སྒྲུང་གཏམ་གསར་རྩོམ་ཐད་ཀྱི་དྲི་བ་དྲིས་ལན་སྐལ་ལྡན་ཡིད་ཀྱི་མུན་སེལ།༼༤༽

བཀྲ་བྷ།        2020-03-26

གོ་གཅིག སྒྲུང་གཏམ་གང་གི་བརྗོད་བྱ་དེ་རིམ་བརྗོད་ཀྱི་སྤྲོས་བརྗོད་བྱེད་ལུགས་ལྟར་སྤྲོས་བརྗོད་བྱེད་ན་བརྗོད་བྱ་ལ་ཁྱད་ཆོས་ག་འདྲ་ལྡན་དགོས།

   ལན། སྒྲུང་གཏམ་གང་ཞིག་གི་བརྗོད་བྱ་དེ་རིམ་བརྗོད་ཀྱི་སྤྲོས་བརྗོད་བྱེད་ལུགས་ལ་བརྟེན་ནས་སྤྲོས་བརྗོད་བྱེད་ན། བརྗོད་བྱ་ལ་ཁྱད་ཆོས་འདི་འདྲ་ལྡན་དགོས་ཏེ། གཅིག བརྗོད་བྱ་གང་དང་གང་ཡིན་པ་དེ་དུས་ཚོད་ཀྱི་གོ་རིམ་དང་བསྟུན་ནས་བརྗོད་པ་ན། བྱུང་རིམ་ནི་ཡིད་དབང་འཕྲོག་པ་དང་། ཀློག་པོ་པོས་རྗེས་སུ་ཅི་ཞིག་བྱུང་བ་ལ་རེ་ལྟོས་བྱེད་པ་ཞིག་ཡིན་དགོས། གཉིས། བརྗོད་བྱའི་དོན་ལ་མཚོན་ན་སྔ་ཕྱིའི་འབྲེལ་བ་དམ་པ་དང་། ལྷན་དུ་བསྡེབས་ན་བརྗོད་སྙིང་རིལ་པོ་གཅིག་སྟོན་ནུས་པ་ཞིག་ཡིན་དགོས། གསུམ། གསལ་བྱེད་ཀྱི་ནུས་པ་ཐོན་པའི་བྱུང་རིམ་གཞན་ཞིག་མ་སྦྱར་རུང་། གཏམ་རྒྱུད་ཀྱི་རྒྱུན་གཅིག་ལ་བརྟེན་ནས་སྐབས་སུ་བབས་པའི་བརྗོད་བྱའི་དོན་དེ་རྫོགས་པར་སྟོན་ཐུབ་དགོས།

གོ་གཉིས། ཅི་ཞིག་ལ་ལྡོག་བརྗོད་ཟེར།

   ལན། སྒྲུང་གཏམ་གྱི་བརྗོད་བྱའི་དོན་གྱི་སྔ་ཕྱིའི་གོ་རིམ་སྒྲིག་སྐབས། མཇུག་འབྲས་མདུན་ལ་འགོད་པ་དང་གོ་རིམ་རྗེས་ལ་འགོད་པའི་སྤྱི་ཁོག་སྒྲིག་ལུགས་འདི་ལ་ལྡོག་བརྗོད་ཟེར་ཞིང་། བརྗོད་སྟངས་འདིས་དོན་དག་བྱུང་སྟངས་ཀྱི་གོ་རིམ་ལ་གཏོར་བརླག་བྱས་མོད། སྒྲུང་གཏམ་གྱི་བྱུང་རིམ་མདུན་ལ་འདེད་སྐབས། གབ་ཚིག་མངོན་བར་བརྗོད་པ་དང་གབ་ལན་ཡོངས་སུ་སྦས་ཏེ། གོ་སྐབས་འོས་འཚམ་ཞིག་གི་སྐབས་སུ་གབ་རྒྱ་བཀྲོལ་པ་ན། བྱུང་རིམ་ལ་སྟོབས་ཤུགས་སྦྱིན་པ་དང་། ཀློག་པ་པོའི་ལྟ་ཀློག་གི་འདུན་མར་རེ་ལྟོས་ཀྱིས་མངའ་དབང་སྒྱུར་ནུས་པས། ཡིད་སེམས་འགུགས་པ་ལ་ནུས་པ་དང་སྒྱུ་རྩལ་རིན་ཐང་ཆེན་པོ་ལྡན་པ་རེད། དོན་གྲུབ་རྒྱལ་གྱི《ཤ་དང་རུས་པའི་བརྩེ་དུང》དང་། ལྷ་རྒྱལ་ཚེ་རིང་གི《ཁྱོད་ཀྱི་ཡི་གེ》དང་། ཆབ་བྲག་རྡོ་རྗེ་ཚེ་རིང་གི《ཆག་སྒོ》དང་། སངས་རྒྱས་ཀྱི《དཔེ་ཚབ་སྤྲོད་པ》སོགས་ནི་ལྡོག་བརྗོད་ཀྱི་ལམ་ནས་བརྩམས་པའི་སྒྲུང་གཏམ་འབའ་ཡིན་པས། དེ་དག་དམིགས་སུ་བཟུང་ནས་དཔྱད་ན་ལྡོག་བརྗོད་ཀྱི་སྤྲོས་བརྗོད་བྱེད་ལུགས་ག་འདྲ་ཡིན་པ་རྟོགས་ངེས་ཡིན།

གོ་གསུམ། སྒྲུང་གཏམ་གང་གི་བརྗོད་བྱ་དེ་ལྡོག་བརྗོད་ཀྱི་སྤྲོས་བརྗོད་བྱེད་ལུགས་ལྟར་སྤྲོས་བརྗོད་བྱེད་ན་བརྗོད་བྱ་ལ་ཁྱད་ཆོས་ག་འདྲ་ལྡན་དགོས།

   ལན། ལྡོག་བརྗོད་ཀྱི་བརྗོད་ལུགས་ལྟར་སྒྲུང་གཏམ་གྱི་བརྗོད་བྱའི་དོན་གྱི་གོ་རིམ་སྒྲིག་སྐབས་སུ། ཡིད་འཇོག་བྱ་དགོས་པ་འདི་འདྲ་ཡོད་པར་འདོད་དེ། གཅིག སྒྲུང་གཏམ་གྱི་བརྗོད་བྱར་གྱུར་པའི་དོན་དག་ཐམས་ཅད་ནི་ལྡོག་བརྗོད་ཀྱི་བརྗོད་སྟངས་ལ་བརྟེན་ནས་བརྗོད་མི་རུང་སྟེ། གལ་སྲིད་གཏམ་རྒྱུད་ཀྱི་མཇུག་འབྲས་ནི་ཐུན་མོང་མ་ཡིན་པ། བློ་ཡུལ་ལས་འགོངས་པ། ཀློག་མཁན་རྣམས་ཀྱིས་གཏམ་རྒྱུད་དེ་ཉིད་ཀྱི་གོ་རིམ་ག་འདྲ་ཡིན་པ་མྱུར་མོར་རྟོགས་པར་འདོད་པ་ཞིག་ཡིན་ན། ད་གཟོད་སྒྲུང་གཏམ་དེ་ལྡོག་བརྗོད་ཀྱི་སྤྲོས་བརྗོད་བྱེད་ལུགས་ལྟར་བྲིས་ཆོག གཉིས། མཇུག་འབྲས་མདུན་ལ་བཀོད་དེ་དོན་དག་གི་གོ་རིམ་ཆ་ཚང་བ་ཞིག་རྫོགས་པར་སྟོན་སྐབས། རྩོམ་པའི་ལས་ལ་བྱང་ཆ་མེད་ན། མགོ་མཇུག་གཉིས་ལ་ཟློས་སྐྱོན་འབྱུང་སྲིད་པས། རྩོམ་མགོ་དང་རྩོམ་མཇུག་མཐུན་པར་སྡེབ་པ་དང་། འཕོ་རྒལ་གྱི་རིམ་པ་དེ་ལུགས་དང་མཐུན་པའི་སྒོ་ནས་བཀོད་སྒྲིག་གང་ལེགས་བྱེད་པར་འབད་དགོས། གསུམ། ཀློག་པ་པོ་རྣམས་ཀྱིས་ལྡོག་བརྗོད་ཀྱི་རྩོམ་སྟངས་ཀྱིས་བརྩམས་པའི་སྒྲུང་གཏམ་ཞིག་ཀློག་སྐབས། ཐོག་མའི་དུས་སུ་སྔོན་ལ་བཀོད་པའི་མཇུག་འབྲས་དང་རྗེས་ལ་བཀོད་པའི་དོན་དག་གི་གོ་རིམ་གཉིས་ཀར་འབྲེལ་བ་ཅི་ཞིག་ཡོད་པ་རྟོགས་མི་སྲིད་པས། རྩོམ་མཁན་གྱི་མཇུག་འབྲས་དང་གོ་རིམ་བར་ལ་འཕོ་རྒལ་གྱི་ཚིག་འགའ་སྦྱར་ཏེ་མི་སེམས་མཇུག་འབྲས་ནས་གོ་རིམ་ཕྱོགས་སུ་འདྲེན་དགོས།

གོ་བཞི། ཅི་ཞིག་ལ་གསབ་བརྗོད་ཟེར།

   ལན། རིམ་བརྗོད་དང་ལྡོག་བརྗོད་ཀྱི་སྤྲོས་བརྗོད་བྱེད་ལུགས་ལ་བརྟེན་ནས་བརྩམས་པའི་སྒྲུང་གཏམ་ལས་གཞན། སྒྲུང་གཏམ་མང་པོ་ཞིག་གི་བྱུང་རིམ་འཕེལ་ཏེ་གནད་འགག་གི་དུས་རིམ་ལ་སླེབས་སྐབས། གནས་སྐབས་སུ་རྗོད་བཞིན་ཡོད་པའི་གཏམ་རྒྱུད་ཀྱི་རྒྱུན་དེ་བསྐྱུར་ཏེ།གཏམ་རྒྱུད་ཀྱི་འབྱུང་རྐྱེན་དང་འདས་པའི་དུས་ཀྱི་གནས་ཚུལ་སོགས་དྲངས་ཏེ། གཏམ་རྒྱུད་ཀྱི་རྒྱུན་གཙོ་བོ་དེ་ལེགས་པར་སྟོན་པ་ལ་རམ་འདེགས་བྱེད་བཞིན་ཡོད་ལ། སྤྲོས་བརྗོད་བྱེད་ལུགས་འདི་ལ་གཞུང་ལུགས་སྨྲ་བ་རྣམས་ཀྱིས་གསབ་བརྗོད་ཟེར་བ་ཡིན། སྒྲུང་གཏམ་མང་པོ་ཞིག་ལ་ཆ་མཚོན་ན། སྒྲུང་གཏམ་གྱི་རྩོམ་མགོ་ནི་གཏམ་རྒྱུད་ཀྱི་ཡས་མཐའ་དེ་ཡིན་པའི་ངེས་པ་གཏན་ནས་མེད་པས། རྩོམ་པ་པོ་གང་ཞིག་རྩོམ་པའི་ལས་ལ་འཇུག་སྐབས། སྐབས་སུ་བབས་པའི་གཏམ་རྒྱུད་ཀྱི་ཁུགས་སོ་ཞིག་ནས་རྩོམ་མགོ་བཟུང་སྟེ་བྱུང་རིམ་མདུན་ལ་འདེད་པ་དང་། ཁུགས་སོ་སྔ་རོལ་གྱི་དོན་དག་དགོས་གལ་ཆེ་བ་རྣམས་ནི་སྒྲུང་གཏམ་གྱི་བར་མཚམས་སུ་ལུགས་དང་མཐུན་པར་གསབ་ནས་བརྗོད་བཞིན་ཡོད། ཁོ་བོའི་སྒྲུང་གཏམ་རྣམས་ལས《འཕོ་འགྱུར》དང་། 《མ་གྱུར་སེམས་ཅན》དང་། 《ཟླ་བ་དང་མེ་ལོང》དང་། 《བསོད་ནམས》སོགས་ནི་གསབ་བརྗོད་ཅེས་སུ་འབོད་པའི་སྤྲོས་བརྗོད་བྱེད་ལུགས་ལྟར་བརྩམས་པ་ཡིན།

གོ་ལྔ། སྒྲུང་གཏམ་གང་གི་བརྗོད་བྱ་དེ་གསབ་བརྗོད་ཀྱི་སྤྲོས་བརྗོད་བྱེད་ལུགས་ལྟར་སྤྲོས་བརྗོད་བྱེད་ན་བརྗོད་བྱ་ལ་ཁྱད་ཆོས་ག་འདྲ་ལྡན་དགོས།

   ལན། སྒྲུང་གཏམ་གང་ཞིག་གི་བརྗོད་བྱ་ནི་གསབ་བརྗོད་ཀྱི་སྤྲོས་བརྗོད་བྱེད་ལུགས་ལ་བརྟེན་ནས་སྤྲོས་བརྗོད་བྱེད་ན་ཆ་རྐྱེན་ནི་འདི་འདྲ་ཡོད་དེ། གཅིག ཅིའི་ཕྱིར་གསབ་པར་དམིགས་པ་གཏད་དེ། གསབ་གྲབས་ཡོད་པའི་དོན་དག་དེ་སྒྲུང་གཏམ་གྱི་བརྗོད་བྱ་ལེགས་པར་སྟོན་པར་ཕན་དང་མི་ཕན་ལ་བསམ་བློ་གཏང་དགོས། གཉིས། ཅི་ཞིག་གསབ་པར་དམིགས་པ་གཏད་དེ། དོན་དག་གམ་བྱུང་རིམ་མང་པོ་ལས་གང་ཞིག་གསབ་སྟེ་སྒྲུང་གཏམ་གྱི་བརྗོད་དོན་ལེགས་པར་སྟོན་པ་ལ་བསམ་བློ་གཏང་དགོས། གསུམ། ཇི་ལྟར་གསབ་པར་དམིགས་པ་གཏད་དེ། གསབ་གྲབས་ཡོད་པའི་དོན་དག་གམ་བྱུང་རིམ་ནི་གཏམ་རྒྱུད་ཀྱི་རྒྱུན་ལས་བར་མཚམས་གང་ཞིག་ལ་གསབ་པ། རྒྱས་པར་གསབ་བམ་བསྡུས་ཏེ་གསབ་པ། ཡང་ན་གསབ་བྱ་གང་དང་གང་ཡིན་པ་དེ་དུམ་བུ་དུ་མར་བགོས་ནས་གཏམ་རྒྱུད་ཀྱི་རྒྱུན་ལས་ཁག་མང་པོར་གསབ་པ་སོགས་ལ་བསམ་བློ་གཏང་དགོས།

གོ་དྲུག སྒྲུང་གཏམ་གྱི་རྩོམ་སྒོ་གང་ལྟར་འཛིན་དགོས།

   ལན། རྩོམ་པ་པོ་སྐོར་དང་རིམ་པ་ཞིག་གི་གསར་རྩོམ་ཉམས་མྱོང་ལྟར་ན། སྒྲུང་ཐུང་གི་རྩོམ་མགོ་ནི་འགལ་བ་ཆེན་པོའི་རྒྱབ་རོལ་ནས་བཟུང་སྟེ། རྩོམ་གྱི་དངོས་གཞི་ལ་མཇུག་འབྲས་ཀྱི་སྔ་རོལ་གྱི་དོན་དག་དེ་འབྲི་བ་དང་། རྩོམ་མགོའི་སྔ་རོལ་གྱི་དོན་དག་ནི་ཁ་གསབ་ཀྱི་ཚུལ་དུ་འདྲེན་བཞིན་ཡོད་ལ། སྒྲུང་འབྲིང་གི་རྩོམ་མགོ་ནི་འགལ་བ་འཕེལ་ཏེ་ཛ་དྲག་ཏུ་གྱུར་པའི་སྐབས་ནས་འཛིན་དགོས་པ་དང་། སྒྲུང་རིང་གི་རྩོམ་མགོ་ནི་བྱུང་རིམ་ཡོངས་ཀྱི་སུམ་ཆའི་གཅིག་གི་མཚམས་ནས་འཛིན་དགོས་པ་དང་། རྩོམ་མགོ་འདི་ལྟར་བཟུང་ན་སྤྲོས་བརྗོད་ཀྱི་སྨྱུག་འགྲོས་ཇེ་མགྱོགས་སུ་གཏོང་བ་དང་། ཅི་ཞིག་བྱས་སོང་སྙམ་པའི་དོགས་པ་ཡང་ནས་ཡང་དུ་སྦྱིན་ཏེ། ལྟ་ཀློག་གི་འདུན་པ་ཆེ་ཆེར་བསྐྱེད་ཐུབ་པ་ཡིན།

གོ་བདུན། སྒྲུང་གཏམ་ལ་རྩོམ་མགོ་འཛིན་ལུགས་གང་དག་ཡོད་དམ།

   ལན། སྒྲུང་གཏམ་གྱི་སྒོ་མོ་དེ་ལ་གང་ལྟར་དྲངས་ན་ལེགས་སམ་ཞེ་ན། རྩོམ་པ་པོ་རེ་ལ་སྐབས་སུ་བབས་པའི་བརྗོད་བྱའི་ཁྱད་ཆོས་ལྟར་རྩོམ་མགོ་འཛིན་ལུགས་སྣ་ཚོགས་ཤིག་ཡོད་པ་ཡིན་མོད། ཆེ་ཕྱོགས་ནས་དབྱེ་ན་མི་སྣ་དྲངས་ནས་རྩོམ་མགོ་འཛིན་པ་དང་། རྒྱབ་ལྗོངས་དྲངས་ནས་རྩོམ་མགོ་འཛིན་པ། བྱུང་རིམ་དྲངས་ཏེ་རྩོམ་མགོ་འཛིན་པ། ཚོར་བ་བརྗོད་ནས་རྩོམ་མགོ་འཛིན་པ་བཅས་ལས་བརྒལ་མེད་པ་འདྲ།

གོ་བརྒྱད། ཅི་ཞིག་ལ་མི་སྣ་དྲངས་ནས་རྩོམ་མགོ་འཛིན་པ་ཟེར།

   ལན། མི་སྣ་དྲངས་ནས་རྩོམ་མགོ་འཛིན་ལུགས་ནི་དོན་གྱི་བྱུང་བ་བརྗོད་པའི་བརྩམས་ཆོས་ཀྱི་རྩོམ་མགོ་འཛིན་ལུགས་གལ་ཆེན་ཞིག་ཡིན་ལ། བརྗོད་བྱ་སྐོར་ཞིག་ལ་ཆ་མཚོན་ན་མི་སྣ་ནི་སྒྲུང་གཏམ་གྱི་སྲོག་ཤིང་དུ་གྱུར་ཡོད་སྟབས། རྩོམ་མགོ་ཐོག་མར་འཛིན་སྐབས་མི་སྣ་ཐད་ཀར་དུ་དྲངས་ན། གཏམ་ལྷག་མང་པོ་སྤངས་ནུས་པ་མ་ཟད། བྱུང་རིམ་ལ་བརྟེན་ནས་མི་སྣ་མྱུར་མོར་བྱུང་རིམ་གྱི་འགལ་བའི་ཁྲོད་ལ་དྲངས་ཏེ་སྒྲུང་གཏམ་གྱི་བརྗོད་དོན་ལེགས་པར་སྟོན་པ་ལ་ཕན་པ་ཆེན་པོ་ལྡན། གཞུང་ལུགས་སྨྲ་བའི་འདོད་ཚུལ་ལྟར་ན། མི་སྣ་གང་ཞིག་སྒྲུང་གཏམ་གྱི་སྒྲུང་སྒོ་འབྱེད་པའི་ཚུལ་དུ་བཀོད་དེ་རྩོམ་མགོ་འཛིན་ལུགས་འདི་ལ་མི་སྣ་དྲངས་ནས་རྩོམ་མགོ་འཛིན་པ་ཟེར་བ་ཡིན་ཏེ། མི་སྣ་དྲངས་ནས་རྩོམ་མགོ་འཛིན་ལུགས་དེ་ཅུང་རྒྱུགས་ཆེ་མོད། མིག་སྔའི་བར་དུ་ཁོ་བོའི་སྒྲུང་གཏམ་གྲས་སུ་མི་སྣ་དྲངས་ཏེ་རྩོམ་མགོ་བཟུང་བའི་བརྩམས་ཆོས་ནི《ར་བྷ་འདྲེ་མིག་དང་རིན་ཆེན་རྒྱལ་ཁ》དང《ཧ་ཅང་ཧ་ཅང》གཉིས་ལས་མེད།

གོ་དགུ། མི་སྣ་དྲངས་ཏེ་སྒྲུང་གཏམ་གྱི་རྩོམ་མགོ་འཛིན་ན་ཆ་རྐྱེན་གང་དག་ལྡན་དགོས།

   ལན། ལག་ལེན་དངོས་ལ་གཞིགས་ན་མི་སྣ་དྲངས་ཏེ་སྒྲུང་གཏམ་གྱི་རྩོམ་མགོ་འཛིན་ན་ཆ་རྐྱེན་ནི་འདི་འདྲ་ལྡན་དགོས་ཏེ། གཅིག མི་སྣ་མཚམས་སྦྱོར་བྱེད་པའི་ཐབས་ལམ་བརྒྱུད་ནས་རྩོམ་མགོ་འཛིན་ན། མི་སྣ་གང་ཞིག་རྩོམ་མགོར་མཚམས་སྦྱོར་བྱས་པ་ནང་བཞིན་ཡིན་པ་རྗེས་ཀྱི་བྱུང་རིམ་ཁྲོད་ནས་ར་སྤྲོད་བྱེད་ཐུབ་དགོས། གཉིས། མི་སྣ་དྲངས་ནས་རྩོམ་མགོ་འཛིན་ན། ཀློག་མཁན་གྱི་ཡིད་དབང་འཕྲོག་པའི་ཁྱད་ཆོས་ཐུན་མོང་མ་ཡིན་པ་ཞིག་ལྡན་དགོས། གསུམ། རྩོམ་མགོར་དྲངས་པའི་མི་སྣ་དེ་ནི་བརྩམས་ཆོས་ཀྱི་སྲོག་ཤིང་དུ་གྱུར་ཏེ་བརྗོད་དོན་རྫོགས་པར་སྟོན་ཐུབ་དགོས།

བརྒྱ། རྒྱབ་ལྗོངས་དྲངས་ནས་སྒྲུང་གཏམ་གྱི་རྩོམ་མགོ་འཛིན་དོན་ཅི།

   ལན། སྒྲུང་གཏམ་རྩོམ་པའི་ལས་ལ་འཇུག་སྐབས། སྐབས་སུ་བབས་པའི་གཏམ་རྒྱུད་བྱུང་བའི་དུས་དང་། གཏམ་རྒྱུད་བྱུང་སའི་རང་བྱུང་ཁོར་ཡུག་དང་སྤྱི་ཚོགས་ཀྱི་རྣམ་པ་དང་གནས་ཚུལ་སོགས་དྲངས་ཏེ་རྩོམ་མགོ་བཟུང་ན། གཏམ་རྒྱུད་ལ་བདེན་པའི་ཉམས་ཤིག་རང་ཤུགས་ཀྱིས་འཛོམས་པར་འགྱུར་བས། ལྟ་ཀློག་གི་སྐབས་སུ་ཀློག་པ་པོར་བདེན་སྣང་ཆེན་པོ་སྐྱེས་སྲིད་པ་མ་ཟད། རྩོམ་པ་པོས་རྒྱབ་ལྗོངས་དང་བསྟུན་ཏེ་གསར་རྩོམ་གྱི་ལས་ལ་ཞུགས་ན། སྒྲུང་གཏམ་གྱི་བྱུང་རིམ་མདུན་ལ་འདེད་པར་ཁ་ཕྱོགས་དང་ཚད་གཞི་ཡོད་པར་འགྱུར་ངེས་ཡིན། བོད་ནི་རྒྱབ་ལྗོངས་བརྗོད་ནས་རྩོམ་མགོ་འཛིན་པར་མོས་པ་དང་། རྩོམ་མགོ་འཛིན་སྟངས་དེ་ནི་བོད་པ་ཐུན་མོང་གི་རྩོམ་གཤིས་ཤིག་ཏུ་གྱུར་འདུག་པ་ན། དེ་ལྟར་རྩོམ་མགོ་བཟུང་ནས་སྒྲུང་གཏམ་ནི་མང་པོ་བརྩམས་འདུག ཁོ་བོའི་སྒྲུང་གཏམ་ཕལ་མོ་ཆེའང་རྒྱབ་ལྗོངས་དྲངས་ནས་རྩོམ་མགོ་བཟུང་བའི་བརྩམས་ཆོས་ཀྱི་གྲས་སུ་གཏོགས་པར་འདོད།

བརྒྱ་རྩ་གཅིག རྒྱབ་ལྗོངས་དྲངས་ནས་སྒྲུང་གཏམ་གྱི་རྩོམ་མགོ་འཛིན་ན་ཆ་རྐྱེན་གང་དག་ལྡན་དགོས།

   ལན། རྒྱབ་ལྗོངས་དྲངས་ནས་སྒྲུང་གཏམ་གྱི་རྩོམ་མགོ་འཛིན་ན་ཆ་རྐྱེན་འདི་འདྲ་ལྡན་དགོས་པ་འདྲ་སྟེ། གཅིག རྒྱབ་ལྗོངས་དང་མི་སྣའི་ལས་དབང་འགྲིག་ཅིང་མཐུན་པའི་ངང་ནས་ལྷན་དུ་སྡེབ་ནུས་དགོས། གཉིས། རྒྱབ་ལྗོངས་དང་མི་སྣའི་སྤྱོད་པ་གཉིས་ཀ་འགྲིག་ཅིང་མཐུན་པའི་ངང་ནས་ལྷན་དུ་སྡེབ་ནུས་དགོས། གསུམ། རྒྱབ་ལྗོངས་ཀྱིས་མི་སྣའི་སྣང་བརྙན་གསར་སློང་ལ་རམ་འདེགས་ཀྱི་ནུས་པ་འདོན་ཐུབ་དགོས། བཞི། སྐབས་རེར་རྒྱབ་ལྗོངས་ནི་མི་སྣའི་ལས་དབང་གི་མཚོན་བྱེད་དུ་འགྱུར་དགོས།

བརྒྱ་རྩ་གཉིས། བྱུང་རིམ་དྲངས་ནས་སྒྲུང་གཏམ་གྱི་རྩོམ་མགོ་བཟུང་ན་དགེ་མཚན་ཅི་ཡོད།

   ལན། དོན་དག་ཅིག་གི་གོ་རིམ་ཕྲན་བུ་ཞིག་མཚམས་སྦྱོར་བྱས་ནས་རྩོམ་མགོ་འཛིན་པའི་སྲོལ་འདི་ནི་དོན་གྱི་བྱུང་བ་བརྗོད་པའི་བརྩམས་ཆོས་ལ་ཆེས་རྒྱུགས་ཆེ་བ་ཞིག་ཡིན་ཏེ། འདི་ལྟར་རྩོམ་མགོ་བཟུང་ན། གཅིག་ན་རྩོམ་པ་པོས་སྐབས་སུ་བབ་པའི་དོན་དག་གང་དང་གང་ཡིན་པ་དེའི་གནད་གལ་ཆེ་བ་ཞིག་ནས་མགོ་འཛིན་པ་དང་། དེའི་རྗེས་སུ་བརྗོད་པར་འདོད་པའི་དོན་ཀུན་རིམ་བཞིན་བརྗོད་པ་ན་རྩོམ་པའི་ལས་ལ་ཁ་ཕྱོགས་ངེས་གཏན་ཅན་ཞིག་བྱུང་བ་དང༌། ཀློག་པ་པོའི་ཡིད་སེམས་ཀྱང་རྩོམ་མགོ་འཛིན་པའི་དུས་ཀྱི་དོན་དག་གིས་འཕྲོགས་ཏེ་བརྩམས་ཆོས་ཡོངས་ལ་ཞིབ་ཏུ་ལྟ་བའི་འདུན་པ་འབྱུང་ངེས་ཡིན།ཁོ་བོའི་སྒྲུང་གཏམ་ལས《གལ་ཏེ》དང་། 《འཕྲིན་ལས་རྒྱ་མཚོ》དང་། 《ཤ་ཡུ་མོ་ཤེའུ》སོགས་ནི་བྱུང་རིམ་དྲངས་ནས་རྩོམ་མགོ་བཟུང་སྟེ་བརྩམས་པ་ཡིན།

བརྒྱ་རྩ་གསུམ།   བྱུང་རིམ་དྲངས་ནས་སྒྲུང་གཏམ་གྱི་རྩོམ་མགོ་འཛིན་ན་ཆ་རྐྱེན་ག་འདྲ་ལྡན་དགོས།

   ལན། བྱུང་རིམ་དྲངས་ནས་སྒྲུང་གཏམ་གྱི་རྩོམ་མགོ་འཛིན་ན་ཆ་རྐྱེན་འདི་འདྲ་ལྡན་དགོས་ཏེ། གཅིག ཀློག་པ་པོར་ཅི་ཞིག་བྱུང་སོང་ངམ་སྙམ་པའི་དོགས་པ་སྦྱིན་ཏེ། རྗེས་ཀྱི་བྱུང་རིམ་ཁྲོད་ནས་དོགས་གཞི་དེ་སེལ་བར་འདོད་པའི་འདུན་པ་བསྐྱེད་ཐུབ་དགོས། གཉིས། བྱུང་རིམ་གང་ཞིག་རྩོམ་མགོར་བཀོད་པ་ན། བྱུང་རིམ་དེ་མདུན་ལ་དེད་ནས་སྐབས་སུ་བབས་པའི་བརྗོད་དོན་རྫོགས་པར་སྟོན་ཐུབ་དགོས། གསུམ། རྩོམ་མགོར་དྲངས་པའི་བྱུང་རིམ་ལ་བརྟེན་ནས་མི་སྣ་དང་ཀློག་པ་པོ་གཏམ་རྒྱུད་ཀྱི་འགལ་བའི་ཁྲོད་ལ་འདྲེན་ཐུབ་དགོས།

བརྒྱ་རྩ་བཞི། ཚོར་བ་དྲངས་ནས་སྒྲུང་གཏམ་གྱི་རྩོམ་མགོ་བཟུང་ན་དགེ་མཚན་ཅི།

   ལན། སྒྲུང་གཏམ་རྩོམ་པའི་ལས་ལ་འཇུག་སྐབས། གཏམ་རྒྱུད་བྱུང་སའི་དུས་སམ། ཡུལ་ལམ། ཡང་ན་མི་སྣས་བསྐྱེད་པའི་ཚོར་བ་དེ་མདུན་ལ་བཀོད་དེ་རྩོམ་མགོ་བཟུང་ན། རྗེས་ཀྱི་བྱུང་རིམ་བརྒྱུད་ནས་ཀློག་པ་པོ་ལའང་ཚོར་བ་དེ་དང་མཐུན་པ་ཞིག་འབྱུང་སྲིད་པ་དང་། ཚོར་བ་དེ་འདྲ་བྱུང་ན་ཁོ་ཚོར་ལྟ་ཀློག་གི་འདུན་པ་ཆེན་པོ་འབྱུང་བ་མ་ཟད། སྒྲུང་གཏམ་གསར་རྩོམ་བྱེད་སྐབས། རྩོམ་པ་པོ་ནི་ཐད་ཀར་བརྩམས་ཆོས་ཁྲོད་ལ་ཞུགས་མི་ཆོག་པས། ཚོར་བ་བརྗོད་ནས་རྩོམ་མགོ་བཟུང་བའི་བརྩམས་ཆོས་ནི་ཅུང་ཟད་མཐོང་དཀའ་བ་དང་། ཁོ་བོའི་སྒྲུང་གཏམ་ཁྲོད་ནའང《ནས》དང《དགེ་འདུན། དགེ་བཅུའི་ཁྲིམས། ད་དུང་གཡག་རོག་པོ་བཅས་ཀྱི་གཏམ་རྒྱུད》གཉིས་ཀ་ལས་མི་འདུག

བརྒྱ་རྩ་ལྔ། ཚོར་བ་དྲངས་ནས་སྒྲུང་གཏམ་གྱི་རྩོམ་མགོ་འཛིན་ན་ཆ་རྐྱེན་ག་འདྲ་ལྡན་དགོས།

   ལན། ཚོར་བ་དྲངས་ནས་སྒྲུང་གཏམ་གྱི་རྩོམ་མགོ་འཛིན་ན་ཆ་རྐྱེན་འདི་འདྲ་ལྡན་དགོས་ཏེ། གཅིག ཚོར་བ་བརྗོད་པའི་ཚིག་གིས་གསལ་འདེབས་ཀྱི་ནུས་པ་འདོན་ཐུབ་དགོས། གཉིས། ཚོར་བ་བརྗོད་པའི་ཚིག་གིས་གཏམ་རྒྱུད་ལ་ཟིལ་ཤུགས་སྩོལ་པའམ་མི་སྣའི་སེམས་ཁམས་མཚོན་ནུས་དགོས། གསུམ། ཚོར་བ་བརྗོད་དེ་རྩོམ་མགོ་འཛིན་སྐབས་རྩོམ་པ་པོ་བརྩམས་ཆོས་ཁྲོད་ལ་ཞུགས་མི་རུང་།

བརྒྱ་རྩ་དྲུག རྩོམ་རིག་གི་བརྡ་ཆད་དུ་གྱུར་པའི་ཁོར་ཡུག་ཅེས་པའི་མིང་བརྡ་འདི་ལ་གོ་བ་ཅི་ལྟར་ལེན་དགོས།

   ལན། རྩོམ་རིག་གི་བརྡ་ཆད་དུ་གྱུར་པའི་ཁོར་ཡུག་ཅེས་པ་མི་སྣ་འཚར་ལོངས་འབྱུང་བ་དང་ལས་ལ་འཇུག་པའི་གནས་དང་། དོན་དག་འབྱུང་སའི་ཡུལ་དང་དུས། ཉེ་འཁོར་གྱི་གནས་ཚུལ་དང་ཆ་རྐྱེན། རྣམ་པ་བཅས་ལ་གོ་དགོས་ཤིང་། དེ་ལ་ནང་གསེས་སུ་དབྱེ་ན་སྤྱི་ཚོགས་ཁོར་ཡུག་དང་རང་བྱུང་ཁོར་ཡུག་གཉིས་ཡོད་པར་བརྗོད་དོ།།

བརྒྱ་རྩ་བདུན། ཅི་ཞིག་ལ་སྤྱི་ཚོགས་ཁོར་ཡུག་ཟེར།

   ལན། སྤྱི་ཚོགས་ཁོར་ཡུག་གི་ཁྱབ་རྒྱ་ཤིན་ཏུ་ཆེ་སྟེ། ཆེ་ཕྱོགས་ནས་བརྗོད་ན་དུས་སྐབས་ངེས་ཅན་ཞིག་གི་སྤྱི་ཚོགས་ལམ་ལུགས་དང་། ཆབ་སྲིད་དང་དཔལ་འབྱོར་གྱི་གནས་བབ། ཆོས་ལུགས་ཀྱི་དད་མོས། ཡུལ་སྲོལ་གོམས་གཤིས་སོགས་ནི་སྤྱི་ཚོགས་ཁོར་ཡུག་ཏུ་གཏོགས་པ་དང་། ཆུང་ཕྱོགས་ནས་བརྗོད་ན་མི་སྣ་ལས་གང་ཞིག་ལ་འཇུག་སྐབས་ཀྱི་གནས་ཚུལ་བྱེ་བྲག་པ་རྣམས་ཀྱང་སྤྱི་ཚོགས་ཁོར་ཡུག་ལ་གོ་ཆོག་པ་ཡིན།

བརྒྱ་རྩ་བརྒྱད། ཅི་ཞིག་ལ་རང་བྱུང་ཁོར་ཡུག་ཟེར།

   ལན། བོད་ཀྱིས་སྲིད་པ་གྲོལ་ལུགས་གླེང་སྐབས། ཕྱི་སྣོད་ཀྱི་འཇིག་རྟེན་ཆགས་ལུགས་དང་ནང་བཅུད་ཀྱི་སེམས་ཅན་བྱུང་ལུགས་ཞེས་པའི་བརྗོད་སྲོལ་ཞིག་ཡོད་ལ། སྐབས་འདིའི་ཕྱི་སྣོད་ཀྱི་འཇིག་རྟེན་ནི་རྩོམ་རིག་གི་བརྡ་ཆད་དེ་རང་བྱུང་ཁོར་ཡུག་ལ་གོ་ཆོག་མོད། འོན་ཏེ་ལས་དང་པོ་རྣམས་ལ་གསལ་འདེབས་བྱ་དགོས་པ་ཞིག་ནི། སྐབས་འདིའི་རང་བྱུང་ཁོར་ཡུག་ནི་མིའི་རྩོལ་བ་ལ་མ་བརྟེན་ཏེ་གྲུབ་པའི་རི་དང་གཙང་པོ། མཚོ་དང་མཚེའུ། ནགས་དང་ཀློང་ཐང་སོགས་ལ་ངོས་འཛིན་དགོས་པ་མ་ཟད། མིའི་རྩོལ་བ་ལ་བརྟེན་ནས་བྱུང་བའི་སྐྱེད་མོས་ཚལ་དང་། མཁར་དང་ཁང་པ་སོགས་ཀྱང་རང་བྱུང་ཁམས་ཀྱི་གྲུབ་ཆར་གྲུབ་གྱུར་ཡོད་པ་ན། བྱེ་བྲག་གི་དོད་ལ་སྤྱི་འགོད་པའི་སྲོལ་ལྟར་མཁར་དང་ཁང་པ་སོགས་ཀྱང་རང་བྱུང་ཁོར་ཡུག་གི་གྲས་སུ་དྲངས་ཆོག སྣང་ཚུལ་འདི་ལ་གཞིགས་ནས་དཔྱད་ན་རང་བྱུང་ཁོར་ཡུག་ནི་མི་སྣས་འཚོ་བ་རོལ་ས་དང་ལས་ལ་འཇུག་སའི་རི་ར་བ་ཁང་ཁྱིམ་སོགས་ལ་གོ་དགོས་ཤིང་། དེ་ནི་མིའི་བྱ་བྱེད་དང་འབྲེལ་བ་ཡོད་པའི་གནས་དང་དངོས་པོ་རབ་དང་རིམ་པ་ཞིག་གིས་ལྷན་དུ་བསྡེབས་ཏེ་གྲུབ་པ་ཡིན།

བརྒྱ་རྩ་དགུ། ཁོར་ཡུག་བཀོད་འབྲིར་ཚད་གཞི་ག་འདྲ་ཡོད་དམ།

   ལན། སྒྲུང་གཏམ་ལས་ཁོར་ཡུག་བཀོད་འབྲི་བྱེད་ན་ཚད་གཞི་ནི་གཉིས་ཡོད་པ་འདྲ་སྟེ། གཅིག་ནི་བདེན་ཞིང་དཔེ་མཚོན་ལྡན་པ་དང་། གཞན་ཞིག་ནི་རྒྱས་བསྡུས་དགོས་མཁོ་དང་བསྟུན་པ་དེ་ཡིན་ནོ།།

ཆིག་བརྒྱ་ཆིག་བཅུ། ཅི་ཞིག་ལ་བདེན་ཞིང་དཔེ་མཚོན་ལྡན་པ་ཟེར།

   ལན། སྐབས་འདིའི་བདེན་པ་ནི་བདེན་ཁ་མི་འཆོར་བ་ལ་གོ་དགོས་ཤིང་། བདེན་ཁ་མི་འཆོར་བ་ཞེས་པ་ནི་ཁོར་ཡུག་བཀོད་འབྲི་བྱེད་སྐབས། རྒྱབ་ལྗོངས་བྱེ་བྲག་པ་ཞིག་འབྲི་དགོས་ཀྱང་རུང་། ཡུལ་གྱི་བཀོད་པ་དང་ཡོ་བྱད་ཀྱི་གནས་སྟངས་སོགས་འབྲི་དགོས་ཀྱང་ཆོག ཡོད་ཚད་འཚོ་བའི་བདེན་པ་དང་ལོ་རྒྱུས་ཀྱི་བདེན་པ་དང་ཡོངས་སུ་མཐུན་པ་ཞིག་ལ་གོ་དགོས་པ་དང་། སྒྲུང་གཏམ་ཁྲོད་དུ་ཁོར་ཡུག་གི་རྣམ་པ་འདྲེན་སྐབས། དུས་རབས་ཀྱི་རྟགས་མཚན་མངོན་པར་གསལ་ཞིང་སྤྱི་ཡི་དོད་བྱས་ཆོག་པའི་ཁོར་ཡུག་གི་རྣམ་པ་བྱེ་བྲག་པ་བདེན་ཁ་མི་འཆོར་བའི་སྒོ་ནས་བཀོད་འབྲི་བྱས་པ་དེ་ལ་དཔེ་མཚོན་རང་བཞིན་ལྡན་པ་ཟེར་བར་འདོད།

ཆིག་བརྒྱ་བཅུ་གཅིག སྒྲུང་གཏམ་གསར་རྩོམ་བྱེད་སྐབས། ཁོར་ཡུག་གི་རྣམ་བདེན་ཞིང་དཔེ་མཚོན་ལྡན་པའི་ངང་ནས་སྟོན་ལུགས་ག་འདྲ་ཡོད།

   ལན། སྒྲུང་གཏམ་གསར་རྩོམ་བྱེད་སྐབས། ཁོར་ཡུག་གི་རྣམ་པ་བདེན་ཞིང་དཔེ་མཚོན་ལྡན་པའི་ངང་ནས་སྟོན་ལུགས་རྒྱུགས་ཆེ་བ་བཞི་ཡོད་པ་འདྲ་སྟེ།དེ་དག་ནི་སྤྱི་ཚོགས་ཀྱི་རྣམ་པ་བདེན་པར་སྟོན་པ་དང་། ཡུལ་གྱི་རྣམ་པ་བདེན་པར་སྟོན་པ་དང་། འཚོ་བའི་ཁྱད་ཆོས་བདེན་པར་སྟོན་པ་དང་། དཔེ་མཚོན་ལྡན་པའི་ཁོར་ཡུག་འཛིན་པ་རྣམས་སོ།།

ཆིག་བརྒྱ་བཅུ་གཉིས། སྒྲུང་གཏམ་ལས་སྤྱི་ཚོགས་ཀྱི་རྣམ་པ་བདེན་པར་སྟོན་དགོས་དོན་ཅི།

   ལན། སྒྲུང་གཏམ་ནི་ངེས་གཏན་ཅན་གྱི་སྤྱི་ཚོགས་ཤིག་རྒྱབ་ལྗོངས་སུ་བཀོད་ནས་གསར་རྩོམ་བྱེད་བཞིན་ཡོད་པ་ན། གལ་སྲིད་སྐབས་སུ་བབས་པའི་སྤྱི་ཚོགས་ཀྱི་ཁོར་ཡུག་བདེན་ཁ་མི་འཆོར་བའི་སྒོ་ནས་འདྲེན་མ་ནུས་ན། དུས་སྐབས་ཤིག་གི་སྤྱི་ཚོགས་ཀྱི་རྣམ་པ་དེ་བདེན་པར་སྟོན་མི་ཐུབ།ལྷག་པར་སྒྲུང་གཏམ་གྱི་བརྗོད་བྱ་ནི་མི་དང་མི་བར་གྱི་འགལ་བ་དང་འབྲེལ་བ་ཡིན་པ་དང་། མི་དང་མི་བར་གྱི་འབྲེལ་བའི་གནས་སྟངས་དང་འགལ་བ་འབྱུང་ལུགས་ལའང་དུས་རབས་ཀྱི་རྟགས་མཚན་དམིགས་སུ་བསལ་བ་རེ་ཡོད་པས། སྒྲུང་གཏམ་གསར་རྩོམ་བྱེད་སྐབས་སྤྱི་ཚོགས་ཀྱི་རྣམ་པ་དེ་བདེན་ཁ་མི་འཆོར་བའི་ངང་ནས་མ་བྲིས་པ་ན། གལ་སྲིད་དུས་སྐབས་ངེས་ཅན་ཞིག་གི་སྤྱི་ཚོགས་ཀྱི་རྣམ་པ་དང་མི་སྣའི་སྣང་བརྙན་དེ་དུས་རབས་ཀྱི་གསལ་བའི་སྒོ་ནས་མཚོན་མི་ཐུབ།

ཆིག་བརྒྱ་བཅུ་གསུམ། སྒྲུང་གཏམ་ལས་ཡུལ་གྱི་རྣམ་པ་བདེན་པར་སྟོན་དོན་ཅི།

   ལན། འཚོ་བ་དངོས་ལ་གཞིགས་ན། མི་གཤིས་ཀྱི་གཞུང་རྟ་ནི་ལྷན་སྐྱེས་སུ་གྲུབ་པ་ཡིན་པས། སྲིད་པའི་ཁྱོན་དུ་སིལ་བུར་གནས་པའི་མི་ཀུན་ལ་ཐུན་མོང་གི་མི་གཤིས་ཤིག་ལྡན་མོད། འོན་ཏེ་མིའི་ཐུན་མོང་མ་ཡིན་པའི་གཤིས་ཀ་འབའ་ཞིག་ནི་ཡུལ་གྱི་རྣམ་པ་དང་ཆ་རྐྱེན་སོགས་ལ་བརྟེན་ནས་གྲུབ་པ་མ་ཟད། མིའི་སྤྱོད་ལམ་དང་དགའ་སྤྲོ་ཆགས་སྡང་འབྱུང་བའི་ཤུགས་ཆེ་ཆུང་དེ་ཡུལ་གྱི་རྣམ་པ་དང་གནས་ཚུལ་དང་འབྲེལ་བ་དམ་པོ་ཡོད་པས། གལ་སྲིད་རྩོམ་པ་པོས་སྒྲུང་གཏམ་ཀྱི་བྱུང་རིམ་ལ་བདེན་ཁ་མི་འཆོར་བའི་སྒོ་ནས་མདུན་ལ་འདེད་པ་དང་། མི་སྣའི་སྣང་བརྙན་བདེན་ཁ་མི་འཆོར་ངང་ནས་གསར་སློང་བྱེད་པར་འདོད་ན། ཁོར་ཡུག་བཀོད་འབྲི་བྱེད་སྐབས་ཡུལ་གྱི་རྣམ་པ་བདེན་པར་སྟོན་པར་མི་འབད་ཀ་མེད་ཡིན།

ཆིག་བརྒྱ་བཅུ་བཞི། སྒྲུང་གཏམ་ལས་འཚོ་བའི་ཁྱད་ཆོས་བདེན་པར་སྟོན་དོན་ཅི།

   ལན། སྒྲུང་གཏམ་ལས་སྤྱི་ཚོགས་ཁོར་ཡུག་བཀོད་འབྲི་བྱེད་སྐབས། སྐབས་རེར་བརྗོད་བྱའི་ཁྱད་ཆོས་དང་བསྟུན་ནས་མི་རྣམས་ཀྱི་འཚོ་རོལ་སྟངས་བརྗོད་དགོས་བྱུང་བ་ན། རྩོམ་མཁན་གྱིས་འཚོ་བ་རོལ་སྟངས་ཐད་ཀྱི་ཁྱད་ཆོས་དམིགས་སུ་བཟུང་སྟེ་དུས་སྐབས་ཤིག་གི་སྤྱི་ཚོགས་ཀྱི་ཆབ་སྲིད་ལམ་ལུགས་སམ། དཔལ་འབྱོར་ཆ་རྐྱེན་ནམ། མི་རྣམས་ཀྱི་ཡུལ་སྲོལ་གོམས་འདྲིས་སམ། ཆོས་ལུགས་དང་ཆབ་སྲིད་དད་མོས། དེ་མིན་མི་རྣམས་ཀྱི་བསམ་པའི་འཁྱེར་སོ་དང་འཚོ་བའི་གནས་བབ་སོགས་མི་འདྲ་མི་བའི་གནས་ཚུལ་འོག་ཏུ་མི་རྣམས་ཀྱི་འཚོ་བའི་རྣམ་པ་མི་འདྲ་བ་དེ་དམིགས་སུ་བཟུང་སྟེ་བྱུང་རིམ་མདུན་ལ་འདེད་བཞིན་ཡོད་ལ། འཚོ་བའི་ཁྱད་ཆོས་དེ་འདི་ལྟར་གཟུགས་རིས་གསལ་བའི་སྒོ་ནས་བྲིས་ན། བྱུང་རིམ་དང་མི་སྣའི་སྣང་བརྙན་ལ་རྟགས་མཚན་གསལ་བ། གཟུགས་རིས་ལྡན་པ། བདེན་ཁ་མི་འཆོར་བའི་ཁྱད་ཆོས་དེ་རང་ཤུགས་ཀྱིས་ལྡན་པར་འགྱུར་ངེས་ཡིན།

ཆིག་བརྒྱ་བཅོ་ལྔ། སྒྲུང་གཏམ་ལས་ཁོར་ཡུག་བཀོད་འབྲི་བྱེད་སྐབས།དཔེ་མཚོན་ལྡན་པའི་ཁོར་ཡུག་འཛིན་དོན་ཅི།

   ལན། ཞིབ་ཏུ་ཡང་ཡང་དཔྱད་ན། དཔེ་མཚོན་ལྡན་པའི་ཁོར་ཡུག་འཛིན་པ་ནི་སྒྲུང་གཏམ་གྱི་ཁོར་ཡུག་བཀོད་འབྲིའི་ཚད་གཞིར་གྱུར་པ་ལ་རྒྱུ་མཚན་འདི་འདྲ་ཡོད་པར་འདོད་དེ། གཅིག་ན་ཡུལ་དུས་སིལ་བུར་གཏོར་བ་ནི་སྒྲུང་གཏམ་གྱི་བྱུང་རིམ་སྒྲིག་ལུགས་ཤིག་ཡིན་པ་ན། མི་སྣའི་ཁོར་ཡུག་གི་རྣམ་པ་དང་གནས་ཚུལ་ཡོད་ཚད་ནི་བརྩམས་ཆོས་ཁྲོད་ལ་འདྲེན་ཐབས་མེད་པས། ཡིག་ཚོགས་སྐྱུང་བ་དང་སྒྲུང་གཏམ་གྱི་བརྗོད་བྱ་ཡིག་ཚོགས་ཀྱིས་མ་བསྒྲིབས་ཏེ་རྫོགས་པར་སྟོན་ཆེད། དཔེ་མཚོན་རང་བཞིན་ལྡན་པའི་ཁོར་ཡུག་གཅིག་གམ་དུ་མ་ནི་ཁོར་ཡུག་ཀུན་གྱི་དོད་དུ་མི་འདྲེན་ཀ་མེད་དུ་གྱུར། གཉིས་སུ་མི་སྣའི་འཚོ་བ་རོལ་སྟངས་དེ་དཔེ་མཚོན་རང་བཞིན་ལྡན་པའི་ཁོར་ཡུག་ཏུ་དྲངས་པ་ན། ད་གཟོད་དཔེ་མཚོན་རང་བཞིན་ལྡན་པའི་སྒོ་ནས་མཚོན་ཐུད་པ་དང་། མི་གཤིས་ངོ་མ་དེ་དཔེ་མཚོན་རང་བཞིན་ལྡན་པའི་ཁོར་ཡུག་ལ་དྲངས་པ་ན། ད་གཟོད་དགའ་སྤྲོ་ཆགས་སྡང་གི་རྣམ་པ་བརྒྱུད་ནས་ཕྱི་ལ་མངོན་ཡོང་བས། སྒྲུང་གཏམ་ལས་མི་སྣའི་སྣང་བརྙན་གསར་སློང་བྱེད་ཐུབ་པ་དང་། མི་གཤིས་སྣང་བརྙན་གསལ་བའི་སྒོ་ནས་མཚོན་ཐུབ་པར་འདོད།

ཆིག་བརྒྱ་བཅུ་དྲུག སྒྲུང་གཏམ་ལས་ཁོར་ཡུག་གི་རྣམ་པ་དེ་བདེན་ཁ་མི་འཆོར་བ་དང་དཔེ་མཚོན་རང་བཞིན་ལྡན་པའི་ངང་ནས་བཀོད་འབྲི་བྱེད་ན་ཕྱོགས་གང་དག་ལ་ཡིད་འཇོག་བྱ་དགོས།

   ལན། སྒྲུང་གཏམ་ལས་ཁོར་ཡུག་གི་རྣམ་པ་དེ་བདེན་ཁ་མི་འཆོར་བ་དང་དཔེ་མཚོན་རང་བཞིན་ལྡན་པའི་ངང་ནས་བཀོད་འབྲི་བྱེད་ན་ཡིད་འཇོག་བྱ་དགོས་པ་འདི་འདྲ་ཡོད་པར་འདོད་དེ། གཅིག རང་གིས་འབྲི་གྲབས་ཡོད་པའི་མི་སྣ་དེ་དུས་རབས་གང་ལ་གཏོགས་ན། དུས་རབས་དེ་ཉིད་ཀྱི་རྣམ་པ་དང་གནས་ཚུལ་ནི་བདེན་ཁ་མི་འཆོར་བའི་སྒོ་ནས་བཀོད་འབྲི་བྱ་དགོས་མ་ཟད། ཁོར་ཡུག་གི་རྣམ་པ་བྱེ་བྲག་པ་རྣམས་ལས་ཀུན་གྱི་ཚབ་བྱས་ཆོག་པ་དེ་བརྩམས་ཆོས་སུ་འདྲེན་དགོས། གཉིས། བདེན་ཁ་མི་འཆོར་བ་དང་དཔེ་མཚོན་རང་བཞིན་ལྡན་པའི་ཁོར་ཡུག་བཀོད་འབྲི་བྱེད་སྐབས་མི་སྣའི་སྣང་བརྙན་གསར་སློང་བྱེད་པ་དང་བྱུང་རིམ་མདུན་ལ་འདེད་པའི་དགོས་མཁོ་ཅིས་ཀྱང་བསྐང་དགོས་པ་ན། འདི་གཉིས་ཀར་མི་ཕན་པའི་ཁོར་ཡུག་གི་རྣམ་པ་ལྷག་མ་རྣམས་ནི་བརྩམས་ཆོས་སུ་འདྲེན་མི་རུང་བར་འདོད་དོ།།

ཆིག་བརྒྱ་བཅུ་བདུན། སྒྲུང་གཏམ་ལས་ཁོར་ཡུག་བཀོད་འབྲི་བྱེད་སྐབས་རྒྱས་བསྡུས་དགོས་མཁོ་དང་བསྟུན་དགོས་དོན་ཅི།

   ལན། སྒྲུང་གཏམ་གསར་རྩོམ་གྱི་དམིགས་ཡུལ་གཙོ་བོ་ནི་མི་སྣའི་སྣང་བརྙན་གསར་སློང་དང་མི་གཤིས་གསེད་འགྲོལ་བྱ་རྒྱུ་དེ་ཡིན་ཞིང་། མི་སྣའི་སྣང་བརྙན་ནི་བྱུང་རིམ་དང་བྱུང་རིམ་ཕྲ་མོར་བརྟེན་ནས་གསར་སློང་བྱ་དགོས་པ་དང་། ཁོར་ཡུག་གིས་དམིགས་ཡུལ་གཙོ་བོ་དེ་མངོན་འགྱུར་ཡོང་བར་རམ་འདེགས་བྱ་དགོས་ན། མི་སྣ་དང་བྱུང་རིམ་གཉིས་ཀ་ནི་སྒྲུང་གཏམ་གྱི་གྲུབ་ཆ་གསུམ་ལས་ཆེས་གལ་ཆེ་བར་གྱུར་པ་དང་། ཁོར་ཡུག་ནི་གྲུབ་ཆ་ཕལ་བར་གྱུར་འདུག་པས། སྒྲུང་གཏམ་གསར་རྩོམ་གྱི་ལས་འཇུག་སྐབས། རྩོམ་པ་པོས་སྒྲུང་གཏམ་གྱི་བྱུང་རིམ་མདུན་ལ་འདེད་པ་དང་མི་སྣའི་སྣང་བརྙན་ལེགས་པར་སྟོན་པ་ལ་དགོས་མཁོ་ཤིན་ཏུ་ཆེ་བའི་ཁོར་ཡུག་གི་རྣམ་པ་དང་གནས་ཚུལ་རྣམས་རྒྱས་པར་བརྗོད་པ་དང་། བྱུང་རིམ་མདུན་ལ་འདེད་པ་དང་མི་སྣའི་སྣང་བརྙན་གསར་སློང་ལ་རམ་འདེགས་ཀྱི་ནུས་པ་འདོན་ཐུབ་པའི་ཁོར་ཡུག་གི་རྣམ་པ་དང་གནས་ཚུལ་བསྡུས་ནས་བརྗོད་པ་ལས་གཞན། བརྩམས་ཆོས་ཀྱི་བརྗོད་དོན་ལེགས་པར་སྟོན་པ་ལ་ཕན་པ་ཅི་ཡང་མེད་པ་རྣམ་ནི་ཡོངས་སུ་སྤངས་ན་ལེགས་པར་འདོད།

ཆིག་བརྒྱ་བཅོ་བརྒྱད། སྒྲུང་གཏམ་ལས་ཁོར་ཡུག་བཀོད་འབྲི་བྱེད་སྐབས། རྒྱས་བསྡུས་ནི་ཕྱོགས་གང་དག་དང་བསྟུན་དགོས།

   ལན། སྒྲུང་གཏམ་ལས་ཁོར་ཡུག་བཀོད་འབྲི་བྱེད་སྐབས། རྒྱས་བསྡུས་ནི་ཕྱོགས་གཉིས་ལ་བསྟུན་དགོས་པ་འདྲ་སྟེ། གཅིག་ནི་རྩོམ་ལུས་ཀྱི་ཁྱད་ཆོས་དང་བསྟུན་པ་དང་། གཞན་ཞིག་ནི་བརྗོད་འདོད་ཀྱི་དགོས་མཁོ་དང་བསྟུན་པའོ།།

ཆིག་བརྒྱ་བཅུ་དགུ། སྒྲུང་གཏམ་ལས་ཁོར་ཡུག་བཀོད་འབྲི་བྱེད་སྐབས་རྒྱས་བསྡུས་ནི་རྩོམ་ལུས་ཀྱི་ཁྱད་ཆོས་དང་བསྟུན་དོན་ཅི།

   ལན། སྒྲུང་གཏམ་ལས་ཁོར་ཡུག་གི་རྣམ་པ་བཀོད་འབྲི་བྱེད་སྐབས། རྣམ་པ་གང་དང་གང་ཞིག་གཞི་རྒྱ་ཆེ་བ་དང་རྣམ་པ་བྱེ་བྲག་པ་མང་པོ་ཞིབ་ཅིང་ཕྲ་བའི་སྒོ་ནས་འབྲི་མིན་ནི་རྩོམ་ལུས་དང་འབྲེལ་བ་དམ་པོ་ཡོད་དེ། གལ་སྲིད་རྩོམ་པ་པོས་རྩོམ་གྲབས་ཡོད་པ་ནི་སྒྲུང་རིང་ཞིག་ཡིན་ན། ཁོར་ཡུག་གི་རྣམ་པ་ནི་གཞི་རྒྱ་ཆེ་བ། རྣམ་པ་བྱེ་བྲག་པ་རྣམས་ནི་ཞིབ་ཅིང་ཕྲ་བའི་སྒོ་ནས་བཀོད་འབྲི་བྱས་ཆོག་མོད། འོན་ཏེ་སྒྲུང་ཐུང་དང་སྒོས་སུ་སྒྲུང་གཏམ་ཡིག་བརྒྱ་མ་ལ་ཆ་མཚོན་ན། གལ་སྲིད་ཁོར་ཡུག་གི་རྣམ་པ་བྲིས་པ་རྒྱས་དྲགས་ན་ཁོར་ཡུག་གིས་མི་སྣ་དང་བྱུང་རིམ་བསྒྲིབས་ཏེ། སྒྲུང་གཏམ་ལས་མི་སྣ་འབྲི་བའི་དམིགས་ཡུལ་དེ་མངོན་པར་འགྱུར་དཀའ། དེར་བརྟེན། ཁོར་ཡུག་བཀོད་འབྲི་བྱེད་ལུགས་རྩོམ་ལུས་དང་བསྟུན་པ་ནི་གསར་རྩོམ་ཐད་ཀྱི་བླང་བྱ་གལ་འགངས་ཆེ་བ་ཞིག་ཡིན་པ་ཞེས་བརྗོད་ཆོག་པར་འདོད་དོ།།

ཆིག་བརྒྱ་ཉི་ཤུ། སྒྲུང་གཏམ་ལས་ཁོར་ཡུག་བཀོད་འབྲི་བྱེད་སྐབས་རྒྱས་བསྡུས་ནི་བརྗོད་འདོད་ཀྱི་དགོས་མཁོ་དང་དང་བསྟུན་དོན་ཅི།

   ལན། སྒྲུང་གཏམ་ལས་ཁོར་ཡུག་གི་རྣམ་པ་བཀོད་འབྲི་བྱེད་སྐབས། རྣམ་པ་གང་ཞིག་རྒྱས་པར་བརྗོད་པ་དང་། རྣམ་པ་གང་ཞིག་བསྡུས་པར་བརྗོད་པ་ནི་རྩོམ་པ་པོས་ཅི་ཞིག་བརྗོད་འདོད་ཡོད་པའི་དགོས་མཁོ་དང་བསྟུན་དགོས་ཏེ། གལ་སྲིད་རྩོམ་མཁན་གྱི་ཕྱོགས་ཞེན་དང་མོས་པ་ལྟར་འབྲི་བ་ལས་བརྗོད་པར་འདོད་པའི་དགོས་མཁོ་དང་མ་བསྟུན་ན། སྒྲུང་གཏམ་ལ་སྒྲིག་གཞི་དོ་མི་མཉམ་པ་དང་། བརྗོད་དོན་ལེགས་པར་སྟོན་པ་ལ་མཁོ་བ་མེད་པའི་གཏམ་ལྷག་དྲངས་ཏེ་བྱུང་རིམ་དང་མི་སྣའི་སྣང་བརྙན་བསྒྲིབས་པའི་ཉེན་ཁ་འབྱུང་སྲིད། སྒྲུང་གཏམ་པ་རྣམས་ཀྱིས་སྒྲུང་གཏམ་གསར་རྩོམ་བྱེད་སྐབས། ཁོར་ཡུག་གི་རྣམ་པ་གང་ཞིག་བརྗོད་པར་འདོད་པའི་དགོས་མཁོ་ལྟར་བཀོད་འབྲི་བྱེད་པར་ཡིད་འཇོག་ཆེན་པོ་བྱེད་བཞིན་ཡོད་དེ། ཁོ་བོའི་སྒྲུང་གཏམ་ལས་མུ་འབྲེལ་སྒྲུང་ཐུང་ཡིག་བརྒྱ་མ《སྒྲོལ་མ་ཉེར་གཅིག》གི་གཉིས་པ་སྟེ《མཁའ་མཐའི་ཉི་མ》ལས་ཉི་མ་ནུབ་ཕྱོགས་ཀྱི་མཁའ་མཐའ་ན་མར་ལྷུང་བཞིན་ཡོད་པའི་རྣམ་པ་བྲིས་པ་དང་།《སྒྲོལ་མ་ཉེར་གཅིག》གི་བཅོ་ལྔ་པ་སྟེ《རྨ་ཆུ།   འདི་ནས་རྒྱང་ལ་འཐེན》ལས་འཕྲུལ་སྣང་ཁྲོད་ཀྱི་རྨ་ཆུའི་རྦ་རླབས་ཀྱི་རྣམ་པ་བྲིས་པ་ནི་མི་སྣའི་ལས་དབང་དང་མི་སྣའི་སེམས་ཁམས་མཚོན་པའི་དགོས་མཁོ་དང་བསྟུན་པ་ལས་མ་འདས་སོ།།

  • ལེ་ཚན་སྔོན་མ།:སྒྲུང་གཏམ་གསར་རྩོམ་ཐད་ཀྱི་དྲི་བ་དྲིས་ལན་སྐལ་ལྡན་ཡིད་ཀྱི་མུན་སེལ།༼༣༽
  • ལེ་ཚན་རྗེས་མ།:སྒྲུང་གཏམ་གསར་རྩོམ་ཐད་ཀྱི་དྲི་བ་དྲིས་ལན་སྐལ་ལྡན་ཡིད་ཀྱི་མུན་སེལ།༼༥༽
  • དོ་སྣང་ཆེ་བའི་རྩོམ།