སྒྲུང་གཏམ་གསར་རྩོམ་ཐད་ཀྱི་དྲི་བ་དྲིས་ལན་སྐལ་ལྡན་ཡིད་ཀྱི་མུན་སེལ།༼༥༽

བཀྲ་བྷ།        2020-03-26

ཆིག་བརྒྱ་ཉེར་གཅིག སྒྲུང་གཏམ་ལས་ཁོར་ཡུག་གི་རྣམ་པ་བཀོད་འབྲི་བྱེད་སྐབས། རྒྱས་བསྡུས་དགོས་མཁོ་དང་བསྟུན་ན་ཡིད་འཇོག་བྱ་དགོས་པ་ག་འདྲ་ཡོད།

   ལན། སྒྲུང་གཏམ་ལས་ཁོར་ཡུག་གི་རྣམ་པ་བཀོད་འབྲི་བྱེད་སྐབས། རྒྱས་བསྡུས་ནི་དགོས་མཁོ་དང་བསྟུན་ན་ཡིད་འཇོག་བྱ་དགོས་པ་འདི་འདྲ་ཡོད་དེ། གཅིག ཁོར་ཡུག་གི་རྣམ་པ་ནི་བྱུང་རིམ་མདུན་ལ་འདེད་པ་དང་མི་སྣའི་སྣང་བརྙན་གསར་སློང་བྱེད་པའི་དགོས་མཁོ་དང་བསྟུན་ཏེ་བཀོད་འབྲི་བྱས་པ་ཡིན་ལ། དགོས་མཁོ་མེད་ན་ཁོར་ཡུག་གི་མིང་ཙམ་འདྲེན་པ་ལས་རྣམ་པ་མ་བྲིས་ཀྱང་རུང་བར་འདོད། གཉིས། ཁོར་ཡུག་གི་རྣམ་པ་བཀོད་འབྲི་བྱེད་སྐབས་རྩོམ་ལུས་ཀྱི་ཁྱད་ཆོས་དང་། རྩོམ་མཁན་གྱི་བརྗོད་པར་འདོད་པ་དང་། སྒྲུང་གཏམ་གྱི་བྱུང་རིམ་མདུན་ལ་འདེད་པ་དང་། མི་སྣའི་སྣང་བརྙན་གསར་སློང་བྱེད་པའི་དགོས་མཁོ་རྣམས་གཞི་གཅིག་ལ་བསྡུས་ཏེ་བསམ་བློ་གཏང་དགོས་ཏེ། གལ་སྲིད་འདི་དག་ལས་གཅིག་ལ་འགལ་ན་བརྗོད་ཉེས་འབྱུང་ངེས་ཡིན།  

ཆིག་བརྒྱ་ཉེར་གཉིས། ཁོར་ཡུག་བཀོད་འབྲིའི་བྱེད་ལས་རྗོད་རོགས།

   ལན། སྒྲུང་གཏམ་ལ་ཆ་མཚོན་ན། མི་སྣ་དང་ཁོར་ཡུག་གི་འབྲེལ་བ་ནི་རྟེན་དང་བརྟེན་པའི་འབྲེལ་བ་ཡིན་པས། གལ་སྲིད་ཁོར་ཡུག་མེད་ན། མི་སྣར་བྱ་བྱེད་སྣ་ཚོགས་ལ་རོལ་བའི་གནས་མེད་པ་མ་ཟད། མི་སྣའི་གཤིས་ཀ་འགྱུར་ལྡོག་ལ་རྒྱུ་རྐྱེན་མེད་པར་འགྱུར། དེ་ལས་གཞན། ཁོར་ཡུག་བཀོད་འབྲི་ནི་མི་སྣའི་གཤིས་ཀ་ལེགས་པར་མཚོན་པའི་དགོས་མཁོ་དང་མ་བསྟུན་ན། བཀོད་འབྲི་ནི་རིན་ཐང་ཅི་ཡང་མེད་པའི་གཏམ་ལྷག་འབའ་ཞིག་ཏུ་འགྱུར་བའི་ཉེན་ཁ་ཡོད། གནས་ཚུལ་འདི་ལ་དམིགས་ཏེ་ཞིབ་ཏུ་དཔྱད་ན་ངོས་ཟིན་འདི་འདྲ་འབྱུང་སྲིད་དེ། ཉམས་མྱོང་ཅན་གྱི་སྒྲུང་གཏམ་པ་རྣམས་སྒྲུང་གཏམ་གསར་རྩོམ་གྱི་ལས་ལ་འཇུག་སྐབས། མི་སྣའི་གཤིས་ཀ་མཚོན་པ་ལ་ཤིན་ཏུ་ཕན་པའི་སྤྱི་ཚོགས་ཁོར་ཡུག་དང་རང་བྱུང་ཁོར་ཡུག་བཀོད་འབྲི་བྱས་ཏེ། ཁོར་ཡུག་གིས་མི་སྣའི་སྣང་བརྙན་གསར་སློང་བྱེད་པ་ལ་རམ་འདེགས་གང་ལེགས་བྱས་པ་དང་བསྟུན་ནས། དཔེ་མཚོན་རང་བཞིན་ལྡན་པའི་ཁོར་ཁྲོད་དུ་དཔེ་མཚོན་རང་བཞིན་ལྡན་པའི་མི་སྣའི་སྣང་བརྙན་གསར་སློང་བྱེད་པར་འབད་བཞིན་ཡོད།

ཆིག་བརྒྱ་ཉེར་གསུམ། ཁོར་ཡུག་བཀོད་འབྲི་ལ་བྱེད་ལས་མི་འདྲ་བ་གང་དག་ཡོད།

  ལན། ཁོར་ཡུག་བཀོད་འབྲི་ལ་བྱེད་ལས་གཙོ་བོ་གསུམ་ཡོད་པ་འདྲ་སྟེ། མི་སྣར་གཤིས་ཀ་གྲུབ་བྱེད་ཀྱི་སྤྱི་ཚོགས་རྣམ་པ་མཚོན་པ་དང་། མི་སྣའི་སྤྱོད་ལམ་གྱི་འབྱུང་རྐྱེན་འདྲེན་པ་པ་དང་། མི་སྣའི་ལས་དབང་ལ་འགྱུར་ལྡོག་འབྱུང་བའི་ཆོས་ཉིད་སྟོན་པ་རྣམས་སོ།།

ཆིག་བརྒྱ་ཉེར་བཞི། སྒྲུང་གཏམ་དུ་ཁོར་ཡུག་གི་རྣམ་པ་བྲིས་ཏེ་མི་སྣར་གཤིས་ཀ་གྲུབ་བྱེད་ཀྱི་སྤྱི་ཚོགས་རྣམ་པ་མཚོན་དོན་ཅི།

ལན།ནམ་རྒྱུན་གྱི་འཚོ་བའི་ཁྲོད་དུ། མི་རྣམས་ནི་ངེས་གཏན་ཅན་གྱི་སྤྱི་ཚོགས་ཁོར་ཡུག་དང་རང་བྱུང་ཁོར་ཡུག་ཏུ་རང་རང་གི་ལས་ལ་འཇུག་བཞིན་ཡོད་པ་དང་། མི་རྣམས་ཀྱི་མི་གཤིས་ཀྱང་དམིགས་བསལ་ཅན་གྱི་ཁོར་ཡུག་ཁྲོད་དུ་གྲུབ་པ་དང་འགྱུར་ལྡོག་འབྱུང་བཞིན་ཡོད་པ་ན། དངོས་ཡོད་རིང་ལུགས་ཀྱི་རྩོམ་པ་པོས་རང་གི་སྒྲུང་གཏམ་དུ་དཔེ་མཚོན་རང་བཞིན་ལྡན་པའི་མི་སྣ་གཅིག་གམ་དུ་མའི་སྣང་བརྙན་གསར་སློང་བྱེད་ཆེད། མི་སྣའི་སྤྱི་ཚོགས་ཁོར་ཡུག་དང་རང་བྱུང་ཁོར་ཡུག་དམིགས་སུ་འཛིན་པ་མ་ཟད།ཁོར་ཡུག་གི་འགྱུར་ལྡོག་གནད་དུ་བཟུང་སྟེ། རྙོག་དྲ་ཅན་གྱི་ཁོར་ཡུག་བཀོད་འབྲི་བྱས་པ་ལ་བརྟེན་ནས། དཔེ་མཚོན་རང་བཞིན་ལྡན་པའི་མི་སྣར་གཤིས་ཀ་གྲུབ་པའི་ཐད་ཀྱི་སྤྱི་ཚོགས་ཁོར་ཡུག་བཀོད་འབྲི་བྱས་ཏེ།མི་སྣའི་གཤིས་ཀ་གྲུབ་བྱེད་ཀྱི་སྤྱི་ཚོགས་རྣམ་པ་དེ་གཟུགས་རིས་གསལ་བའི་སྒོ་ནས་མཚོན་དགོས་འདུག

ཆིག་བརྒྱ་ཉེར་ལྔ།  སྒྲུང་གཏམ་དུ་ཁོར་ཡུག་གི་རྣམ་པ་བྲིས་ཏེ་མི་སྣའི་སྤྱོད་ལམ་གྱི་འབྱུང་རྐྱེན་འདྲེན་དོན་ཅི།

   ལན། དུས་རྒྱུན་གྱི་འཚོ་བར་ཞིབ་ཏུ་གཞིགས་ན། མི་ལ་ཁོར་ཡུག་ག་འདྲ་ཞིག་ཡོད་ན། ཁོར་ཡུག་དེ་དང་མཐུན་པའི་གཤིས་ཀ་ཞིག་ཆགས་སྲིད་པ་མ་ཟད། ཕྱོགས་ངེས་ཅན་ཞིག་ནས་བཤད་ན་མི་རྣམས་ཀྱི་འཇིག་རྟེན་ལྟ་ཚུལ་དང་བསམ་བློའི་འཁྱེར་སོ་སོགས་ལའང་ཁོར་ཡུག་གིས་མངའ་དབང་སྒྱུར་བཞིན་ཡོད་པ་ཤིན་ཏུ་མངོན་གསལ་ཡིན་པས། དངོས་ཡོད་རིང་ལུགས་ཀྱི་སྒྲུང་གཏམ་པ་རྣམས་རྩོམ་པའི་ལས་ལ་འཇུག་སྐབས། ཕྲ་ཞིང་ཕྲ་བའི་སྒོ་ནས་མི་སྣ་འཚོ་བཞེས་གནང་སྐབས་ཀྱི་དུས་རབས་དང་སྤྱི་ཚོགས་ཀྱི་རྣམ་པ་བཀོད་འབྲི་བྱེད་པ་དང་། མི་སྣ་གཙོ་བོ་དང་ཁོར་ཡུག་བར་གྱི་འབྲེལ་བ་མཚམས་སྦྱོར་ཞིབ་ཕྲ་བྱས་ཏེ། མི་སྣའི་སྤྱོད་ལམ་སྣ་ཚོགས་ཀྱི་འབྱུང་རྐྱེན་སྟོན་པའི་ཞོར་དུ། ཁོར་ཡུག་གི་མི་སྣའི་གཤིས་ཀར་མངའ་དབང་སྒྱུར་བཞིན་ཡོད་པ་དེ་གསལ་བཤད་དང་ར་སྤྲོད་བྱ་དགོས་འདུག

ཆིག་བརྒྱ་ཉེར་དྲུག སྒྲུང་གཏམ་ལས་ཁོར་ཡུག་བཀོད་འབྲི་བྱེད་སྐབས་མི་སྣའི་ལས་དབང་འགྱུར་ལྡོག་གི་ཆོས་ཉིད་ནི་གང་ལྟར་སྟོན་དགོས།

   ལན། དངོས་ཡོད་རིང་ལུགས་ཀྱི་སྒྲུང་གཏམ་པ་འཇོན་ཐང་ཅན་ཞིག་ཡིན་ན། ཁོར་ཡུག་བཀོད་འབྲི་བརྒྱུད་ནས་མི་སྣར་གཤིས་ཀ་གྲུབ་པའི་རྒྱུ་རྐྱེན་སྟོན་སྲིད་པ་མ་ཟད། ཁོར་ཡུག་ལ་བརྟེན་ནས་མི་སྣའི་གཤིས་ཀར་འགྱུར་ལྡོག་བྱུང་བའི་ཆོས་ཉིད་དེའང་དཔེ་མཚོན་རང་བཞིན་ལྡན་པའི་ཁོར་ཡུག་གི་རྣམ་པ་དང་གནས་ཚུལ་ལ་བརྟེན་ནས་སྟོན་བཞིན་ཡོད། སྒྲུང་གཏམ་གསར་རྩོམ་ཐད་ཀྱི་ཉམས་མྱོང་དངོས་ལ་གཞིགས་ན། སྒྲུང་གཏམ་གང་ཞིག་བྱེད་སྐབས། བརྗོད་བྱའི་ཁྱད་ཆོས་དངོས་ལ་དམིགས་ཏེ་ཐོག་པར་ཁོར་ཡུག་གི་རྣམ་པ་དམིགས་སུ་བསལ་བ་དེ་འབྲི་བ་དང་། དེ་ནས་འབྲི་གྲབས་ཡོད་པའི་མི་སྣ་དེ་ཁོར་ཡུག་དམིགས་སུ་བསལ་བ་དེ་ལ་ལུགས་དང་མཐུན་པའི་སྒོ་ནས་དྲངས་ན།རྗེས་སུ་མི་སྣའི་ལས་ལས་དབང་ལ་འགྱུར་ལྡོག་འབྱུང་བ་ནི་ཆོས་ཉིད་དང་མཐུན་པ་དེ་ཁོར་ཡུག་གི་རྣམ་པ་དང་གནས་ཚུལ་གྱིས་སྟོན་ཐུབ་སྟེ། དཔེར་ན་ཁོ་བོའི་སྒྲུང་ཐུང་ལས《གྲོང་ཁྱེར་གྱི་འཚོ་བ》ལ་ཆ་མཚོན་ན། མི་སྣ་གཙོ་བོ་ཁྱུ་ཁྱུའི་སེམས་ཁོང་གི་གྲོང་ཁྱེར་ནི“ཤེལ་གྱིས་བརྩིགས་པ་ལྟ་བུའི་ཐོག་ཁང་མང་བོའི་གྲུབ་འདུག་ཅིང་། ཉིན་མོར་ཤེལ་གྱི་གཞལ་ཡས་ཁང་ལ་ཉི་འོད་ཕོག་ན་ལྡོག་འོད་ལམ་ལམ་འཕྲོ་བ་དང་། མཚན་མོར་ཚོན་མདོག་ཅན་གྱི་གློག་སྒྲོན་མང་བོས་བརྒྱན་པའི་ཐོག་ཁང་རེ་རེ་ལས་གཟི་འོད་ལམ་ལམ་འཕྲོས་པ་ན། ལྟ་བའི་ཆོག་མི་ཤེས་པའི་མཛེས་ལྗོངས་སྣ་ཚོགས་མིག་གི་ལྟད་མོར་བཤམས་ཡོང”བ་ཞིག་ཡིན་མོད། འོན་ཏེ་གྲོང་ཁྱེར་ལ་དངོས་སུ་བསླེབས་སྐབས།གྲོང་ཁྱེར་གྱི་རྣམ་པ་ནི་ཁོ་རང་གི་ཕུགས་ཀྱི་འདུན་མ་དང་གཏན་ནས་མི་མཐུན་ཏེ། དཔེར་ན“ཁོ་སྡུད་ལེན་བྱེད་མཁན་གྱི་ལས་ཁུངས་དེ་ནི་ཞིང་ཆེན་ཡོངས་ན་སྙན་གྲགས་ཡོད་པའི་ལས་ཁུངས་ཤིག་ཡིན་པས་། སྒོ་ཆེན་དམག་གིས་བསྲུངས་ཡོད་པར་མ་ཟད། གཞུང་ལས་ཁང་གི་ཕྱི་རོལ་ནི་གློག་ཞུ་སྣ་ཚོགས་ཀྱིས་ལེགས་པར་བརྒྱན་འདུག་མོད། རྒྱ་རའི་ནང་རོལ་ནི་འབྲོག་པ་འབྱོར་ལྡན་ཞིག་གི་མཚེར་ཤུལ་དང་གཉིས་སུ་མེད”པ་དང་། “གཞུང་ལས་ཁང་ལས་གཞན། སྡོད་ཁང་དུ་བརྩིགས་པའི་ཐོག་ཁང་གང་ཞིག་ཏུ་འཛུལ་རུང་། ཐེམ་སྐས་ཀྱི་དཀྱོགས་མཚམས་ཀུན་ཏུ་སྒམ་ཆག་དང་ཤོག་སྒམ། དེ་མིན་བདག་པོར་མི་མཁོ་རུང་གད་སྙིགས་ཁྲོད་དུ་གཡུག་རྒྱུར་སེར་སྣ་བྱུང་བའི་དངོས་པོ་མང་པོ་གང་འདོད་དུ་བརྩིགས་འདུག་པ་དང་། དངོས་པོ་རྣམས་དེ་ལྟར་བརྩིགས་པའི་སྔ་གཞུག་མི་འདྲ་བས། སྟེང་ལ་བབས་པའི་ས་རྡུལ་གྱི་སྲབ་མཐུག་ཀྱང་མི་འདྲ་ཞིང་། རླུང་བུ་ཧ་ཅང་རྒོད་དུས།ཐེམ་སྐས་དང་བར་ཁྱམས་ཀུན་ལ་རྡུལ་འཚུབ་འཁོར་ཏེ་མིག་ཟུང་ཀྱང་འབྱེད་མི་ཐུབ། ཁོས་ཚུལ་དེ་དངོས་སུ་མཐོང་བ་ན། རང་ཉིད་སྲིད་འགྱུར་བྱུང་བའི་རྒྱལ་ཁབ་ཅིག་གི་སྤྲང་སྒར་དུ་བསླེབས་སོང་བ་མིན་ནམ་སྙམ”པའི་རྣམ་པ་དེ་མཐོང་རྗེས། གྲོང་ཁྱེར་ལ་ཡོང་དུས་ཀྱི་དགའ་སྣང་དེ་མི་སྣང་བར་གྱུར་པ་མ་ཟད། “འགྱོད་གདུང་དྲག་པོ་ཞིག་ཀྱང་སེམས་གཏིང་ནས་བརྡོལ་སོང”[1]ལ། ཞིབ་ཏུ་བསམས་ན། 《གྲོང་ཁྱེར་གྱི་འཚོ་བ》ལས་འཆར་སྒོ་ལ་སྣང་ལ་གྲོང་ཁྱེར་གྱི་རྣམ་པ་དང་དངོས་ཡོད་འཚོ་བའི་ཁྲོད་ཀྱི་རྣམ་པ་གཉིས་ཀའི་འགལ་བ་དྲངས་ནས་མི་སྣའི་སྤྲོ་སྣང་དེ་སྡུག་སྣང་དུ་སྒྱུར་བའི་ལུགས་འདི་ནི་རྩོམ་པ་པོས་སྒྲུང་གཏམ་གསར་རྩོམ་བྱེད་སྐབས། ཁོར་ཡུག་གི་རྣམ་པ་ལ་བརྟེན་ནས་མི་སྣའི་ལས་དབང་ལ་འགྱུར་ལྡོག་འབྱུང་བའི་ཆོས་ཉིད་སྟོན་ལུགས་གལ་ཆེན་ཡིན་ལ། གལ་སྲིད་སྒྲུང་གཏམ་པ་རྣམས་ཀྱིས་བྱེད་ལས་འདི་ལ་ལེགས་པར་བསྟེན་ན། མི་སྣའི་གཤིས་ཀ་ལ་འགྱུར་ལྡོག་གནས་ལུགས་དང་མཐུན་པ་ཞིག་འབྱུང་ངེས།

སྒྲུང་གཏམ་གསར་རྩོམ་ཐད་ཀྱི་དྲི་བ་དྲིས་ལན་སྐལ་ལྡན་ཡིད་ཀྱི་མུན་སེལ།༼༥༽

ཆིག་བརྒྱ་ཉེར་བདུན། སྒྲུང་གཏམ་ལས་ཁོར་ཡུག་གི་རྣམ་པ་བཀོད་འབྲི་བྱས་ཏེ་མི་སྣའི་ལས་དབང་ལ་འགྱུར་ལྡོག་འབྱུང་བའི་ཆོས་ཉིད་སྟོན་ན་ཡིད་འཇོག་བྱ་དགོས་པ་ག་འདྲ་ཡོད།

   ལན། སྒྲུང་གཏམ་ལས་ཁོར་ཡུག་གི་རྣམ་པ་བཀོད་འབྲི་བྱས་ཏེ་མི་སྣའི་ལས་དབང་ལ་འགྱུར་ལྡོག་འབྱུང་བའི་ཆོས་ཉིད་སྟོན་ན་ཡིད་འཇོག་བྱ་དགོས་པ་འདི་འདྲ་ཡོད་དེ། གཅིག རྩོམ་མཁན་གྱི་ཡིད་ལ་མི་དང་ཁོར་ཡུག་བར་གྱི་འགལ་བ་དང་འབྲེལ་བ་འབྱུང་ལུགས་ལ་ཞིབ་མོར་ངེས་དགོས། གཉིས། མི་ལ་མཚོན་ན་ཁོར་ཡུག་མ་འདྲ་ན་སྤྱོད་ལུགས་མི་འདྲ་བ་དང་། ཁོར་ཡུག་མི་འདྲ་བའི་སྐབས་ཀྱི་སྤྱོད་ལམ་ནི་མི་སྣའི་རིག་གནས་ཡོན་ཚད། སྤྱི་ཚོགས་གོ་གནས། འཚོ་བའི་གོམས་སྲོལ་སོགས་དང་འབྲེལ་བ་དམ་པོ་ཡིད་ལ་ལེགས་པར་ངེས་ན། རྩོམ་མཁན་གྱིས་ཁོར་ཡུག་བཀོད་འབྲིའི་བྱེད་ལས་རྣམས་ལུགས་དང་མཐུན་པའི་སྒོ་ནས་བེད་སྤྱོད་བྱེད་ཐུབ།

ཆིག་བརྒྱ་ཉེར་བརྒྱད། སྒྲུང་གཏམ་དུ་ཁོར་ཡུག་ལ་བཀོད་འབྲི་བྱེད་ལུགས་ག་འདྲ་ཡོད།

   ལན། སྒྲུང་གཏམ་ལ་ཁོར་ཡུག་འབྲི་ལུགས་སྣ་ཚོགས་ཤིག་མཆིས་མོད། གང་ལྟར་ཁོར་ཡུག་གི་རྣམ་པ་དེ་ག་དུས་མཁོ་ན་དེ་དུས་འདྲེན་པ་དང་།  མཐོང་སྣེ་གང་ལ་འོས་ན་དེ་ལྟར་འདྲེན་པ་པ་དང་། རྣམ་པ་སྣ་ཚོགས་རི་མོར་འགོད་པར་ནུས་ན་རུང་བར་འདོད་དོ། །

ཆིག་བརྒྱ་ཉེར་དགུ།  ཁོར་ཡུག་གི་རྣམ་པ་ནི་ག་དུས་མཁོ་ན་དེ་དུས་འདྲེན་དོན་ཅི།

   ལན། སྒྲུང་གཏམ་གསར་རྩོམ་ལ་བྱང་ཆ་ཡོད་པའི་རྩོམ་པ་པོ་ཞིག་ཡིན་ན། ཁོར་ཡུག་གི་རྣམ་པ་ནི་མི་སྣར་གནས་གཞི་སྩོལ་བ་དང་། མི་སྣའི་སྣང་བརྙན་གསར་སློང་བྱེད་པ། བྱུང་རིམ་ལུགས་དང་མཐུན་པའི་ངང་ནས་མདུན་ལ་འདེད་པ། བརྗོད་དོན་རྫོགས་པར་སྟོན་པའི་དགོས་མཁོ་དངོས་ལ་དམིགས་ཏེ། ཁོར་ཡུག་གི་རྣམ་པ་ནི་ག་དུས་མཁོ་ན་དེ་དུས་བརྩམས་ཆོས་སུ་འདྲེན་བཞིན་ཡོད་ལ། འདྲེན་ལུགས་འདི་ནི་སྒྲུང་གཏམ་གྱི་ཁོར་ཡུག་བཀོད་འབྲི་ཐད་ཀྱི་ཚད་གཞི་གལ་འགངས་ཆེ་བ་ཞིག་ཡིན་པ་འདྲ།

ཆིག་བརྒྱ་སུམ་ཅུ། སྒྲུང་གཏམ་དུ་ཁོར་ཡུག་གི་རྣམ་པ་ནི་དགོས་མཁོ་གང་དག་དང་བསྟུན་ནས་འདྲེན་དགོས་འདུག

   ལན། སྒྲུང་གཏམ་དུ་ཁོར་ཡུག་གི་རྣམ་པ་འདྲེན་ན་དགོས་མཁོ་བཞི་ལས་གང་རུང་ཞིག་དང་བསྟུན་དགོས་པ་འདྲ་སྟེ། མི་སྣར་གནས་གཞི་སྩོལ་བའི་དགོས་མཁོ་ལྟར་འདྲེན་པའམ། མི་སྣའི་སྣང་བརྙན་གསར་སློང་བྱེད་པའི་དགོས་མཁོ་ལྟར་འདྲེན་པའམ། བྱུང་རིམ་མདུན་ལ་འདེད་པའི་དགོས་མཁོ་ལྟར་འདྲེན་པའམ། བརྗོད་དོན་རྫོགས་པར་སྟོན་པའི་དགོས་མཁོ་ལྟར་འདྲེན་པ་རྣམས་སོ།།

ཆིག་བརྒྱ་སོ་གཅིག སྒྲུང་གཏམ་ལས་ཁོར་ཡུག་ནི་མི་སྣར་གནས་གཞི་སྩོལ་བའི་དགོས་མཁོ་ལྟར་འདྲེན་དོན་ཅི།

   ལན། སྐབས་རེར་སྒྲུང་གཏམ་སྐོར་ཞིག་གསར་རྩོམ་བྱེད་སྐབས། ཁོར་ཡུག་གི་རྣམ་པ་བཀོད་འབྲི་བྱས་ཏེ་མི་སྣ་ལ་གནས་གཞི་བསྩལ་དགོས་འདུག་སྟེ། ཅི་ཡིན་ཞེ་ན། རྩོམ་པ་པོས་ཁོར་ཡུག་བཀོད་འབྲི་བྱས་ཏེ་མི་སྣར་གནས་གཞི་ངེས་གཏན་ཅན་ཞིག་བྱུང་བ་ན།  ད་གཟོད་མི་སྣ་དང་མི་སྣའི་འགལ་བ་དང་འབྲེལ་བ། མི་སྣ་དང་ཁོར་ཡུག་གི་འགལ་བ་དང་འབྲེལ་བ་གཞིར་བཟུང་ནས་སྒྲུང་གཏམ་གྱི་བྱུང་རིམ་མདུན་ལ་འདེད་སྐབས། མི་སྣ་ལ་རྟེན་གཞི་དང་བྱུང་རིམ་ལ་ཁ་ཕྱོགས་ཡོད་པར་འགྱུར་ངེས་ཡིན། ཁོ་བོའི་སྒྲུང་གཏམ་རྣམས་ལས《སྒྲོལ་མ་ཉེར་གཅིག》གི་དགུ་པ་སྟེ《ཨ་མ》དང་། བཅུ་པ་སྟེ《སློང་མོ་བ》དང་། བཅུ་དྲུག་པ་སྟེ《ཆུ་ལེན་བུ་མོ》དང་། བཅུ་དགུ་པ་སྟེ《ས་སྲོས་ཀྱི་འབྲུག་སྒྲ》སོགས་དང་། དེ་མིན་སྒྲུང་ཐུང《ཤ》དང་། 《མེད》དང་། 《ཚངས་དབྱངས་རྒྱ་མཚོ》ལ་སོགས་པ་གསར་རྩོམ་བྱེད་སྐབས། ཁོར་ཡུག་གི་རྣམ་པ་ནི་ག་དུས་མཁོ་ན་དེ་དུས་དྲངས་ཏེ་མི་སྣར་གནས་གཞི་བསྩལ་རྗེས། མི་སྣ་གནས་གཞི་དེ་ལ་བཀོད་དེ་བྱུང་རིམ་མདུན་ལ་དེད་པ་ཡིན།  

ཆིག་བརྒྱ་སོ་གཉིས། སྒྲུང་གཏམ་དུ་ཁོར་ཡུག་གི་རྣམ་པ་གང་ཞིག་མི་སྣའི་སྣང་བརྙན་གསར་སློང་བྱེད་པའི་དགོས་མཁོ་ལྟར་འདྲེན་ལུགས་ལུགས་ནི་ག་འདྲ་ཞིག་ཡིན་ནམ།

   ལན། སྒྲུང་གཏམ་གསར་རྩོམ་བྱེད་སྐབས། སྐབས་རེར་ཁོར་ཡུག་གི་རྣམ་པ་སྐོར་ཞིག་ནི་མི་སྣའི་སྣང་བརྙན་གསར་སློང་བྱེད་པའམ།  ཡང་ན་མི་སྣའི་བདེ་སྡུག་རྗེན་པར་སྟོན་ཆེད་བརྩམས་ཆོས་སུ་དྲངས་ཏེ་བཀོད་འབྲི་བྱས་པ་ཡིན་མོད། འོན་ཏེ་ཁོར་ཡུག་གི་རྣམ་པ་དེ་སྒྲུང་གཏམ་དུ་གང་འདོད་འདོད་དུ་དྲངས་ན་མི་སྣའི་སྣང་བརྙན་བྱེད་པའི་ཐད་ལ་ཕན་པ་ཅི་ཡང་མེད་པ་མ་ཟད། ད་དུང་གཏམ་ལྷག་གིས་སྒྲུང་གཏམ་གྱི་བརྗོད་དོན་སྒྲིབ་པའི་བརྗོད་ཉེས་འབྱུང་སྲིད།  དེར་བརྟེན། སྒྲུང་གཏམ་གསར་རྩོམ་གྱི་ལས་ལ་འཇུག་སྐབས། མི་སྣའི་སྣང་བརྙན་གསར་སློང་བྱེད་པའི་དགོས་མཁོ་དངོས་ལ་དམིགས་ཏེ། ཁོར་ཡུག་གི་རྣམ་པ་ནི་ག་དུས་མཁོ་ན་དེ་དུས་འདྲེན་དགོས་བྱུང་བ་རེད།ཁོ་བོས་སྒྲུང་གཏམ་ལས་ཁོར་ཡུག་བཀོད་འབྲི་ལ་བརྟེན་ནས་མི་སྣའི་སྣང་བརྙན་གསར་སློང་བྱེད་སྐབས། ཁོར་ཡུག་ནི་ཤེས་དང་མ་ཤེས་གཉིས་ཀའི་སྒོ་ནས་ག་དུས་མཁོ་ན་དེ་དུས་དྲངས་ཡོད་དེ།དཔེར་ན་མུ་འབྲེལ་སྒྲུང་གཏམ་ཡིག་བརྒྱ་མ《སྒྲོལ་མ་ཉེར་གཅིག》གི་བཅུ་དྲུག་པ་སྟེ《ཆུ་ལེན་བུ་མོ》གསར་རྩོམ་བྱེད་སྐབས། དབུལ་ཞིང་ཕོངས་པ།གནས་ལ་འགྲོ་བའི་དུས་ལ་བསླེབས་ཀྱང་གནས་བདག་མི་རྙེད་པའི་གཞོན་ནུ་མ་ཞིག་གི་ལས་དབང་བརྗོད་འདོད་ཡོད་ལ། སྒྲུང་གཏམ་གྱི་རྩོམ་མགོ་འཛིན་སྐབས། མི་སྣ་གཙོ་བོས་རྡོ་དཀར་གཙང་འགྲམ་དུ་འཆམ་འཆམ་བྱེད་སྐབས་གཙང་པོ་ཕ་རོལ་ལ་ཆུ་ལེན་པར་བསླེབས་པའི་སྒྲོལ་མ་མཐོང་བ་ན“འདུག་མི་བཟོད་པའི་ཚོར་སྣང་སྐྱེས”[2]པ་དམིགས་སུ་བཟུང་སྟེ།ད་ལྟའི་ཚོར་བ་དང་འདས་པའི་དོན་རྐྱེན་ཕྲན་བུ་ལྷན་དུ་བསྡེབས་ཏེ་བྱུང་རིམ་མདུན་ལ་འདེད་པ་ལས་དབུལ་ཕོངས་ཀྱི་རྣམ་པ་གཏན་ནས་མ་བརྗོད་ལ། བྱུང་རིམ་མདུན་ལ་དེད་དེ་མི་སྣ་ཁོ་རང་བགྲེས་མོ་ལྷ་ཆེན་འཚོའི་ཁྱིམ་ལ་བསླེབས་ཏེ་བགྲེས་མོ་དང་ཁ་བརྡ་བྱེད་སྐབས། བགྲེས་མས“དེང་སྐབས་ཀྱི་ལས་བྱེད་པ་ནི་དུད་ཁྱིམ་འབྱོར་མེད་རྣམས་ལ་ཡོང་མི་སྲིད”[3]ཅེས་བརྗོད་པ་ན། ཁོར་ཡུག་གི་རྣམ་པ་ལ་བརྟེན་ནས་དབུལ་ཞིང་ཕོངས་པའི་རྣམ་པ་འབྲི་བའི་དུས་ལ་བབས་པས།གོ་སྐབས་དེ་དང་བསྟུན་ནས་མི་སྣ་ཁོ་ཡི་མཐོང་སྣེ་སྤྱད་དེ་བགྲེས་མོ་ལྷ་ཆེན་འཚོ་ཚང་ལ་ཆ་མཚོན་ན“ཕོ་ཁྱིམ་ཧྲིལ་བོ་ན་སློག་པ་སོ་རྙིང་འགའ། སྒྱེ་སྟོང་འགའ། བོད་སྒམ་རྙིང་བ་ཞིག་ལས་ཅི་ཡང་མེད། སྒོམ་ཐོག་མཆོད་པ་བཤམས་ས་ཡིན་པ་འདྲ། སྟེང་ན་པཎ་ཆེན་སྐུ་ཕྲེང་བཅུ་བའི་སྐུ་འདྲ་དེ་བླ་མ་ཆ་མེད་ཅིག་འདྲ་པར་དང་མཉམ་དུ་པར་སྒྲོམ་དུ་བཤམས་འདུག་ལ། མདུན་ན་མཆོད་མེ་རྐོང་བུ་གང་སྒྲོན་ཡོད”ཅེས་བརྗོད་དེ་ཁྱིམ་གྱི་རྣམ་པ་བཀོད་འབྲི་བྱས་རྗེས། རང་བྱུང་ཚན་པ་རྗེས་མར་མི་སྣ་ཁོ་ཡི་ངོས་ཟིན་དྲངས་ཏེ“དངོས་འབྲེལ་དུད་ཁྱིམ་དབུལ་བོ་ཞིག་རེད”[4]ཅེས་གསལ་འདེབས་བྱས་པ་ན། མི་སྣའི་ཁྱིམ་གྱི་དབུལ་ཕོངས་ཀྱི་རྣམ་པ་དེ་རྟགས་མཚན་གསལ་བ་དང་དཔེ་མཚོན་རང་བཞིན་ལྡན་པ། ཁོར་ཡུག་གི་རྣམ་པ་ནི་འདྲེན་སྟངས་འོས་ཤིང་འཚམ་པའི་ངང་ནས་བཀོད་འབྲི་བྱེད་ཐུབ་པར་གྱུར་པ་མ་ཟད། མི་སྣའི་སྣང་བརྙན་གསར་སློང་བྱེད་པའི་ཐད་ལ་རམ་འདེགས་གང་ལེགས་བྱེད་ཐུབ་པར་གྱུར་པ་ཡིན་ནོ།།

སྒྲུང་གཏམ་གསར་རྩོམ་ཐད་ཀྱི་དྲི་བ་དྲིས་ལན་སྐལ་ལྡན་ཡིད་ཀྱི་མུན་སེལ།༼༥༽

ཆིག་བརྒྱ་སོ་གསུམ། སྒྲུང་གཏམ་དུ་ཁོར་ཡུག་གི་རྣམ་པ་ནི་བྱུང་རིམ་མདུན་ལ་འདེད་པའི་དགོས་མཁོ་ལྟར་འདྲེན་དགོས་དོན་ཅི།

   ལན། སྒྲུང་གཏམ་ལ་ལ་གསར་རྩོམ་བྱེད་སྐབས། སྐབས་རེར་ཁོར་ཡུག་གི་སྐོར་ཞིག་གི་རྣམ་པ་ནི་བྱུང་རིམ་མདུན་ལ་འདེད་པའི་དགོས་མཁོར་དམིགས་ཏེ་བཀོད་འབྲི་བྱས་པ་ཡིན་ལ། རྩོམ་མཁན་གྱིས་བྱུང་རིམ་གྱི་སྡེ་ཚན་གཅིག་བསྐྱུར་ནས་སྡེ་ཚན་གཞན་ཞིག་ལ་འཇུག་སྐབས། མཚམས་རེར་བྱུང་རིམ་སྔ་ཕྱི་གཉིས་ཀ་ཁོར་ཡུག་བཀོད་འབྲི་ལ་བརྟེན་ནས་ལྷན་དུ་སྦྲེལ་བ་དང་། སྐབས་རེར་རང་བྱུང་ཚན་པ་ཕྱི་མའི་མདུན་ལ་ཁོར་ཡུག་བཀོད་འབྲི་བྱས་ཏེ་ཀློག་མཁན་ལ་བྱུང་རིམ་སྔོན་མ་བསྐྱུར་བར་གསལ་འདེབས་བྱེད་པ་དང་། ཡང་མཚམས་རེར་དུས་ཀྱི་རྟགས་མཚན་གསལ་བའི་ཁོར་ཡུག་གི་རྣམ་པ་བྲིས་ཏེ་བྱུང་རིམ་སིལ་མ་རྣམས་ལྷན་དུ་སྡེབ་བཞིན་གདའ། ཁོ་བོས་སྒྲུང་གཏམ་གསར་རྩོམ་བྱེད་སྐབས། བྱུང་རིམ་མདུན་ལ་འདེད་པའི་དགོས་མཁོ་དང་བསྟུན་ཏེ་ཁོར་ཡུག་བཀོད་འབྲི་བྱེད་པར་དང་དོད་ཆེན་པོ་བྱས་པ་ཡིན་ཏེ། དཔེར་ན་སྒྲུང་འབྲིང《ནས》ཞེས་པ་ནི་ཇོ་རུ་དང་ཨ་ཁུ་ཁྲོ་ཐུང་གཉིས་ཀ་འདན་མ་ནས་རྫོང་འབེབས་པར་ཕྱིན་པ་དང་། སྔགས་འཆང་པད་མ་ཁྲོ་རྒྱལ་གྱིས་བུ་ཆུང་ཇོ་སྐྱབས་རྗེས་སུ་ཁྲིད་དེ་མེས་པོའི་གཅེས་ནོར་འཚོལ་དུ་ཕྱིན་པའི་གཏམ་རྒྱུད་རྒྱུན་མི་འདྲ་བ་དེ་གཉིས་ཀ་སིལ་བུར་གཏོར་རྗེས་བྱུང་རིམ་སིལ་མ་རྣམས་ཕྲེང་བར་བཀོད་ནས་བརྩམས་ཡོད་ལ།གཏམ་རྒྱུད་ཀྱི་རྒྱུན་མི་འདྲ་བའི་བྱུང་རིམ་སིལ་མ་རྣམས་ལྷན་དུ་སྡེབ་སྐབས། ཀློག་པ་པོའི་ཡིད་སེམས་ཚན་པ་སྔ་མར་ཁེགས་ཏེ་ཚན་པ་ཕྱི་མར་འཇུག་དཀའ་བའི་བརྗོད་ཉེས་དེ་འགོག་ཆེད། མཚུངས་ཆོས་ལྡན་པའི་ཁོར་ཡུག་རྣམས་བྱུང་རིམ་སིལ་མའི་བར་མཚམས་སུ་དྲངས་ཏེ་རྣམ་པ་བཀོད་འབྲི་བྱས་པ་ན། ཁོར་ཡུག་གི་རྣམ་པ་ནི་བྱུང་རིམ་སྔ་ཕྱི་བར་གྱི་ཟམ་པར་གྱུར་ཏེ་ཀློག་མཁན་གྱི་ཡིད་སེམས་ཚན་པ་སྔོན་མ་ནས་ཚན་པ་ཕྱི་མར་བདེ་བླག་ངང་ནས་འདྲེན་ཐུབ་པར་གྱུར་པ་ལྟ་བུའོ།།  

ཆིག་བརྒྱ་སོ་བཞི། ཁོར་ཡུག་གི་རྣམ་པོ་ནི་སྒྲུང་གཏམ་གྱི་བརྗོད་དོན་རྫོགས་པར་སྟོན་པའི་དགོས་མཁོ་ལ་དམིགས་ཏེ་གང་ལྟར་འདྲེན་དགོས།

   ལན། སྒྲུང་གཏམ་གསར་རྩོམ་བྱེད་སྐབས། ཁོར་ཡུག་གི་རྣམ་པ་ནི་མི་སྣར་གནས་སྩོལ་བའམ། མི་སྣའི་སྣང་བརྙན་གསར་སློང་བྱེད་པའམ།  བྱུང་རིམ་མདུན་ལ་འདེད་པའི་དགོས་དམིགས་ཏེ་བཀོད་འབྲི་བྱས་པ་ཡིན་མོད། འོན་ཏེ་སྒྲུང་གཏམ་སྐོར་ཞིག་ལ་ཆ་མཚོན་ན།ཁོར་ཡུག་བཀོད་འབྲི་ལ་བརྟེན་ནས་གོང་དུ་གླེངས་པའི་དམིགས་འབེན་དེ་དག་ལས་གཅིག་དུ་མ་འགྲུབ་དགོས་པ་མ་ཟད། ད་དུང་བརྗོད་དོན་རྫོགས་པར་སྟོན་པའི་ཐད་ལ་རམ་འདེགས་ཀྱི་ནུས་པ་འདོན་དགོས་འདུག ཁོ་བོའི་སྒྲུང་གཏམ་རྣམས་ལས《སྒྲོལ་མ་ཉེར་གཅིག》གི་གཉིས་པ་སྟེ《མཁའ་མཐའི་ཉི་མ》དང་། བཅུ་གཉིས་པ་སྟེ《ཤར་ཕྱོགས་ལྷུན་པོའི་ཀླད་ཀྱི་སྤྲིན་དཀར》དང་། བཅོ་ལྔ་པ་སྟེ《རྨ་ཆུ། འདི་ནས་རྒྱང་ལ་འཐེན》སོགས་ཀྱི་ཁོར་ཡུག་ནི་བྱུང་རིམ་མདུན་ལ་འདེད་པ་དང་བརྗོད་དོན་རྫོགས་པར་སྟོན་པ་གཉིས་ཀར་དམིགས་ནས་བཀོད་འབྲི་བྱས་པ་ཡིན་ཏེ།   དེ་དག་ལས《མཁའ་མཐའི་ཉི་མ》ལ་ཆ་མཚོན་ན། བརྩམས་ཆོས་རིལ་པོ་ནི་བྱུང་རིམ་གྱི་སྡེ་ཚན་བྱེ་བྲག་པ་གསུམ་གྱིས་གྲུབ་ཡོད་ལ། རྩོམ་མགོ་འཛིན་དུས་ཉི་མ་ནུབ་ལ་ཉེ་སྐབས་ཀྱི་མཁའ་མཐའ་དམིགས་སུ་བཟུང་སྟེ། དུས་སྐབས་དེ་ཉིད་ཀྱི་མཁའ་མཐའི་རྣམ་པ་ནི“ཉི་མ་ནུབ་ཕྱོགས་ཀྱི་མཁའ་ཐའ་ན་མར་ལྷུང་བཞིན་མཆིས། འོད་ཟེར་གྱི་ཉག་མ་མང་པོ་ཨ་སྔོན་གྱི་མཚམས་སྤྲིན་ལ་འཇུས”ཞེས་གཟུགས་རིས་ངང་ནས་བཀོད་འབྲི་བྱས་པ་དང་། ཚན་པ་གཉིས་པའི་ཚིག་མགོ་འཛིན་སྐབས་ཉི་མ་ནུབ་ལ་ཉེ་བའི་དུས་ཀྱི་རྣམ་པ་ནི“ཉི་མ་ནུབ་ཕྱོགས་ཀྱི་མཁའ་མཐའ་ན་མར་ལྷུང་བཞིན་མཆིས།འོད་ཟེར་གྱི་ཉག་མ་དུ་མ་ཨ་སྔོན་གྱི་མཚམས་སྤྲིན་ལ་འཇུས”ཞེས་པ་ལྟར་བཀོད་འབྲི་བྱས་པ་དང་། ཚན་པ་གསུམ་པའི་ཚིག་མགོ་འཛིན་སྐབས་དུས་སྐབས་དེ་ཉིད་ཀྱི་རྣམ་པ་ནི“ཉི་མ་ནུབ་ཕྱོགས་ཀྱི་མཁའ་མཐའ་ན་མར་ལྷུང་བཞིན་མཆིས།འོད་ཟེར་གྱི་ཉག་མ་རེ་གཉིས་ཨ་སྔོན་གྱི་མཚམས་སྤྲིན་ལ་འཇུས”ཞེས་བཀོད་འབྲི་བྱས་པ་ན། སྒྲུང་གཏམ་ཐོག་མར་ཀློག་སྐབས་ཀློག་མཁན་ལ་ཁོར་ཡུག་གི་འགྱུར་ལྡོག་བཀོད་འབྲི་བྱས་ཏེ་བྱུང་རིམ་མདུན་ལ་འདེད་བཞིན་ཡོད་པའི་ཚོར་སྣང་འབྱུང་སྲིད་མོད། འོན་ཏེ་སྒྲུང་གཏམ་གྱི་རང་བྱུང་ཚན་པ་རྗེས་མ་སྟེ“ཚེ་རིང་གིས་རང་ཉིད་ཀྱི་ནད་དེ་ཅི་ཡིན་མི་ཤེས་མོད། གསོ་རིག་ལ་མཁས་པའི་སྒྲོལ་མའི་སེམས་སུ་ཁྲིགས་ཁྲིགས་ཡིན”[5]ཞེས་སུ་བརྗོད་པའི་ཚིག་རྐང་འདི་གཉིས་བཀླགས་ཏེ་མཇུག་ནས་གྱེན་ལ་དཔྱད་པ་ན། རོལ་མྱོང་ལ་འཇུག་སྐབས་ཀྱི་བསམ་གཞིག་གི་མཐའ་འབྲས་ཀྱིས་རམ་འདེགས་ལ་བརྟེན་ནས། ཀློག་པ་པོས་མཚམས་སྤྲིན་དམར་པོ་ནི་ཆག་སྒོའི་མཚོན་བྱེད་ཡིན་པ་དང་། ཉི་མ་མཁའ་མཐའ་ན་མར་ལྷུང་བཞིན་ཡོད་པ་ནི་ཚེ་རིང་གི་ཚེ་ཚད་རྫོགས་ལ་ཉེ་བའི་མཚོན་བྱེད་ཡིན་པར་གོ་བ་ན། སྒྲུང་གཏམ་དུ་དྲངས་པའི་ཁོར་ཡུག་གི་རྣམ་པ་དེ་ཡིག་གདོང་བརྟགས་ན་ས་སྲོད་ཀྱི་རྣམ་པ་བསྟན་འདུག་པ་རྟོགས་པ་དང་། ཡིག་གདོང་གི་རྒྱབ་རོལ་ལ་ཚེ་རིང་གི་ཚེ་སྲོག་གི་འཇིག་སྟངས་དེ་གབ་པའི་ཚུལ་དུ་བསྡུས་ནས་བསྟན་པ་ན། ཁོར་ཡིག་གི་རྣམ་པ་བསྟན་པའི་ཚིག་ཚོགས་ཀྱི་ཡིག་གདོང་གི་དོན་ལས་རིང་དུ་བརྒལ་བའི་མཐུ་སྟོབས་ཤིག་ལྡན་པར་གྱུར་ཏེ། རྩོམ་མཁན་གྱིས་རང་གིས་བརྗོད་པར་འདོད་པ་གང་ཞིག་རྫོགས་པར་སྟོན་ཐུབ་པར་གྱུར་པ་དང་། ཀློག་མཁན་གྱིས་སྒྲུང་གཏམ་གྱི་བརྗོད་བྱ་དང་བརྗོད་སྙིང་ལ་གོ་བ་སྔར་ལས་ལྷག་པ་ཞིག་ལེན་ཐུབ་པར་གྱུར་པ་ལྟ་བུའོ།། 

ཆིག་བརྒྱ་སོ་ལྔ། སྒྲུང་གཏམ་དུ་ཁོར་ཡུག་གི་རྣམ་པ་ག་དུས་མཁོ་ན་དེ་དུས་འདྲེན་ན་ཡིད་འཇོག་བྱ་དགོས་པ་ག་འདྲ་ཡོད།

   ལན། སྒྲུང་གཏམ་དུ་ཁོར་ཡུག་གི་རྣམ་པ་ག་དུས་མཁོ་ན་དེ་དུས་འདྲེན་ན་ཡིད་འཇོག་བྱ་དགོས་པ་འདི་འདྲ་ཡོད་པར་འདོད་དེ། གཅིག  ཁོར་ཡུག་གི་རྣམ་པ་ནི་བརྗོད་འདོད་དང་བསྟུན་ནས་ག་དུས་མཁོ་ན་དེ་དུས་བརྩམས་ཆོས་འདྲེན་དགོས། གཉིས། ཁོར་ཡུག་གི་རྣམ་པ་ནི་བརྗོད་བྱའི་ཁྱད་ཆོས་དང་བསྟུན་ཏེ་ག་དུས་མཁོ་ན་དེ་དུས་བརྩམས་ཆོས་སུ་འདྲེན་དགོས། གསུམ། ཁོར་ཡུག་གི་རྣམ་པའི་ཞིབ་ཕྲ་ནི་བརྩམས་ཆོས་ཀྱི་བརྗོད་བྱའི་དོན་གྱི་ཁྱབ་རྒྱ་དང་བསྟུན་དགོས། 

ཆིག་བརྒྱ་སོ་དྲུག སྒྲུང་གཏམ་ལས་ཁོར་ཡིག་ཁོར་ཡུག་བཀོད་འབྲི་བྱེད་སྐབས་མཐོང་སྣེ་གང་ལ་འོས་ན་ཁོར་ཡུག་གི་རྣམ་པ་དེ་ལྟར་འདྲེན་ལུགས་གང་དག་ཡོད།

   ལན། སྒྲུང་གཏམ་གསར་རྩོམ་གྱི་ལས་ལ་འཇུག་སྐབས། བརྗོད་པར་འདོད་པ་གང་ཞིག་ལེགས་པར་སྟོན་པའི་དགོས་མཁོ་ལ་དམིགས་ཏེ། སྐབས་རེར་སྤྲོས་བརྗོད་པའི་མཐོང་སྣེ་དམིགས་སུ་བཟུང་སྟེ་ཁོར་ཡུག་བཀོད་འབྲི་བྱེད་པ་དང་། མཚམས་རེར་མི་སྣའི་མཐོང་སྣེ་དམིགས་སུ་བཟུང་ནས་ཁོར་ཡུག་བཀོད་འབྲི་བྱེད་བཞིན་ཡོད་པ་དང་། ཡང་སྐབས་རེར་མི་སྣའི་ཚོར་བ་ལ་བརྟེན་ནས་ཁོར་ཡུག་གི་རྣམ་པ་བརྩམས་ཆོས་ཁྲོད་ལ་འདྲེན་བཞིན་གདའ།

ཆིག་བརྒྱ་སོ་བདུན། སྤྲོས་བརྗོད་པའི་མཐོང་སྣེ་བརྒྱུད་ནས་ཁོར་ཡུག་གི་རྣམ་པ་བྲིས་ན་དགེ་མཚན་ཅི།

   ལན། སྤྲོས་བརྗོད་པའི་མཐོང་སྣེ་བརྒྱུད་ནས་ཁོར་ཡུག་འབྲི་བ་ཞེས་པ་རྩོམ་མཁན་གྱིས་ཐད་ཀར་ཁོར་ཡུག་གི་རྣམ་པ་དང་ཁྱད་ཆོས་གཟུགས་རིས་གསལ་བའི་ངང་ནས་མཚམས་སྦྱོར་བྱས་པ་ལ་གོ་དགོས་ཤིང་། བརྗོད་སྟངས་འདི་ལྟར་ཁོར་ཡུག་གི་རྣམ་པ་བཀོད་འབྲི་བྱས་ན། ཁོར་ཡུག་ལ་སྒྲུང་གཏམ་ཁྲོད་ཀྱི་མི་སྣའི་གཤིས་ཀ་དང་འདོད་བློ་སོགས་ཀྱི་ཚད་བཀག་ཐེབས་མི་སྲིད་པས། གཏམ་རྒྱུད་ཀྱི་རྒྱབ་ལྗོངས་དང་ཡུལ་ཁམས་ཀྱི་རྣམ་པ། རྩོམ་མཁན་གྱི་ཡིད་ཀྱི་འགྱུར་བ་གཟུགས་རིས་གསལ་བའི་སྒོ་ནས་བདེན་པར་སྟོན་པ་ལ་ཤིན་ཏུ་ཕན་པ་ཡིན།  

ཆིག་བརྒྱ་སོ་བརྒྱད། སྒྲུང་གཏམ་ལས་ཁོར་ཡུག་གི་རྣམ་པ་ནི་མི་སྣའི་མཐོང་སྣེ་དམིགས་སུ་བཟུང་ནས་འབྲི་དོན་ཅི། 

   ལན། སྒྲུང་གཏམ་གསར་རྩོམ་བྱེད་སྐབས། ཁོར་ཡུག་གི་རྣམ་པ་ནི་འདམ་ག་ཡོད་པ་དང་། གཙོ་ཕལ་ཡོད་པ། ཡང་ན་གཤིས་ཀ་མི་འདྲ་བའི་མི་སྣའི་འདོད་བློ་དང་། ལས་རིགས་མི་འདྲ་བའི་མི་སྣའི་དགའ་ཕྱོགས།གནས་བབ་མི་འདྲ་བའི་མི་སྣའི་སེམས་ཁམས་དང་བསྟུན་ནས་བཀོད་འབྲི་བྱས་ན། མི་སྣའི་སྣང་བརྙན་གསར་སློང་བྱེད་པ་དང་བྱུང་རིམ་མདུན་ལ་འདེད་པའི་ཐད་ལ་ནུས་པ་ཆེན་པོ་འདོན་ཐུབ། སྒྲུང་གཏམ་པ་གཞན་གྱིས་བརྩམས་ཆོས་སུ་ཁོར་ཡུག་གི་རྣམ་པ་འདྲེན་ལུགས་དང་ཁོ་བོའི་གསར་རྩོམ་ཐད་ཀྱི་ཉམས་མྱོང་ལྟར་ན། མི་སྣའི་མཐོང་སྣེ་དམིགས་སུ་བཟུང་ནས་ཁོར་ཡུག་འབྲི་ན་འབྲི་སྟངས་རྒྱུགས་ཆེ་བ་གསུམ་ཡོད་པ་འདྲ་སྟེ། དེ་དག་ནི་མི་སྣའི་མཐོང་སྣང་ལ་བརྟེན་ནས་ཁོར་ཡུག་འབྲི་བ་དང་། མི་སྣའི་ཚོར་བ་ལ་བརྟེན་ནས་ཁོར་ཡུག་འབྲི་བ་དང་། མི་སྣའི་འཕྲུལ་སྣང་ལ་བརྟེན་ནས་ཁོར་ཡུག་འབྲི་བ་རྣམས་སོ།།

སྒྲུང་གཏམ་གསར་རྩོམ་ཐད་ཀྱི་དྲི་བ་དྲིས་ལན་སྐལ་ལྡན་ཡིད་ཀྱི་མུན་སེལ།༼༥༽

ཆིག་བརྒྱ་སོ་དགུ། མི་སྣའི་མཐོང་སྣེ་དམིགས་སུ་བཟུང་ན་ཁོར་ཡུག་ལ་བཀོད་འབྲི་བྱེད་ལུགས་ག་འདྲ་ཡོད།

   ལན། སྒྲུང་གཏམ་གསར་རྩོམ་བྱེད་སྐབས། མི་སྣའི་མཐོང་སྣེ་དམིགས་སུ་བཟུང་ནས་ཁོར་ཡིག་གི་རྣམ་པ་འབྲི་ལུགས་གསུམ་ཡོད་པ་འདྲ་སྟེ། མི་སྣའི་མཐོང་སྣང་ལ་བརྟེན་ནས་ཁོར་ཡུག་འབྲི་བ་དང་། མི་སྣའི་ཚོར་བ་ལ་བརྟེན་ནས་ཁོར་ཡུག་འབྲི་བ་དང་། མི་སྣའི་འཕྲུལ་སྣང་ལ་བརྟེན་ནས་ཁོར་ཡུག་འབྲི་བ་རྣམས་སོ།།

ཆིག་བརྒྱ་བཞི་བཅུ། སྒྲུང་གཏམ་ལས་མི་སྣའི་མཐོང་སྣང་ལ་བརྟེན་ནས་ཁོར་ཡུག་གི་རྣམ་པ་བྲིས་ན་དགེ་མཚན་ཅི།

   ལན། སྒྲུང་གཏམ་གསར་རྩོམ་གྱི་ལས་ལ་འཇུག་སྐབས། རྩོམ་མཁན་ནི་མི་སྣའི་རྗེས་སུ་འབྲངས་ཏེ། མི་སྣས་མཐོང་སྣང་ལ་འཕོས་པ་དང་མི་སྣས་དང་དོད་བྱེད་པའི་ཁོར་ཡུག་གི་རྣམ་པ་དང་ཁྱད་ཆོས་ཡི་གེར་འགོད་པ་ནི་མི་སྣ་མཐོང་སྣེ་དམིགས་སུ་བཟུང་ནས་ཁོར་ཡུག་འབྲི་ལུགས་ཡིན་ལ། བརྗོད་སྟངས་འདི་བརྟེན་ནས་ཁོར་ཡུག་རྣམ་པ་བཀོད་འབྲི་བྱས་ན། ཁོར་ཡུག་གི་རྣམ་པ་ནི་མི་སྣའི་གཤིས་ཀ་མཚོན་པའི་རྟགས་མཚན་དུ་འགྱུར་ཐུབ་པས། མི་སྣའི་ཐུན་མོང་མ་ཡིན་པའི་གཤིས་ཀ་དང་ཐུན་མོང་མ་ཡིན་པའི་སྣང་བརྙན་མཚོན་པ་ལ་ཤིན་ཏུ་ཕན་པར་འདོད།

ཆིག་བརྒྱ་ཞེ་གཅིག སྒྲུང་གཏམ་ལས་མི་སྣའི་ཚོར་བ་ལ་བརྟེན་ནས་ཁོར་ཡུག་གི་རྣམ་པ་བྲིས་ན་དགེ་མཚན་ཅི།

   ལན། སྒྲུང་གཏམ་གསར་རྩོམ་གྱི་ལས་ལ་འཇུག་སྐབས། རྩོམ་མཁན་ནི་མི་སྣའི་རྗེས་སུ་འབྲངས་ཏེ། མི་སྣས་དང་དོད་བྱེད་པའི་ཁོར་ཡུག་གི་རྣམ་པ་མཐོང་བའི་སྐབས་ཀྱི་ཚོར་བ་ཡི་གེར་འགོད་པ་ནི་མི་སྣའི་ཚོར་བ་ལ་བརྟེན་ནས་ཁོར་ཡུག་འབྲི་བའི་གྲས་སུ་གཏོགས་ཏེ། བརྗོད་སྟངས་འདི་ལྟར་ཁོར་ཡུག་གི་རྣམ་པ་བཀོད་འབྲི་བྱས་ན། ཡུལ་གྱི་རྣམ་པ་ལ་བརྟེན་ནས་མི་སྣའི་ཡིད་ཀྱི་འགྱུར་བ་དེ་གཟུགས་རིས་གསལ་བའི་ངང་ནས་ལེགས་པར་མཚོན་ཐུབ་མ་ཟད། ཁོར་ཡུག་གི་རྣམ་པར་དང་དོད་བྱེད་ལུགས་ལ་བརྟེན་ནས་མི་སྣའི་དགའ་ཕྱོགས་དང་ལངས་ཕྱོགས་ཀྱང་རྟོགས་ཐུབ་པར་འདོད།  

ཆིག་བརྒྱ་ཞེ་གཉིས། སྒྲུང་གཏམ་ལས་མི་སྣའི་འཕྲུལ་སྣང་ལ་བརྟེན་ནས་ཁོར་ཡུག་གི་རྣམ་པ་བྲིས་ན་དགེ་མཚན་ཅི།

   ལན། སྒྲུང་གཏམ་ཞེས་པའི་རྩོམ་ལུས་བྱེ་བྲག་པ་འདི་ལ་ཆ་མཚོན་ན། དེ་ཉིད་བློས་སློང་བྱེད་སྐབས་རྩོམ་མཁན་གྱིས་བརྗོད་བྱ་དང་མི་སྣ་གཉིས་ལ་མངའ་དབང་སྒྱུར་བཞིན་ཡོད་མོད། འོན་ཏེ་གསར་རྩོམ་གྱི་ལས་ལ་དངོས་སུ་འཇུག་སྐབས་མི་སྣས་རྩོམ་མཁན་ལ་མངའ་དབང་སྒྱུར་བཞིན་ཡོད་པ་ན། གལ་སྲིད་མི་སྣ་ནི་རྐྱེན་གང་ཞིག་གི་དབང་ལ་སོང་སྟེ་ཡིད་སེམས་འཕྲུལ་སྣང་གིས་མངའ་དབང་སྒྱུར་བཞིན་ཡོད་པའི་སྐབས་སུ། རྩོམ་པ་པོས་མི་སྣའི་སེམས་ཁམས་དམིགས་སུ་བཟུང་ནས་འཕྲུལ་སྣང་མི་འབྲི་ཀ་མེད་ཡིན་ལ། ལྷག་པར་སྐབས་འདིར་ཁོར་ཡུག་རྣམ་པ་དང་མི་སྣའི་མཐོང་ཐོས་ལྷན་དུ་བསྡེབས་ཏེ་ཁོར་ཡུག་གི་རྣམ་པ་བཀོད་འབྲི་བྱས་ན། མི་སྣའི་སྣང་བརྙན་དང་གཤིས་ཀ་བདེན་ཁ་མི་འཆོར་བའི་སྒོ་ནས་སྟོན་ཐུབ་པས། སྒྲུང་གཏམ་གསར་རྩོམ་བྱེད་སྐབས།མི་སྣའི་འཕྲུལ་སྣང་ནི་ཁོར་ཡུག་གི་རྣམ་པ་བརྒྱུད་ནས་བྲིས་ན། འཕྲུལ་སྣང་གང་དང་གང་ཞིག་བྱུང་བ་དེ་གཟུགས་རིས་གསལ་བའི་ངང་ནས་སྟོན་ཐུབ་པ་འདྲ། ཁོ་བོའི་སྒྲུང་གཏམ་རྣམས་ལས《མེ་ལོང་ནང་གི་ཕྱེ་མ་ལེབ》དང་། 《མེ་ལོང》དང་། 《ཚངས་དབྱངས་རྒྱ་མཚོ》དང་། 《སྒྲོལ་མ་ཉེར་གཅིག》གི་བཅོ་ལྔ་པ་སྟེ《རྨ་ཆུ།  འདི་ནས་རྒྱང་ལ་འཐེན》བཞི་ག་ནི་མི་སྣའི་འཕྲུལ་སྣང་དམིགས་སུ་བཟུང་སྟེ་བརྩམས་པ་ཡིན།

ཆིག་བརྒྱ་ཞེ་གསུམ། སྒྲུང་གཏམ་ལས་མི་སྣའི་མཐོང་སྣེ་ལ་བརྟེན་ནས་ཁོར་ཡུག་གི་རྣམ་པ་འབྲི་སྐབས་ཡིད་འཇོག་བྱ་དགོས་པ་གང་དག་ཡོད།

   ལན། སྒྲུང་གཏམ་ལས་ཁོར་ཡུག་བཀོད་འབྲི་བྱེད་སྐབས་མཐོང་སྣེ་འདེམ་ལུགས་ལ་ཡིད་འཇོག་བྱ་དགོས་པ་འདི་འདྲ་ཡོད་པ་འདྲ་སྟེ། གཅིག སྒྲུང་གཏམ་ཁྲོད་ལ་ཁོར་ཡུག་གི་རྣམ་པ་དེ་དགའ་ཕྱོགས་དང་ཕྱོགས་ཞེན་གྱི་དབང་དུ་མ་སོང་སྟེ་བདེན་པ་བདེན་དྲང་གིས་བྲི་དགོས་བྱུང་ན། སྤྲོས་བརྗོད་པའི་མཐོང་སྣེ་སྤྱད་ནས་ཁོར་ཡུག་གི་རྣམ་པ་བཀོད་འབྲི་བྱ་དགོས་འདུག གཉིས། ཁོར་ཡུག་བཀོད་འབྲི་བརྒྱུད་ནས་མི་སྣ་གཤིས་ཀའམ།   མི་སྣའི་སེམས་ཁམས་སམ། མི་སྣའི་དགའ་ཕྱོགས་དང་ལས་རིགས་སོགས་མཚོན་དགོས་བྱུང་ན། ཁོར་ཡུག་གི་རྣམ་པ་དེ་མི་སྣའི་མཐོང་སྣེའམ། མི་སྣའི་ཚོར་བའམ། མི་སྣའི་འཕྲུལ་སྣང་ལ་བརྟེན་ནས་བྲི་དགོས་འདུག

ཆིག་བརྒྱ་ཞེ་བཞི། སྒྲུང་གཏམ་ལས་ཁོར་ཡུག་བཀོད་འབྲི་བརྒྱུད་དེ་རྣམ་པ་སྣ་ཚོགས་རི་མོར་བཀོད་ན་དགེ་མཚན་ཅི།

   ལན། སྲིད་པའི་ཡུལ་གྲུ་ཀུན་གྱི་རྣམ་པ་དང་དུས་རབས་སོ་སོའི་མི་རྣམས་ཀྱི་འཚོ་བའི་རྣམ་པ་ནི་མཚུངས་ཆོས་ཉུང་ཞིང་ཕུན་སུམ་ཚོགས་པ་ཞིག་ཡིན་པ་ན། སྒྲུང་གཏམ་གསར་རྩོམ་གྱི་ལས་ལ་འཇུག་སྐབས། ཁོར་ཡུག་ལ་འབྲི་ལུགས་སྣ་ཚོགས་ཤིག་མཆིས་ཏེ། ལ་ལར་དུས་རབས་བྱེ་བྲག་པ་ཞིག་གི་འཚོ་བའི་རྣམ་པ་བཀོད་འབྲི་བྱས་ཏེ་ལོ་རྒྱུས་ཀྱི་གོ་རིམ་ངེས་ཅན་ཞིག་གཟུགས་རིས་ལྡན་པའི་ངང་ནས་མཚོན་བཞིན་ཡོད་པ་དང་། ལ་ལར་དུས་རབས་མི་གཅིག་དང་ཡུལ་ཁམས་མི་གཅིག་པ། མི་རིགས་མི་གཅིག་པའི་ཡུལ་སྲོལ་གོམས་གཤིས་དང་སྤྱི་ཚོགས་རྣམ་པ་བཀོད་འབྲི་བྱས་ཏེ་གོམས་གཤིས་འདྲ་མིན་སྣ་ཚོགས་གཟུགས་རིས་གསལ་བའི་སྒོ་ནས་མཚོན་བཞིན་ཡོད་པ་དང་། ལ་ལར་གྲོང་དང་གྲོང་ཁྱེར་དང་། རི་ལུང་དང་རྩྭ་ཐང་གི་རྣམ་པ་བཀོད་འབྲི་བྱས་པ་ན། ཀློག་མཁན་གྱི་མཐོང་སྣང་ལ་ཡུལ་གྱི་རྣམ་པ་ནི་གཟུགས་རིས་གསལ་བའི་ངང་ནས་མངོན་པའི་ལས་འབད་བཞིན་ཡོད་པ་མ་ཟད། བརྩམས་ཆོས་ཀྱི་བརྗོད་བྱ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། མི་སྣའི་སྣང་བརྙན་གྱིས་བདེན་ཁ་མི་འཆོར་བ། བྱུང་རིམ་གྱིས་མི་སེམས་འགུགས་པ་སོགས་ལ་ཤིན་ཏུ་ཕན་པར་བརྗོད་དོ།།

སྒྲུང་གཏམ་གསར་རྩོམ་ཐད་ཀྱི་དྲི་བ་དྲིས་ལན་སྐལ་ལྡན་ཡིད་ཀྱི་མུན་སེལ།༼༥༽

ཆིག་བརྒྱ་ཞེ་ལྔ། སྒྲུང་གཏམ་ལས་ཁོར་ཡུག་བཀོད་འབྲི་བྱེད་སྐབས་རྣམ་པ་གང་དག་རི་མོར་འགོད་དགོས།

   ལན། སྒྲུང་གཏམ་ལས་ཁོར་ཡུག་བཀོད་འབྲི་བརྒྱུད་དེ་རྣམ་པ་རི་མོར་འགོད་སྐབས། རྣམ་པ་ཕྱོགས་མི་འདྲ་བ་བཞི་ལ་དམིགགས་པ་གཏད་དགོས་པར་འདོད་དེ། ཕྱོགས་དེ་དག་ནི་ལོ་རྒྱུས་ཀྱི་རྣམ་པ་རི་མོར་འགོད་པ་དང་། ཡུལ་སྲོལ་གོམས་གཤིས་རི་མོར་འགོད་པ་དང་། ཡུལ་གྱི་རྣམ་པ་རི་མོར་འགོད་པ་དང་། མི་སྣའི་གཤིས་ཀ་རི་མོར་འགོད་པ་རྣམས་སོ།།

ཆིག་བརྒྱ་ཞེ་དྲུག སྒྲུང་གཏམ་ལས་ཁོར་ཡུག་བཀོད་འབྲི་བརྒྱུད་དེ་ལོ་རྒྱུས་ཀྱི་རྣམ་པ་རི་མོར་འགོད་དོན་ཅི།

   ལན། སྒྲུང་གཏམ་ལས་ཁོར་ཡུག་བཀོད་འབྲི་བརྒྱུད་དེ་ལོ་རྒྱུས་ཀྱི་རྣམ་པ་རི་མོར་འགོད་དོན་ཅི་ཞེ་ན། དེ་ལ་རྒྱུ་མཚན་འདི་འདྲ་ཡོད་པར་སྙམ་སྟེ། གཅིག་ན་སྒྲུང་གཏམ་ནི་གསར་འགྱུར་མིན་པ་དང་གསར་རྩོམ་ལ་འཇུག་སྐབས་དུས་རབས་སོ་སོའི་འཚོ་བ་བརྩམས་ཆོས་བརྒྱུད་ནས་སྟོན་དགོས་པས།སྒྲུང་གཏམ་གང་དང་གང་ཞིག་གསར་རྩོམ་བྱེད་སྐབས། ལོ་རྒྱུས་ཀྱི་དུས་སྐབས་གང་ཞིག་གི་འཚོ་བ་འབྲི་ན་དུས་སྐབས་དེའི་ཁོར་ཡུག་གི་རྣམ་པ་གཟུགས་རིས་གསལ་བའི་སྒོ་ནས་བཀོད་འབྲི་མི་བྱེད་ཐབས་མེད་དུ་གྱུར་པ་དང་། གཉིས་སུ་རང་གིས་བརྩམས་ཆོས་སུ་དྲངས་པའི་མི་སྣ་དེ་བདེན་ཉམས་ཆེ་བ། དུས་རབས་དང་མི་རིགས་ཀྱི་ཁྱད་ཆོས་དོད་པོ་ལྡན་པའི་ངང་ནས་བཀོད་འབྲི་བྱེད་པ་དང་། སྒྲུང་གཏམ་དུ་མི་སྣའི་གཤིས་ཀ་གྲུབ་བྱེད་དང་མཚོན་བྱེད་ཏུ་གྱུར་པའི་སྤྱི་ཚོགས་ཁོར་ཡུག་གི་རྣམ་པ་དེ་བདེན་ཁ་མི་འཆོར་བའི་ངང་ནས་འདྲེན་དགོས་ན། དུས་སྐབས་ངེས་ཅན་ཞིག་གི་སྤྱི་ཚོགས་ཀྱི་རྣམ་པ་དེ་གཟུགས་རིས་ཡོད་པའི་སྒོ་ནས་བདེན་པར་དྲངས་ཏེ། ཀློག་པ་པོའི་མཐོང་སྣང་ལ་ལོ་རྒྱུས་ཀྱི་སྣང་བརྙན་རྙོག་དྲ་ཅན་ཞིག་མི་འདྲེན་ཀ་མེད་དུ་གྱུར། དཔེར་ན་ལྗོངས་རྒྱུ་ལྟ་སྐོར་ཞེས་པའི་ལས་རིགས་འདི་ཉིད་ཡུལ་གྲུ་ཀུན་ལ་དར་བ་དང་བསྟུན་ནས།བོད་ཡུལ་གྱི་གནས་འགངས་ཆེན་རྣམས་ལ་ལྟ་སྐོར་དུ་ཡོང་མཁན་ཇེ་མང་ནས་ཇེ་མང་ཡིན་པ་མ་ཟད། རྟེན་དང་བརྟེན་པ་མང་པོ་ལྟ་སྐོར་གྱི་དགོས་མཁོ་དང་བསྟུན་ནས་བཞེངས་བཞིན་ཡོད་ལ།ཁོ་བོས《སྒྲོལ་མ་ཉེར་གཅིག》གི་བརྒྱད་པ་སྟེ《བོར་ཟིན་པ་དེ་འཚོལ་བ》ལས་ལོ་རྒྱུས་ཀྱི་སྣང་ཚུལ་བྱེ་བྲག་པ་དེ་དཔེ་མཚོན་ལྡན་པའི་ངང་ནས་སྟོན་ཆེད། “གསེར་ལུང་མཆོད་རྟེན”དང་ཉེ་འཁོར་གྱི་ཁོར་ཡུག་གི་རྣམ་པ་དམིགས་སུ་བཟུང་བ་དང་ཨ་ཡེ་སྒྲོལ་མའི་མཐོང་སྣེ་སྤྱད་དེ“སྔར་གྱི་མཆོད་རྟེན་བྱིན་ཅན་དེ་ཅི་བྱས་མི་ཤེས་མོད། ཤུལ་དུ་མཆོད་རྟེན་གསར་བ་ཞིག་བཞེངས་འདུག་ལ། མཐའ་སྐོར་དུ་མིག་སྔོན་པོ་ཅན་དང་སྐྲ་སེར་པོ་ཅན་དུ་མ་ལངས་ཏེ་ཞིབ་ལྟ་བྱེད་བཞིན་ཡོད་པ་དང་། ཕྱུ་བ་ལྗང་ཁུ་གོན་པའི་བོད་རིགས་གཞོན་ནུ་མ་ཞིག་གིས་ཁོ་ཚོར་འདྲེ་སྐད་དང་མཚུངས་པའི་སྐད་ཆ་བཤད་བཞིན་མཆིས”[6]ཞེས་བཀོད་འབྲི་བྱས་པ་ལྟ་བུའོ།།

ཆིག་བརྒྱ་ཞེ་བདུན། སྒྲུང་གཏམ་ལས་ཁོར་ཡུག་བཀོད་འབྲི་བྱེད་སྐབས་ཡུལ་སྲོལ་གོམས་གཤིས་རི་མོར་འགོད་དོན་ཅི།

        ལན།སྒྲུང་གཏམ་ལས་ཁོར་ཡུག་བཀོད་འབྲི་བྱེད་སྐབས་ཡུལ་སྲོལ་གོམས་གཤིས་རི་མོར་འགོད་དོན་ཅི་ཡིན་ཞེ་ན།དེ་ལ་རྒྱུ་མཚན་ནམ་དམིགས་ཡུལ་འདི་འདྲ་ཡོད་པར་འདོད་དེ། གཅིག་ན་སྒྲུང་གཏམ་ལྟ་ཀློག་བརྒྱུད་དེ་ཡུལ་གྲུ་གཞན་དང་མི་རིགས་གཞན་གྱི་ཡུལ་སྲོལ་གོམས་གཤིས་ཉམས་སུ་མྱོང་བ་ནི་ཀློག་པ་པོ་སྒྲུང་གཏམ་ལྟ་ཀློག་ལ་འཇུག་པའི་དམིགས་ཡུལ་གང་ཆེན་ཞིག་ཡིན་པས། སྒྲུང་གཏམ་པས་ཁོར་ཡུག་བཀོད་འབྲི་བརྒྱུད་ནས་ཡུལ་སྲོལ་གོམས་གཤིས་རང་གི་བརྩམས་ཆོས་སུ་དྲངས་པ་ཡིན་ལ། གཉིས་སུ་རྩོམ་པ་པོ་རྣམས་ཀྱིས་དཔེ་མཚོན་རང་བཞིན་ལྡན་པའི་ཁོར་ཡུག་ཏུ་དཔེ་མཚོན་རང་བཞིན་ལྡན་པའི་མི་གཤིས་གྲུབ་ལུགས་དེ་ལེགས་པར་སྟོན་ཆེད། རང་གི་བརྩམས་ཆོས་ཁྲོད་ལ་ཡུལ་སྲོལ་སྣ་ཚོགས་གཟུགས་རིས་ལྡན་པའི་སྒོ་ནས་དྲངས་ཏེ། ཡུལ་སྲོལ་ལ་བརྟེན་ནས་མི་སྣའི་སྣང་བརྙན་གསར་སློང་བྱེད་པར་འབད་འབུངས་བྱས་པ་ཡིན་ཏེ། དཔེར་ན་ཉི་མ་ལྷ་སའི་མི་རྣམས་མཚན་མོའི་དུས་སུ་ཕྱི་ལ་ཕྱིན་ཏེ་མགྲོན་པོར་སྣེ་ལེན་བྱེད་པ་དང་། རང་གི་གྲོགས་པོ་དང་ནང་མི་ལྷན་དུ་བསྡུས་ཏེ་དགའ་སྟོན་ལ་རོལ་བ། ནང་མར་ཕྱིན་ཏེ་ཆང་དང་གླུ་གར་ལོངས་སུ་སྤྱོད་པར་དགའ་བས། སྒྲུང་ཐུང《ཤ》ལས་ཉི་མ་ལྷ་སའི་མི་རྣམས་ཀྱི་ཡུལ་སྲོལ་གོམས་གཤིས་དེ་སྣང་བརྙན་གསལ་བའི་སྒོ་ནས་སྟོན་པ་དང་། སྒྲོལ་མའི་འཚོ་བ་ལ་ཁོར་ཡུག་དཔེ་མཚོན་ལྡན་པ་ཞིག་འདྲེན་ཆེད། རང་བྱུང་ཚན་པའི་ཚིག་མགོ་འཛིན་སྐབས“མུན་རུབ་ནའང་། ཉི་མ་ལྷ་སའི་མི་རྣམས་མཚན་མོའི་འཚོ་བར་ཞེན་པས། སྔ་མོར་མལ་གྱི་བདེ་བར་རོལ་མི་སྲིད”བརྗོད་རྗེས། ཁོར་ཡུག་གི་རྣམ་པ་ནི“གཟིགས་དང་། གཞུང་ལམ་ན་རླངས་འཁོར་བཞུར་གྱིན་གདའ། ནང་མ་ན་གླུ་སྐད་མཆེད་ཀྱིན་གདའ།   སྲང་ལམ་ན་གོམ་སྒྲ་འཁྲུག་གིན་གདའ”[7]ཞེས་པ་ལྟར་བཀོད་འབྲི་བྱས་པ་ན། ཉི་མ་ལྷ་སའི་མི་རྣམས་མཚན་མོའི་དུས་སུ་དགའ་བདེའི་དཔལ་ལ་རོལ་བའི་གོམས་སྲོལ་དེ་སྣང་བརྙན་གསལ་བའི་ངང་ནས་མཚོན་ཐུབ་པར་གྱུར་པ་ལྟ་བུའོ། །

ཆིག་བརྒྱ་ཞེ་བརྒྱད། སྒྲུང་གཏམ་ལས་ཁོར་ཡུག་བཀོད་འབྲི་བྱེད་སྐབས་ཡུལ་གྱི་རྣམ་པ་རི་མོར་འགོད་དོན་ཅི།

   ལན། ཡུལ་ནི་སྒྲུང་གཏམ་གྱི་བརྗོད་བྱའི་གྲུབ་ཆ་གསུམ་གྱི་ཡ་གྱལ་ཡིན་པ་མ་ཟད། ཁོར་ཡུག་གི་རྣམ་པ་གསལ་བ་ནི་སྒྲུང་གཏམ་ལ་ཡོད་དགོས་པའི་ཁྱད་ཆོས་ཤིག་ཡིན་པ་ན། རྩོམ་པ་པོས་སྒྲུང་གཏམ་གསར་རྩོམ་བྱེད་སྐབས། ཁོར་ཡུག་བཀོད་འབྲི་ལ་བརྟེན་ནས་ཡུལ་གྱི་རྣམ་པ་རི་མོར་འགོད་དགོས་འདུག་ལ། འདི་ལྟར་ན་ཀློག་མཁན་གྱི་སྣང་ངོར་རི་མོའི་གཟུགས་སུ་བྱས་པའི་ཁོར་ཡུག་ཅིག་མངོན་སྲིད་པ་མ་ཟད། རི་མོའི་གཟུགས་སུ་གྲུབ་པའི་ཁོར་ཡུག་དེ་ལ་སྣང་བརྙན་གསལ་བའི་མི་སྣ་དྲངས་པ་ན། སྒྲུང་གཏམ་གྱི་ཁོར་ཡུག་དང་། བྱུང་རིམ་དང་། མི་སྣ་གསུམ་ག་སྣང་བརྙན་ཅན་དུ་འགྱུར་བ་ཡིན།

ཆིག་བརྒྱ་ཞེ་དགུ། སྒྲུང་གཏམ་ལས་ཁོར་ཡུག་བཀོད་འབྲི་ལ་བརྟེན་ནས་མི་སྣའི་གཤིས་ཀ་རི་མོར་འགོད་ཐབས་ཡོད་དམ།

   ལན། སྒྲུང་གཏམ་གསར་རྩོམ་བྱེད་སྐབས། ཁོར་ཡུག་བཀོད་འབྲི་ལ་བརྟེན་ནས་མི་སྣའི་གཤིས་ཀ་རི་མོར་འགོད་ཐབས་ཡོད་དེ། སྒྲུང་གཏམ་ལས་ཁོར་ཡུག་བཀོད་འབྲི་བྱེད་ལུགས་ལ་ཞིབ་ཏུ་བརྟགས་ན། རྩོམ་པ་པོ་རྣམས་ཀྱིས་སྒྲུང་གཏམ་གང་དང་གང་ཞིག་གསར་རྩོམ་བྱེད་སྐབས། ཁོར་ཡུག་གི་རྣམ་པ་ནི་དཔེ་མཚོན་རང་བཞིན་ལྡན་པའི་ངང་ནས་བཀོད་འབྲི་བྱེད་པ་མ་ཟད། རྣམ་པ་ལ་བརྟེན་ནས་ཁོར་ཡུག་དེ་ལ་གནས་པའི་མི་སྣའི་གཤིས་ཀ་དེ་གཟུགས་རིས་གསལ་བའི་ངང་ནས་ཀློག་མཁན་གྱི་མཐོང་སྣང་ལ་མངོན་པའི་ལས་ལ་འབད་ངེས་ཡིན། དཔེར་ན་ཁོ་བོས་སྒྲུང་ཐུང《གལ་ཏེ》ཞེས་པ་དེ་བློས་སློང་བྱེད་སྐབས་ཕུགས་བསམ་མངོན་འགྱུར་མ་བྱུང་སྟེ་འཚོ་བའི་འདུན་པ་ཉམས་འདུག་པའི་གཞོན་ནུ་ཨུ་ཚུགས་ཅན་ཞིག་གི་སྣང་བརྙན་གསར་སློང་བྱེད་གྲབས་ཡོད་ལ། དམིགས་འབེན་དེ་མངོན་འགྱུར་ཡོང་ཆེད། སྒྲུང་གཏམ་གྱི་རྩོམ་མགོ་འཛིན་དུས“ཕྱི་དྲོའི་ལས་མཚམས་བཞག་རྗེས། ཁྱོད་རང་འཐད་ལ་མི་འཐད་པའི་ངང་ནས་མལ་ཁང་དུ་ལོག”ཅེས་བརྗོད་རྗེས། མལ་ཁང་གི་རྣམ་པ་ནི“ཁྱིམ་ཧྲིལ་བོར་ཆང་དྲི་དང་དུད་དྲི་འདྲེས་པའི་དྲི་མ་སྐྱུག་བྲོ་བ་ཞིག་འཐིབས་འདུག”ཅེས་པ་ལྟར་བཀོད་འབྲི་བྱས་པ་ན། “ཁྱོད”ཀྱི་འཚོ་བའི་འདུན་པ་ཉམས་འདུག་པའི་ངང་ཚུལ་གྱི་ཟུར་ཙམ་ཀློག་པ་པོའི་མཐོང་སྣང་ལ་བཤམས་ཐུབ་པར་གྱུར་པ་དང་། “ཁྱོད”ལ་ཨུ་ཚུགས་ཆེ་བའི་གཤིས་ཀ་དེ་མཚོན་ཆེད། “ཁྱོད”ཀྱི་དཔེ་སྒྲོམ་གྱི་རྣམ་པ་ནི“ཁྱོད་ཀྱི་དཔེ་སྒྲོམ་གྱི་ཀླད་ན་མི་མགོ་སྐམ་པོ་ཞིག་ཡོད་ལ། དེའི་ཁ་ནང་ལ་ཤོག་དུད་རིལ་པོ་ཞིག་བཙུགས་ཡོད”ཅེས་པ་ལྟར་བཀོད་འབྲི་བྱས་མ་ཟད། ཐ་མག་རྫོགས་སྐབས“ཐང་ནས་དུད་སྣེ་ཅུང་རིང་གཉིས་བཏུས་ཏེ་ལེགས་པར་མཐུད་དེ”[8]མེ་སྒོ་བ་ལས་མི་མགོ་སྐམ་པོའི་ཁ་ནང་གི་ཤོག་དུད་དེ་མི་ལེན་ཚུལ་བརྗོད་པ་ལྟ་བུ་ཡིན་ནོ།།

ཆིག་བརྒྱ་ལྔ་བཅུ། སྒྲུང་གཏམ་ལས་ཁོར་ཡུག་རྣམ་པ་དང་ཁྱད་ཆོས་དེ་འབྲི་ཐབས་རྣམ་པ་སྣ་ཚོགས་ཀྱིས་བཀོད་འབྲི་བྱེད་སྐབས་ཡིད་འཇོག་བྱ་དགོས་པ་ག་འདྲ་ཡོད།

   ལན། སྒྲུང་གཏམ་ལས་ཁོར་ཡུག་རྣམ་པ་དང་ཁྱད་ཆོས་དེ་འབྲི་ཐབས་རྣམ་པ་སྣ་ཚོགས་ཀྱིས་བཀོད་འབྲི་བྱེད་སྐབས་ཡིད་འཇོག་བྱ་དགོས་པ་འདི་འདྲ་ཡོད་པ་འདྲ་སྟེ། གཅིག སྒྲུང་གཏམ་དུ་ཁོར་ཡུག་གི་རྣམ་པ་ནི་གང་འདོད་འདོད་དུ་དྲངས་ཆོག་པ་ཞིག་མིན་ལ། སྐབས་མང་པོ་ཞིག་ལ་དེ་ནི་ལོ་རྒྱུས་ཀྱི་རྣམ་པ་དང་རི་མོར་འགོད་པའམ།ཡུལ་སྲོལ་གོམས་གཤིས་རི་མོར་འགོད་པའམ།ཡུལ་གྱི་རྣམ་པ་རི་མོར་འགོད་པ་ཆེད་འདྲེན་དགོས་འདུག གཉིས། ཁོར་ཡུག་གི་རྣམ་པ་ནི་མི་སྣའི་གཤིས་ཀ་རི་མོར་འགོད་པའི་སླད་དུ་འདྲེན་དགོས་འདུག གསུམ། ཁོར་ཡུག་གི་རྣམ་པ་བཀོད་འབྲི་བྱེད་སྐབས། འབྲི་ལུགས་བརྗོད་བྱའི་ཁྱད་ཆོས་དང་མི་སྣའི་སྣང་བརྙན་གསར་སློང་བྱེད་པའི་དགོས་མཁོ་དང་བསྟུན་དགོས། བཞི། དགོས་མཁོ་ཡོད་ན་བརྩམས་ཆོས་གཅིག་གི་ཁོར་ཡུག་གི་རྣམ་པ་དེ་འབྲི་ལུགས་མང་པོ་ལྷན་དུ་བསྡེབས་ནས་བྲིས་ཆོག



[1]བཀྲ་བྷ།《བཀྲ་བྷ་ཡི་སྒྲུང་ཐུང་ཕྱོགས་བསྒྲིགས》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2016ལོ། ཤོག་ངོས104-107ན་གསལ།

[2]བཀྲ་བྷ།《སྒྲོལ་མ་ཉེར་གཅིག》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2015ལོ། ཤོག་ངོས160ན་གསལ།

[3]བཀྲ་བྷ།《སྒྲོལ་མ་ཉེར་གཅིག》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2015ལོ། ཤོག་ངོས164ན་གསལ།

[4]བཀྲ་བྷ།《སྒྲོལ་མ་ཉེར་གཅིག》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2015ལོ། ཤོག་ངོས166ན་གསལ།

[5]བཀྲ་བྷ།《སྒྲོལ་མ་ཉེར་གཅིག》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2015ལོ། ཤོག་ངོས14-18ན་གསལ།

[6]བཀྲ་བྷ།《སྒྲོལ་མ་ཉེར་གཅིག》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2015ལོ། ཤོག་ངོས84ན་གསལ།

[7]བཀྲ་བྷ།《བཀྲ་བྷ་ཡི་སྒྲུང་ཐུང་ཕྱོགས་བསྒྲིགས》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2016ལོ། ཤོག་ངོས193ན་གསལ།

[8]བཀྲ་བྷ།《བཀྲ་བྷ་ཡི་སྒྲུང་ཐུང་ཕྱོགས་བསྒྲིགས》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2016ལོ། ཤོག་ངོས1-2ན་གསལ།

  • ལེ་ཚན་སྔོན་མ།:སྒྲུང་གཏམ་གསར་རྩོམ་ཐད་ཀྱི་དྲི་བ་དྲིས་ལན་སྐལ་ལྡན་ཡིད་ཀྱི་མུན་སེལ།༼༤༽
  • ལེ་ཚན་རྗེས་མ།:སྒྲུང་གཏམ་གསར་རྩོམ་ཐད་ཀྱི་དྲི་བ་དྲིས་ལན་སྐལ་ལྡན་ཡིད་ཀྱི་མུན་སེལ།༼༦༽
  • དོ་སྣང་ཆེ་བའི་རྩོམ།