས་པར་མཚོན་ཐུབ་མིན་ལ་དཔྱད་དགོས་ཏེ། གལ་སྲིད་མི་སྣའི་གཤིས་ཀ་མཚོན་པ་ལ་ཕན་པ་ཡོད་མེད་ཐམས་ཅད་ཕྱོགས་གཅིག་ཏུ་བསྡུས་ན། ལུས་ཀྱི་བྱ་སྟངས་ཕྲན་བུ་སྣ་ཚོགས་ཀྱིས་མི་སྣའི་གཤིས་ཀ་ཡོངས་སུ་བསྒྲིབས་པའི་ཉེན་ཁ་ཡོད་པ་ཡིན། གསུམ། ལུས་ཀྱི་བྱ་སྟངས་བཀོད་འབྲི་བྱེད་སྐབས། མི་སྣའི་ལུས་ཀྱི་བྱ་སྟངས་ཀྱིས་ཀློག་མཁན་གྱི་ཡིད་འགུགས་ཐུབ་མིན་དང་དེ་ལ་དཔེ་མཚོན་རང་བཞིན་ལྡན་མིན་ལ་བསམ་བློ་གཏང་དགོས། བཞི། ལུས་ཀྱི་བྱ་སྟངས་བཀོད་འབྲི་བྱེད་སྐབས། དབང་བོ་ལྔ་ལས་གང་ཞིག་གཙོ་ན་དེ་ཉིད་དམིགས་སུ་བཟུང་ནས་བཀོད་འབྲི་བྱ་དགོས།

ཆིག་བརྒྱ་དོན་བརྒྱད། མི་སྣའི་ངག་གི་བཤད་སྟངས་བྲིས་ན་དགེ་མཚན་ཅི།

   ལན། སྒྲུང་གཏམ་དུ་མི་སྣའི་ངག་གི་བཤད་སྟངས་བྲིས་ན་དགེ་མཚན་འདི་འདྲ་ཡོད་དེ།རྩོམ་པ་པོས་སྐབས་སུ་བབ་པའི་བརྗོད་བྱའི་དོན་གང་དང་གང་ཡིན་པ་དེ་ཡི་གེའི་ལམ་ནས་བརྗོད་སྐབས། མི་སྣ་བར་གྱི་གཏམ་གླེང་དང་མི་སྣ་གཅིག་གི་ཁེར་ལབ་དེ་གཤིས་ཀའམ་རྣམ་པ་གསལ་བའི་སྒོ་ནས་ཡི་གེའི་རྣམ་པར་སྤེལ་བ་ལ་སྐད་ཆ་བཀོད་འབྲི་ཟེར་བ་ཡིན་ལ། ཀུན་གྱིས་མཁྱེན་པ་ནང་བཞིན། མིའི་ཡིད་ཀྱི་འཆར་སྒོ་དང་ཚོར་བ་སོགས་ནི་ངག་ལ་བརྟེན་ནས་གཞན་ལ་བརྗོད་དགོས་པ་དང༌།མི་ཇི་འདྲ་ཞིག་ཡིན་ན་སྐད་ཆ་དེ་འདྲ་བ་ཞིག་བཤད་སྲིད་པས། མི་ཞིག་གི་སྐད་ཆ་ལ་བརྟེན་ནས་མི་དེ་ཉིད་ཀྱི་བསམ་བློའི་འཁྱེར་སོ་དང་༌། གཤིས་ཀ གནས་སྐབས་ཤིག་གི་སེམས་ཁམས་རྟོགས་ཐུབ་པ་མ་ཟད།སྤྱི་ཚོགས་གོ་གནས།དཔལ་འབྱོར་ཆ་རྐྱེན། རིག་གནས་ཆུ་ཚད། ཆོས་ལུགས་དད་མོས། དགའ་ཁ་འཁྱེར་ཕྱོགས་སོགས་ཀྱང་ཤེས་ཐུབ་པས།གལ་སྲིད་མི་སྣའི་གཏམ་གླེང་དང་དང་ཁེར་ལབ་ལེགས་པར་འབྲི་ནུས་ན། འབྲི་ལུགས་དེ་ནི་མི་སྣའི་གཤིས་ཀ་ལེགས་པར་སྟོན་པ་དང་སྣང་བརྙན་རང་རྐྱ་ཕེར་བ་ཞིག་གསར་སློང་བྱེད་པའི་གྲོགས་སུ་འགྱུར་ངེས་ཡིན།

ཆིག་བརྒྱ་དོན་དགུ། མི་སྣའི་ངག་གི་བཤད་སྟངས་ལ་དབྱེ་ན་ག་ཙམ་ཡོད།

   ལན། མི་སྣའི་གཏམ་གླེང་ལ་ཆེ་ཕྱོགས་ནས་དབྱེ་ན་མི་སྣ་གཉིས་སམ་དུ་མའི་གཏམ་གླེང་དང་མི་སྣ་གཅིག་གི་ཁེར་ལབ་བཅས་རིགས་གཉིས་ཡོད་དོ།།

ཆིག་བརྒྱ་བརྒྱད་ཅུ། མི་སྣའི་ངག་གི་བཤད་སྟངས་བཀོད་འབྲི་བྱེད་སྐབས་ཕྱོགས་གང་ཡིད་འཇོག་བྱ་དགོས།

   ལན། མི་སྣའི་ངག་གི་བཤད་སྟངས་བཀོད་འབྲི་བྱེད་སྐབས། ཕྱོགས་འགའ་ལ་ཡིད་འཇོག་བྱ་དགོས་ཏེ། གཅིག དུས་རྒྱུན་གྱི་འཚོ་བའི་ཁྲོད་དུ་མི་རེ་ལ་རང་ཉིད་ཀྱི་གཤིས་ཀའམ། གོ་གནས་སམ། རིག་གནས་ཡོན་ཚད་དང་མཐུན་པའི་སྐད་ཆ་འཆད་ལུགས་ཤིག་ཡོད་པ་ན། མི་སྣའི་ངག་གི་བཤད་སྟངས་ནི་འཚོ་བ་དངོས་དང་བསྟུན་དགོས། གཉིས། སྒྲུང་གཏམ་པས་མི་སྣའི་ངག་གི་བཤད་སྟངས་ལ་བརྟེན་ནས་མི་སྣའི་གཤིས་ཀ་དང་སྣང་བརྙན་མཚོན་དགོས་པ་ན། ངག་གི་བཤད་སྟངས་ལས་མི་སྣའི་བསམ་བློའམ། སེམས་ཁམས་སམ། ལངས་ཕྱོགས་སམ། དགའ་སྤྲོ་ཆགས་སྡང་སོགས་བདེན་ཁ་མི་འཆོར་བའི་སྒོ་ནས་མཚོན་དགོས།



[1]张俊:《生活笔记琐谈》,载《作家创作谈》上册,花城出版社1987年版,第186页。

[2]བཀྲ་བྷ།《སྒྲོལ་མ་ཉེར་གཅིག》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།  2015ལོ།ཤོག་ངོས156ན་གསལ།

[3]བཀྲ་བྷ།《འཚུབ་མ་ཁེར་རྐྱང》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།  2009ལོ།ཤོག་ངོས21-25ན་གསལ།

[4]བཀྲ་བྷ།《བཀྲ་བྷ་ཡི་སྒྲུང་ཐུང་ཕྱོགས་བསྒྲིགས》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།  2016ལོ།ཤོག་ངོས172ན་གསལ།

[5]བཀྲ་བྷ།《བཀྲ་བྷ་ཡི་སྒྲུང་ཐུང་ཕྱོགས་བསྒྲིགས》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།  2016ལོ།ཤོག་ངོས208ན་གསལ།

  • ལེ་ཚན་སྔོན་མ།:སྒྲུང་གཏམ་གསར་རྩོམ་ཐད་ཀྱི་དྲི་བ་དྲིས་ལན་སྐལ་ལྡན་ཡིད་ཀྱི་མུན་སེལ།༼༥༽
  • ལེ་ཚན་རྗེས་མ།:སྒྲུང་གཏམ་གསར་རྩོམ་ཐད་ཀྱི་དྲི་བ་དྲིས་ལན་སྐལ་ལྡན་ཡིད་ཀྱི་མུན་སེལ།༼༧༽
  • དོ་སྣང་ཆེ་བའི་རྩོམ།